ཡུལ་མི་རྣམས་ཕྱུག་པོར་འགྱུར་ཐུབ་པ་དེ་ལག་རྩལ་ཡག་ཤོས་ཤིག་ཡིན།
2024.01.23 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 4

 མཚོ་འཕང་སྨི4400ལྷག་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དུ་སུང་རིན་ཏེ་དང་ལས་རོགས་ཚོས་འབྲི་གཡག་ཚང་མའི་ཆེ་ཆུང་དང་ལྕི་ཚད་འཇལ་བ་སོགས་ཀྱི་ལས་ཀ་ཧུར་ཐག་གིས་སྒྲུབ་བཞིན་མཆིས།

སུང་རིན་ཏེ་ནི་ཡུས་ཧྲུའུ་ཁུལ་ཕྱུགས་ཟོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་དང་རྒྱལ་ཁབ་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་ཡུས་ཧྲུའུ་ཕྱོགས་བསྡུས་ཚོད་ལྟའི་ས་ཚིགས་ཀྱི་འགོ་གཙོ་ཡིན་ཞིང་། ད་ལོ་ནི་ཁོས་ཡུས་ཧྲུའུ་རུ་གཞི་ཚུགས་ནས་བྱ་བ་སྒྲུབ་པའི་ལོ་སོ་བརྒྱད་འགོར་བའི་ལོ་ཡིན།  སློབ་ཆེན་མཐར་ཕྱིན་རྗེས་སློབ་གྲྭར་བྱ་བ་སྒྲུབ་པའི་གོ་སྐབས་བསྐྱུར་ཞིང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་རྗེས་སློབ་ཆེན་དང་ཚན་ཞིབ་སྒྲིག་གཞིའི་གདན་ཞུ་དང་ལེན་མ་བྱས་པར་བློ་ཐག་ཆོད་པོས་ཡུས་ཧྲུའུ་རུ་ལོག་པ་རེད།  ཁོས་བཤད་རྒྱུར། “ངས་ཡུལ་མི་ཚོས་བླུགས་པའི་ཇ་ཚ་པོ་འཐུང་ཐེངས་རེ་དང་ས་མཐོའི་འགྲོ་ལམ་དུ་སྐྱོད་ཐེངས་རེར།  ཡུལ་ལུང་འདིར་རིམ་བཞིན་འཕོ་འགྱུར་ཡག་པོ་བྱུང་བ་མཐོང་སྐབས། རང་ཉིད་དང་ཡུལ་མི་ཚོའི་བར་གྱི་བརྩེ་སེམས་སྤྱིར་བཏང་མིན་པ་དེ་ཚོར་བྱུང་ཟེར།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཧན་ཐའེ་སྡེ་བ་ནི་སུང་རིན་ཏེ་ཡི་ཕ་ཡུལ་ཡིན་ཞིང་།   ཁོ་ལ་མིང་སྲིང་བདུན་ཡོད་པ་དང་། དུས་རབས་སྔོན་མའི་ལོ་རབས70པར་ལོ་ན་ཆུང་བའི་སུང་རིན་ཏེས་འུར་རྡོ་བཟུང་ནས་ཐོན་སྐྱེད་རུ་ཁག་གི་ཕྱུགས་ཟོག་འཚོ་འགོ་བརྩམས།  དེ་ལ་བརྟེན་ནས་སུང་རིན་ཏེ་ཕྱུགས་ལས་ཆེད་ལས་ལ་བརྩེ་དུང་ཟབ་མོ་ཆགས།  མཐོ་རྒྱུགས་ཀྱི་རེ་འདུན་ཐོ་འགོད་བྱེད་སྐབས་ཀྱང་སུང་རིན་ཏེས་མཚོ་སྔོན་ཕྱུགས་ལས་སློབ་གླིང་བདམས་པ་རེད། 1986ལོའི་ཟླ7པར་སུང་རིན་ཏེས་སློབ་གྲྭར་དགེ་རྒན་བྱེད་པའི་གོ་སྐབས་དོར་ནས་སྤྱི་ལེ་སྟོང་གི་སར་ཡོད་པའི་ཡུས་ཧྲུའུ་རུ་བྱ་བ་སྒྲུབ་པར་བསྐྱོད་པ་རེད།

སུང་རིན་ཏེས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར།  “ཉེ་འཁོར་ནི་མི་མེད་ལུང་སྟོང་གི་རི་ཚོགས་དང་བགྲོད་ལམ་ནི་ཁོད་མི་སྙོམས་པ་ཞིག་ཡིན་པ་མ་ཟད། ཁང་རྙིང་དང་ཐར་ཐོར་དུ་སྐྱེས་པའི་སྡོང་པོ་ནི་སྐབས་དེའི་ཡུས་ཧྲུའུ་ཡི་ཁྲོམ་གཞུང་ཡིན་ལ་ཆ་རྐྱེན་ཧ་ཅང་ཞན་པ་རེད།   སྐབས་དེར་རྒྱལ་ཁབ་ཀྱིས་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་བརྟག་དཔྱད་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ས་ཁོངས་དབྱེ་འབྱེད་ལས་དོན་ཐེངས་དང་པོ་སྤེལ་བཞིན་ཡོད་ཅིང་། ངས་སྔོན་ལ་རྫ་སྟོད་རྫོང་དང་གཞོགས་འདེགས་བྱས་ཏེ་ས་ཁོངས་དབྱེ་འབྱེད་ཀྱི་ནང་ཁུལ་ལས་དོན་བསྒྲུབས་པ་ཡིན། ལོ་གཉིས་པར་ཆུ་དམར་ལེབ་རྫོང་གི་ཕྱུགས་ལས་ཐོན་ཁུངས་བརྟག་དཔྱད་དང་ས་ཁོངས་དབྱེ་འབྱེད་ཀྱི་ཕྱུགས་ལས་ཐོན་སྐྱེད་ཀྱི་ངོ་བོར་ཚད་འཇལ་གཏན་འཁེལ་དང་སྙན་ཞུ་འབྲི་བ་སོགས་ཀྱི་ལས་འགན་ཁུར་བ་ཡིན་ཟེར།

1995ལོའི་དབྱར་ཁའི་ཞོགས་པ་ཞིག་ལ། གཞི་རིམ་དུ་སྐྱོད་པའི་སུང་རིན་ཏེ་ལ་བརྡ་ཐོ་ཞིག་འབྱོར། ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་འགྲོ་བའི་རྣམ་གྲངས་ལ་མི་བསྡུ་བཞིན་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་མི་དོན་ཐིན་གྱི་ལས་བྱེད་པས་སུང་རིན་ཏེ་ཡིས་ཕྱི་རྒྱལ་གྱི་སྐད་ཡིག་ཤེས་པས་ཁོ་ལ་འབྲེལ་གཏུག་བྱས།

སྐབས་དེར་སུང་རིན་ཏེ་ཡིས་ཡུས་ཧྲུའུ་རུ་བྱ་བ་སྒྲུབ་ནས་ལོ11འགོར་བ་དང་བྱ་བའི་ཉམས་མྱོང་མི་ཉུང་བ་ཞིག་བསགས་ཡོད། འོན་ཀྱང་དཀའ་གནད་མི་ཉུང་བ་ཞིག་ཀྱང་ཡོད་པ་སྟེ། དཔེར་ན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པར་གསོ་སྤེལ་ཇི་ལྟར་བྱེད་དགོས་པ་ལྟ་བུ་སོགས་རེད།

ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་བསྐྱོད་རྗེས།  སུང་རིན་ཏེ་ཡིས་སྔོན་ཐོན་གྱི་ཕྱུགས་ར་དང་སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་མཐོང་བར་བརྟེན།  ཁོས་ངེས་པར་དུ་སྔོན་ཐོན་གྱི་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་རྒྱུའི་སེམས་ཐག་བཅད།

ལོ་གཅིག་གི་ཟབ་སྦྱོང་དུས་ཡུན་ལོངས་རྗེས། ཁོས་མུ་མཐུད་དུ་རབ་འབྱམས་ནས་འབུམ་རམས་པའི་རྒྱུགས་སྤྲད་དེ་མཐར་འབུམ་རམས་པའི་བསླབ་གནས་ཐོབ།  སློབ་གྲྭའི་སློབ་དཔོན་གྱིས་སུང་རིན་ཏེ་ལ་སློབ་གྲྭར་བསྡད་ནས་མུ་མཐུད་དུ་དགེ་རྒན་བྱེད་པའི་གདན་ཞུའི་ཡི་གེ་བཏང་མོད། འོན་ཀྱང་སུང་རིན་ཏེས་ངའི་ཞིབ་འཇུག་ཁྱབ་ཁོངས་དེ་གཙོ་བོ་མདོ་དབུས་མཐོ་སྒང་ཡིན་པས་ངེས་པར་དུ་ཕ་ཡུལ་ལ་ལོག་དགོས་ཞེས་བཤད།

ལོ་ངོ་དུ་མའི་རིང་ལ། སུང་རིན་ཏེས་ཚོགས་པའི་སྣེ་ཁྲིད་དེ་ཡུས་ཧྲུའུ་རུ་རྒྱལ་ཁབ་ཀྱི་འབྲི་གཡག་ཐོན་ལས་ལག་རྩལ་མ་ལག་གི་དཔེ་སྟོན་རྟེན་གཞི18བཙུགས་པ་དང་། ཁོའི་ཞིབ་འཇུག་གྲུབ་འབྲས་ལས་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས། རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་།  ཡུལ་དངོས་ཀྱི་དཔེ་སྟོན།  རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་ལས་ལག་རྩལ་གྱི་ཞབས་འདེགས་ཞུས་ཤིང་།  སུང་རིན་ཏེ་དང་ཚོགས་པས་འབྲོག་པ་ཁྲི་ལྷག་གི་གསོ་སྤེལ་བྱེད་སྟངས་བསྒྱུར་བ་དང་གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་བཏང་ནས། འབྲོག་པ་མང་ཚོགས་ལ་དེང་རབས་ཕྱུགས་ལས་ཀྱི་ཚན་རྩལ་གསར་པ་ལས་བྱུང་བའི་འགྱུར་ལྡོག་བཟང་པོ་དངོས་སུ་ཚོར་ཐུབ་པ་བྱས།

སུང་རིན་ཏེས་བཤད་རྒྱུར། རྩྭ་ཐང་དང་ནོར་ལུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་ཡིན་པས།  ང་ཚོས་སེམས་ཤུགས་ཡོད་རྒུ་མ་བཏོན་ན་ག་ལ་འགྲིག ཡུལ་མི་རྣམས་ཕྱུག་པོར་འགྱུར་ཐུབ་པ་དེ་ལག་རྩལ་ཡག་ཤོས་ཤིག་ཡིན་པར་འདོད་ཡོད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།