བཟོད་པ་ནི་འབྲོག་ཁུལ་བཅོས་སྐྱོང་བྱ་བའི་སྲིད་ཇུས་དྲིལ་སྒྲོག་བྱེད་མཁན་ཞིག་ཡིན།
2024.01.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 47

 ཞོགས་པའི་དུས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་རྫ་ར་སྡེ་བའི་སྲང་ལམ་དུ། མཚམས་མཚམས་སུ་རླུང་ལྡང་བའི་སྒྲ་མ་གཏོགས་ཅི་ཡང་གོ་རྒྱུ་མི་འདུག

འབྲོག་པ་བཟོད་པས་ཁ་ལག་བཀྲུས་རྗེས། འཕྲུལ་རྟར་ཞོན་ནས་ཉིན་གཅིག་གི་སྐོར་ཞིབ་བྱ་བའི་མགོ་བརྩམས། གློ་བུར་དུ་སྲང་མདོ་ནས་གྲག་ཡོང་བའི་འཕྲུལ་རྟའི་སྒྲ་ཡིས་རྫ་ར་སྡེ་བའི་སྡེ་མི་རྣམས་གཉིད་ལས་དཀྲོགས་པ་ནང་བཞིན། མི་འགའ་རེས་སྒོ་ཕྱིའི་ཁ་བ་ཕྱགས་ནས་གཙང་སྦྲ་བྱེད་བཞིན་ཡོད་ལ། མི་འགའ་ཤས་ཀྱིས་ཁྱིམ་དུ་མེ་ཁ་གསོས་ནས་ཁང་པའི་ཡང་སྟེང་ན་འཕྱོ་བཞིན་པའི་དུ་བའི་འཇའ་རིས་དེའང་ཁ་བའི་ཁྲོད་རྣམ་པ་གསར་པ་ཞིག་ཏུ་ཆགས།

“དགུན་དུས་སུ་རྩྭ་ཐང་ལ་མེ་སྐྱོན་ཤོར་བར་དོགས་ཟོན་བྱེད་པ་དང་། མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ། དེ་མིན་འབྲོག་པ་མང་ཚོགས་ལ་གཟན་རྩྭ་དང་གཟན་ཆས་གྲབས་གསོག་ཡག་པོ་བྱེད་དགོས་པར་སྐུལ་མ་གཏོང་དགོས”ཞེས་བཟོད་པས་ཉེ་དུས་ཀྱི་བྱ་བའི་སྐོར་ངོ་སྤྲོད་བྱས།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ། བཟོད་པ་ནི་རང་དོན་རྒྱབ་ཏུ་བསྐྱུར་ནས་རང་ནུས་ཡོད་ཚད་ནམ་ཡང་གཞན་དོན་ལ་བསྟིམས་པའི་མི་ཞིག་ཡིན། དེ་ནི་ཁོ་ལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཐོབ་ཐང“བཅུ་དཔོན”ཞེས་པའི་མིང་ཞིག་གནང་ཡོད་པས་ཡིན། དམིགས་བསལ་གྱི་ཐོབ་ཐང་འདིའི་རྒྱབ་ཏུ་ཁོས་ནམ་ཡང་འདོར་མ་མྱོང་བ་ནི་འགན་འཁྲི་ཡིན་ལ། འགན་འཁྲི་དེ་ལེགས་འགྲུབ་བྱ་ཆེད་ཉིན་དང་མཚན་མཐུད་ནས་ཤ་འབད་རུས་འབད་བྱེད་བཞིན་ཡོད།

2015ལོ་ནས་བཟུང་། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གིས་རྫོང་ཡོངས་ཀྱི་མངའ་ཁོངས་ནང་། སྲིད་འཛིན་སྡེ་བ22ཡོད་པ་ཐག་ཉེའི་ཡུག་སྦྲེལ་གྱི་རྩ་དོན་གཞིར་བཟུང་ནས། འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པའི་ཁྱིམ་ཚང10ཡས་མས་ཁྱིམ་ཁུལ་གཅིག་ལྟར་དབྱེ་བ་དང་།  ཁྱིམ་ཁུལ་གཅིག་ལ“བཅུ་དཔོན”གཅིག་རེ་བསྐོས་ཏེ་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་འགན་འཁུར་གྱིན་ཡོད་པ་རེད།

དེང་སྐབས། རྫོང་ཡོངས་སུ་བཟོད་པ་དང་འདྲ་བའི“བཅུ་དཔོན”591ཡོད་པ་དེ་དག་རི་བོ་མཐོན་པོ་དང་མུ་མཐའ་མེད་པའི་རྩྭ་ཐང་དུ་སོང་ནས། འབྲོག་ཁུལ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་བསལ་ཏེ་གཅིག་སྒྲིལ་རྩྭ་ཐང་གི་བཅོས་སྐྱོང་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

བཟོད་པ་འཕྲུལ་རྟར་ཞོན་ནས་ལམ་ལ་མ་ཆས་པའི་སྔོན་ལ། ནམ་རྒྱུན་གོམས་ལོབས་སུ་སོང་ཡོད་པ་ནི་འཕྲུལ་རྟའི་རྗེས་ཀྱི་སྒམ་ཆུང་ཁ་ཕྱེས་ནས་སྨྱུ་གུ་དང་། བསྐྱར་དུ་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱེད་པའི་ཟིན་བྲིས་དེབ། དེ་མིན་ནགས་སྲུང་ཉིན་ཐོ་འབྲི་དེབ། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་ལག་དེབ་སོགས་ཡོད་མེད་ལ་ཞིབ་བཤེར་བྱེད་རྒྱུ་དེ་རེད། བལྟས་ཚོད་ཀྱིས་མིག་ལ་རན་པོ་མེད་པའི་དངོས་པོ་དེ་དག་ནི་ཁོར་མཚོན་ན་སྐོར་ཞིབ་བྱེད་དུས་ཆེས་མཁོ་གལ་ཆེ་བའི་དངོས་པོ་དག་རེད།

“གལ་ཏེ་འབྲི་དེབ་ཅིག་འཁྱེར་རྒྱུ་བརྗེད་སོང་བ་ཡིན་ན། ཕྱིར་ཡོང་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་མིན”ཞེས་བཟོད་པས་དེ་ལྟར་བཤད་རྗེས། འཕྲུལ་རྟར་ཞོན་ནས་ལམ་ལ་ཆས་སོང་།

རྫ་ར་སྡེ་བ་ནི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཕྱུགས་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་རེད། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་། འབྲོག་ཁྱིམ་གྱི་རྩྭ་ས་དང་སྡེ་བའི་བར་ཐག་རིང་ཤོས་སྤྱི་ལེ་བཅུ་ལྷག་གི་མཚམས་དང་། བར་ཐག་ཐུང་ཤོས་ཀྱང་སྤྱི་ལེ་ཁ་ཤས་ཙམ་གྱི་མཚམས་སུ་ཡོད་པས། བཟོད་པ་འབྲོག་པ་མང་ཚོགས་ཀྱི་སྒོ་ཁར་སོང་ནས་འབྲོག་མིར་འཚམས་འདྲི་བྱེད་ཆེད། ནམ་ཡང་ཁོངས་གཏོགས་ས་ཁུལ་གྱི་རི་ཁུལ་དང་གྲོག་རོང་། རྩྭ་ཐང་དང་ནགས་ཚལ་དུ་འགྲོ་དགོས།

རི་བོ་མཐོ་ལ་གྲོག་རོང་མང་ཞིང་། རྩྭ་སའི་རྒྱ་ཁྱོན་ཆེ་བ། འབྲོག་ཁྱིམ་ཁ་ཐོར་དུ་གནས་པ་བཅས་ནི་གཅིག་སྒྲིལ་རྫོང་གི་སྡེ་བ་སོ་སོའི་ཡོངས་ཁྱབ་ཀྱི་གནས་སྟངས་ཤིག་རེད། གཅིག་སྒྲིལ་རྫོང་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8757ལྷག་ཟིན་པ་དང་། ཆ་སྙོམས་ཀྱི་མཚོ་འཕང་ལ་སྨི4000ལས་བརྒལ་ཞིང་། རྫོང་མཁར་དང་བར་ཐག་ཆེས་རིང་བའི་ཡུལ་ཚོ་སྲིད་གཞུང་གི་བར་ལ་སྤྱི་ལེ100ལྷག་ཙམ་ཡོད་ལ། ཡུལ་ཚོ་སྲིད་གཞུང་དང་སྡེ་བའི་བར་ཐག་ཆེས་རིང་བའི་བར་ལ་སྤྱི་ལེ60ཡོད།

དམིགས་བསལ་གྱི་ས་བབ་གནས་ཡུལ་དང་། མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པས་གཅིག་སྒྲིལ་རྫོང་གི་གྲོང་གསེབ་བཅོས་སྐྱོང་ཐད་གནད་དོན་མང་པོར་འཕྲད་ཀྱིན་ཡོད།

རྫ་ར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མྱོང་བའི་བཟོད་པ་དེའི་ཐད་ལ་མྱོང་ཚོར་ཟབ་མོ་ཡོད་པ་རེད།  ཁོས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་སྡེ་བར་འགྲོ་དགོས་ཚེ་ཉིན་ཕྱེད་ཙམ་གྱི་དུས་ཚོད་དགོས་པས། དུས་ཐོག་ཏུ་མང་ཚོགས་ལ་སྲིད་ཇུས་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་དང་། མང་ཚོགས་ཀྱི་རེ་འདུན་ཁོང་དུ་ཆུད་པ། འགལ་བ་འདུམ་འགྲིག་བཅས་བྱེད་རྒྱུ་དཀའ་མོ་རེད་ཟེར།

རྫོང་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་བྱ་བའི་དཀའ་གནད་ཐག་གཅོད་བྱེད་ཆེད། 2015ལོར་གཅིག་སྒྲིལ་རྫོང་ཏང་ཨུས་སྡེ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་སོགས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས“བཅུ་དཔོན”བྱ་བའི་དཔེ་དབྱིབས་རྣམ་པ་གསར་གཏོད་བྱས་པ་རེད། ཐག་ཉེ་ཡུག་སྦྲེལ་དང་བྱ་བར་སྟབས་བདེ་བསྐྲུན་པའི་རྩ་དོན་གཞིར་བཟུང་ནས། སྡེ་བ་སོ་སོར་འགན་འཁྲི་འཁུར་སེམས་དང་། སྡེ་བར་ཁས་ལེན་ཐོབ་པ། ཆ་འཕྲིན་སྣ་ཚོགས་བརྒྱུད་སྒྲོག་ཡང་དག་བྱེད་ཐུབ་པ་བཅས་ཀྱི་ལས་འཁྱུར་ལས་བྱེད་པ་དང་།  ནགས་སྲུང་པ།  འབྲོག་པ་མང་ཚོགས་སོགས་བདམས་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་གཞོགས་འདེགས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལེགས་པོར་སྤེལ་བ་རེད།

2021ལོར།  སྡེ་མིའི་ཚོགས་ཆེན་ཐོག་བཟོད་པ་སྡེ་བའི“བཅུ་དཔོན”གྱི་གྲས་སུ་བདམས་པ་རེད། ཉིན་ལྟར་ཁོངས་གཏོགས་ས་ཁུལ་གྱི་ནགས་རིར་སྐོར་ཞིབ་བྱེད་པ་ལས་གཞན། ཁོས་ད་དུང་ཡུག་སྦྲེལ་ས་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ནས་འབྲོག་པའི་འཚོ་བའི་དཀའ་ཁག་སེལ་རོགས་བྱེད་བཞིན་ཡོད།

2023ལོའི་ཟླ6པར། བཟོད་པས་འགན་འཁུར་བཞིན་པའི་ཁོངས་གཏོགས་ས་ཁུལ་གྱི་འབྲོག་པའི་མཉམ་ལས་ཁང་གི་མི་ཞིག་གི་རྐང་པ་གཡོན་པ་སྐྲངས་ནས་བཅོས་ཐབས་མེད་པར་རྐང་པའི་ཡན་ལག་གཅོད་དགོས་པའི་བརྡ་ཐོན་སོང་། ཁོས་གནས་ཚུལ་དེ་ཤེས་རྗེས་འཕྲལ་དུ་མ་མཐའི་འཚོ་བའི་འགན་སྲུང་གི་འགྲོ་ལུགས་བསྒྲུབས་པ་དང་། བསྐྱར་དུ་དབུལ་བོར་འགྱུར་བར་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱིམ་ཚང་ཁྲོད་བཞག་ནས་རོགས་སྐྱོར་བྱས་པ་རེད།

བཟོད་པས་བཤད་རྒྱུར། “ངས་རང་གིས་འགན་འཁུར་བཞིན་པའི་ཁྱིམ་ཚང10ཡི་ཁྱིམ་གྱི་གནས་ཚུལ་དང་། ལོ་ལོན་གྱི་ལུས་པོའི་གནས་ཚུལ། ཁྱིམ་གྱི་ནོར་ལུག་བཤས་གཏོང་ཚད་སོགས་ཀྱི་ཆ་འཕྲིན་ངེས་པར་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་དགོས། ཚང་མར་དཀའ་ཁག་ཡོད་ཚེ་རོགས་རམ་བྱེད་ཐུབ་པའི་རིགས་འཕྲལ་མར་བསྒྲུབ་དགོས་པ་དང་། རང་ཉིད་ཀྱིས་ལྟ་རྟོག་བྱེད་མ་ཐུབ་ཚེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་དུས་ཐོག་ཏུ་ཡར་ཞུ་འབུལ་དགོས་ཟེར།

བཅུ་དཔོན་དག་གིས་དོན་དག་མི་ཉུང་བ་ཞིག་ཐག་གཅོད་བྱེད་བཞིན་ཡོད། ཁོ་ཚོ་ཡོད་པས་འབྲོག་པ་མང་ཚོགས་ལ་བྱ་བ་བསྒྲུབ་པའི་དུས་ཚོད་མང་པོ་ཞིག་དམ་འཛིན་བྱས་ཡོད་པར་མ་ཟད། བྱ་བའི་ཕན་འབྲས་སྔར་ལས་མཐོ་ཞིང་། སྲིད་ཇུས་ཀྱང་དུས་ལྟར་བརྒྱུད་སྒྲོག་བྱེད་ཐུབ་ཀྱིན་ཡོད”ཅེས་སོག་རུ་མ་ཡུལ་ཚོ་ཏང་ཨུའི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།

ཁ་བ་ཆེན་པོ་བབས་ནས་མཐོང་ལམ་རབ་རིབ་ཏུ་གྱུར་པ་དང་། མིག་གིས་མཐོང་ཚད་སྨི་འགའ་ལས་མེད་ཀྱང་། བཟོད་པའི་མདུན་སྐྱོད་ཀྱི་གོམ་ཁར་ནམ་ཡང་ལྷོད་པ་མེད་པར་ཁྱིམ་ཁ་རེ་རེར་དལ་གྱིས་བསྒྱུར་བཞིན་འདུག །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།