ནོར་བུ་བསམ་འགྲུབ་ཀྱི་ལས་སྐྲུན་ཉམས་མྱོང་།
2024.03.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཁྱིམ་ཚང་མགྲོན་ཁང་གི་ཚོམས་ཆེན་གྱི་ཟུར་ཞིག

ནོར་བུ་བསམ་འགྲུབ་ཀྱིས་ཚོང་ཁང་ནང་གི་རྒྱན་ཆ་ལེགས་སྒྲིག་བྱེད་བཞིན་པ།

དྲོད་ལྡན་བག་ཡངས་ཀྱི་འགྲུལ་ཁང་།

ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་བསྐྱོད་པ་ན། དམར་མདངས་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་ལ། སྡེ་བའི་སྲང་ལམ་ཧ་ཅང་གྲལ་དག་པ་ཞིག་ཡིན་པ་དང་།  ཁྱིམ་ཚང་ཚང་མས་ཁྱིམ་དུ་གློག་འོད་རྣམ་པར་འཚེར་ཞིང་། མཁའ་དབུགས་ཀྱི་ཁྲོད་དུ་འོ་ཇའི་དྲི་བསུང་ལྷོད་ཀྱིས་ལྡང་བ་དེས་འབྲི་ཆུའི་མགོ་ཁུངས་ཀྱི་སྡེ་མིའི་འཚོ་བའི་བདེ་སྐྱིད་ལྡན་པ་མཚོན་ཡོད།

“ཡུལ་སྐོར་གྱི་དུས་ཚིགས་གཙོ་བོར་སླེབས་དུས་ངེད་ཚང་གི་ཚོང་ཧ་ཅང་བཟང་། འོན་ཀྱང་ཡུལ་སྐོར་དུས་ཚིགས་གཙོ་བོ་ཚར་རྗེས་མགྲོན་པོ་ཇེ་ཉུང་དུ་གྱུར་ཡོད་པས། ལོ་གསར་གྱི་རྗེས་སུ་མགྲོན་པོ་འགུག་པར་ཐབས་ཞིག་འཐེན་དགོས།”འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་བརྩེགས་གཉིས་པའི་གཞུང་ལས་ཁང་དུ་སོང་ཚེ། སྡེ་མི་ནོར་བུ་བསམ་འགྲུབ་དང་སྡེ་སྡོད་ལས་བྱེད་རུ་མི་ཀྲིན་ཏི་བེ་གཉིས་ཀྱིས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་སུ་གཏོང་རྒྱུར་གྲོས་མོལ་བྱེད་བཞིན་འདུག ལག་གི་འུར་ཆ་བཞག་ནས་ད་སྐབས་སྦྱིན་བདག་ཡིན་པའི་བོད་རིགས་སྟག་ཤར་དེའི་རང་ཚང་གི་ཚོང་ལས་འཕེལ་རྒྱས་འགྲོ་བའི་ཐད་སྔར་ལས་དོ་སྣང་བྱེད་ཀྱིན་འདུག

ནོར་བུ་བསམ་འགྲུབ་ཀྱི་གདན་འདྲེན་འོག གསར་འགོད་པ་སྡེ་བའི་བགྲོད་ལམ་དེད་ནས་ཁོ་ཚང་གི་ཁྱིམ་ཚང་མགྲོན་ཁང་“བཙན་པོའི་གཞིས་ཀ”རུ་བསྐྱོད། མིག་ལམ་དུ་འཆར་བ་ནི་ཚོམས་ཆེན་གྱི་གྱང་ངོས་སུ་བརྐོས་པའི་སྤུས་དག་ཅན་གྱི་ཕོ་བྲང་པོ་ཏ་ལའི་འདྲ་པར་དེ་རེད། མདུན་སྟེགས་ནས་ཚོམས་ཆེན་བར་དུ། སྲོལ་རྒྱུན་གྱི་བོད་བཟོའི་གོས་ཆེན་དང་། མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་གི་རྒྱན་རིས། བོད་བཟོའི་ཉམས་འགྱུར་ལྡན་པའི་དཔྱངས་ཐག་དང་མཛེས་སྤྲས་བཅས་གང་སར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་འདུག

“འདིའི་ཕྱོགས་ནི་གསོལ་ཇ་བཞེས་ས་ཡིན། འདིའི་ཕྱོགས་ནི་མི་རིགས་ཀྱི་ལྭ་བ་དང་རྒྱན་གོས་ཁུལ་ཡིན། ང་ཚོས་མགྲོན་པོའི་དགོས་མཁོ་བསྐོང་ཆེད་ཁང་པའི་བཟོ་བཀོད་མི་འདྲ་བ་རིགས་ལྔ་བཀོད་བསྒྲིག་བྱས་ཡོད། ”ནོར་བུ་བསམ་འགྲུབ་ཀྱིས་སྤྲོ་སེམས་ངང་གསར་འགོད་པ་ཁྲིད་ནས་ཁང་པར་བལྟ་རུ་སོང་། ཞིབ་ཚགས་ངང་བཀོད་སྒྲིག་བྱས་པའི་ཚོམས་ཆེན་ནས་དྲོད་ལྡན་བག་ཡངས་ཀྱི་འགྲུལ་ཁང་བར་ཁོའི་སེམས་ཤུགས་མང་པོ་བཏོན་པ་ཤེས་ཐུབ།

འབྲི་ཆུའི་མགོ་ཁུངས་སྡེ་བའི་ཆེས་སྔ་བའི་ལས་རིགས་གསར་གཏོད་ཀྱི་སྣེ་ཁྲིད་མཁན་ཡིན་པའི་ཆ་ནས། ནོར་བུ་བསམ་འགྲུབ་དང་ཁོའི་ཆུང་མ་གཉིས་ཀྱིས་ལོ་འགའི་སྔོན་དུ་སྡེ་བའི་ནང་དུ་བོད་ལུགས་ཀྱི་རྒྱན་ཆའི་ཚོང་ཁང་ཞིག་ཕྱེས། རྒྱན་ཆ་དང་ལྭ་བའི་རྣམ་པ་གསར་རྐྱང་ཡིན་ལ་རིན་གོང་བདེ་བས་ས་གནས་ཀྱི་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ལོ་འདི་གཉིས་ཀྱི་རིང་། འབྲི་ཆུའི་མགོའི་ཁུངས་སྡེ་བའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཤུགས་ཆེན་པོ་བཏོན་པས། ཚོང་ལས་ཀྱི་གོ་སྐབས་ཚོར་བའི་ནོར་བུ་བསམ་འགྲུབ་ཀྱིས་ཁྱིམ་མི་ལ་གྲོས་བྱས་རྗེས། ལོ་འདི་དག་རིང་ཚོང་ལས་གཉེར་བའི་མ་དངུལ་སྒོར་འབུམ་དགུ་ལྷག་མ་རྩ་བཏང་ནས་རང་ཉིད་ཀྱི་“ལས་རིགས་གསར་གཏོད་ཐེངས་གཉིས་”པའི་མགོ་བརྩམས་པ་དང་། སྡེ་བའི་ནང་དུ་ཞག་སྡོད་དང་ཟ་ཁང་། གྱོན་ཆས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་བོད་ལུགས་ཁྱིམ་ཚང་མགྲོན་ཁང་ཞིག་ཕྱེས།

“ན་ནིང་ཟླ་དགུ་བར་ལས་མགོ་བརྩམས་པ་ནས་བཟུང་། ཟླ་གཉིས་ཀྱི་རིང་ལ་ཡོང་འབབ་སྒོར་ཁྲི་ལྔ་ལྷག་བླངས་པ་དང་། འགྲོ་གྲོན་ཕུད་རྗེས་ཁེ་སྤོགས་སྒོར་ཁྲི་གཉིས་ལྷག་ཡོད། ”གྲུབ་འབྲས་འདི་ལྟ་བུ་ཞིག་ལ་ནོར་བུ་བསམ་འགྲུབ་ཧ་ཅང་ཡིད་ཚིམས་ཡོད། གྲུབ་འབྲས་འདི་ལྟ་བུ་ཞིག་བླངས་བ་སྡེ་མི་རྣམས་ཀྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད།

ནོར་བུ་བསམ་འགྲུབ་ཀྱིས་བཤད་རྒྱུར། ཁྱིམ་ཚང་མགྲོན་ཁང་ཐོག་མར་བཙུགས་དུས་སྡེ་བའི་ལས་བྱེད་པས་ཁྱིམ་ཚང་མགྲོན་ཁང་གཉེར་བར་བློ་བཀོད་པ་འཐེན་ལ། སྡེ་བའི་ཨུ་ཡོན་ལྷན་ཁང་གིས་རོགས་བྱས་ནས་འབྲེལ་ཡོད་ཀྱི་ཚོང་གཉེར་ལག་རྟགས་དང་འགྲོ་ལུགས་སྣ་ཚོགས་བསྒྲུབ་པ་དང་། རང་ཉིད་ལ་རོགས་རམ་མི་ཉུང་བ་ཞིག་བྱས། ཁྱིམ་ཚང་མགྲོན་ཁང་ཐོག་མར་བཙུགས་དུས་མགྲོན་པོ་ཧ་ཅང་ཉུང་། དེའི་དོན་ལ་སེམས་ཁྲལ་བྱེད་སྐབས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིས་ཧུར་ཐག་ངང་ཁྱིམ་མི་དང་གྲོགས་པོ་བཅས་ལ་དྲིལ་སྒྲོག་བྱས་པ་དང་། ཕྱོགས་བཞི་མཚམས་བརྒྱད་དུ་མིང་བྱང་དྲིལ་བསྒྲགས་བྱས། དེ་ནས་རིམ་བཞིན་ཁྱིམ་ཚང་མགྲོན་ཁང་གི་མིང་གྲགས་ཚད་ཇེ་མཐོར་སོང་བ་དང་། ཚོང་གཉེར་གོ་རིམ་ཁྲོད་ཁོ་དང་ཁོའི་ཆུང་མའི་རང་ཉིད་ཀྱི་ནུས་པ་ལྟར་མགྲོན་པོ་ལ་འོ་ཇ་དང་ཇ་མངར་མོ། རྩམ་པ་སོགས་བོད་ཟས་གྲ་སྒྲིག་བྱས། འོན་ཀྱང་མགྲོན་པོས་ཟས་སྣ་ཉུང་འདུག་ཞེས་བསམ་འཆར་བཤད་པས། ནོར་བུ་བསམ་འགྲུབ་ཀྱིས་སྡེ་སྡོད་ལས་བྱེད་པའི་བསམ་འཆར་དང་ལེན་བྱས་ནས་རྒྱ་རིགས་ཇ་མ་གདན་འདྲེན་བྱས་ཏེ་བྲོ་བ་མི་འདྲ་བའི་ཟས་སྣ་མང་པོ་བཀོད་སྒྲིག་བྱས་པས། མགྲོན་པོའི་གཟེངས་བསྟོད་ཐོབ་ལ། ཁྱིམ་ཚང་མགྲོན་ཁང་གི་ཚོང་ལས་ཡང་ཉིན་རེ་བཞིན་འཕེལ་རྒྱས་སུ་སོང་།

“ཚང་མའི་རོགས་སྐྱོར་འོག་ང་དང་ངའི་ཁྱིམ་མི་རྣམས་ཀྱིས་ཐུན་མོང་གི་དྲོད་འཁོལ་ཚོར་བྱུང་། ”ནོར་བུ་བསམ་འགྲུབ་ཀྱིས་བཤད་རྒྱུར། རང་ཚང་གི་ཚོང་ལས་ལ་སྡེ་བའི་རོགས་སྐྱོར་ཐོབ་པ་མ་ཟད། ན་ནིང་ཟླ་བརྒྱད་པར་བུ་ཆེ་བ་སྟོབས་མགོན་རྒྱལ་སྡེ་སྡོད་ལས་བྱེད་མི་སྣའི་རོགས་སྐྱོར་འོག དྲ་ཐོགས་ལས་འཚོལ་གདན་ཞུའི་ལས་སྟེགས་ལ་བརྟེན་ནས་གཏེར་ཆུ་ཀུང་ཟི་ཞིག་ཏུ་བྱ་བ་རེག་པ་དང་། ཟླ་རེའི་གླ་ཕོགས་སྒོར་སྟོང་ལྔ་ལྷག་ཡོད། ཁྱིམ་ཚང་གང་བོའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ཟེར།

“ནོར་བུ་བསམ་འགྲུབ་དང་འདྲ་བར་འཕེལ་རྒྱས་སུ་སོང་བའི་སྡེ་མི་མང་པོ་ཞིག་ཡོད་ལ། ཚང་མའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད།”སྡེ་སྡོད་ལས་བྱེད་མི་སྣ་ཀྲིན་ཏི་བེ་ཡིས་བཤད་རྒྱུར། ལོ་འདི་འགའི་རིང་སྲིད་གཞུང་གིས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྡེ་བའི་ལས་རིགས་གསར་གཏོད་བྱེད་པར་སྐུལ་སློང་བྱས། ལྷག་པར་དུ་ན་གཞོན་རྣམས་ལ་མཚོན་ན་བོད་ཟས་ཁང་དང་བོད་ཀྱི་ཇ་ཁང་། ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་། ལག་ཤེས་འཁེལ་འཐག་བཟོ་གྲྭ་སོགས་ཕྱེས་ནས། མཐའ་སྐོར་གྱི་སྡེ་མི་རྣམས་ཐུན་མོང་ཕྱུག་འགྱུར་འབྱུང་བར་སྐུལ་སློང་བྱས།

“ན་ནིང་། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ས་ཡ་ལས་བརྒལ་ཡོད་པ་དང་། སྡེ་བའི་ཁྱིམ་ཚང་ཚང་མར་ཡོང་སྒོ་བགོ་བཤའ་བརྒྱབ་པས་ཚང་མ་ཧ་ཅང་དགའ་ཡོད། ལོ་གསར་གྱི་རྗེས་སུ། སྡེ་བའི་སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་ཐོན་ལས་དམ་འཛིན་བྱས་ཏེ། ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཛུགས་སྐྲུན་བྱས་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་འཐེན་ཡོད”ཅེས་ལོ་གསར་བའི་འཆར་གཞི་གླེང་དུས་ཀྲིན་ཏི་བེ་ཡིད་ཆེས་ཀྱིས་ཁེངས་ཡོད།

ནོར་བུ་བསམ་འགྲུབ་ཀྱིས་བཤད་རྒྱུར། “ལོ་སར་རྗེས། ངས་གཟིགས་སྐྱོང་བྱ་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། གླུ་གར་འཁྲབ་སྟོན་སྤྲོ་ཚོགས་བསྡུས་ནས། མགྲོན་པོ་གསར་རྙིང་གི་ཡིད་དབང་འགུག་པ་དང་ཁྱིམ་ཚང་མགྲོན་ཁང་དུ་འཛད་སྤྱོད་བྱེད་དུ་འཇུག་པའི་གྲ་སྒྲིག་ཡོད་ལ། ནམ་ཟླ་ཇེ་དྲོད་དུ་སོང་རྗེས་མགྲོན་པོ་ཇེ་མང་ནས་ཇེ་མང་དང་ཚོང་ལས་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ངེས་རེད་ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་པད་མ་ནོར་བུ།