ཨ་བ་ཚེ་རིང་ནི་འབྲོག་ཁུལ་བཅོས་སྐྱོང་བྱ་བའི་ཁྲོད་ཀྱི“བཅུ་དཔོན”ཞིག་ཡིན།
2024.03.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 གསར་འགོད་ཚན་ཆུང་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བར་ཐོན་པ་ན། མིག་ལམ་དུ་རྩྭ་ཐང་དང་གངས་རི། རི་བོ་བཅས་ཡུག་གཅིག་ཏུ་འབྲེལ་བའི་དྭངས་གཙང་གི་ཁོར་ཡུག་ཅིག་མངོན་ཡོང་།

ཨ་བ་ཚེ་རིང་གིས་ནངས་ཇ་འཐུང་རྗེས་རྒྱུན་ལྡན་ལྟར་ཟིན་བྲིས་བཟུང་ནས། ཉིན་གཅིག་གི་ཁོར་ཡུག་གཙང་སྦྲའི་བྱ་བར་འཆར་གཞི་འགོད་བཞིན་འདུག

ཨ་བ་ཚེ་རིང་ནི་རྫོང་མཁར་ནས་སྤྱི་ལེ7གྱི་མཚམས་སུ་གནས་པའི་སྟག་ལུང་སྡེ་བའི“བཅུ་དཔོན”ཞིག་ཡིན། ཁོས་འདུམ་འགྲིག་པའི་འགན་ཁུར་ཡོད་པར་མ་ཟད། སྡེ་བའི་ཁོར་ཡུག་གཙང་སྦྲའི་འགན་ཡང་ཁུར་འདུག སྡེ་བ་ཧྲིལ་པོའི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་གསུམ་དང་སྟོང་བཞི་ཙམ་ཡོད།

“ཆེས་བྲེལ་བའི་དུས་ནི་ལོ་རེའི་ཟླ7པ་ནས་ཟླ9པའི་བར་ཡིན། སྐབས་དེར་དབྱར་ཁར་ཆར་ཆུ་རྒྱས་ནས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་དགོས་པ་ལས་གཞན། ད་དུང་ཁོངས་གཏོགས་ས་ཁུལ་གྱི་འགལ་བ་དང་རྩོད་གཞི་འགའ་འདུམ་འགྲིག་བྱེད་བཞིན་ཡོད།”

2023ལོའི་ཟླ8པའི་ཚེས1ཉིན། སྟག་ལུང་སྡེ་བའི་འབྲོག་པ་ཐུབ་ཆེ་གེ་མོ་དང་ཡིད་ཆེ་གེ་མོ་གཉིས་བར་བཟའ་འདང་མེད་པར་བཟའ་འཐོར་བྱེད་རྒྱུའི་གྲོས་མཐུན་བཞག་མོད། འོན་ཀྱང་བུ་ཕྲུག་གི་གསོ་རྟེན་སྤྲོད་པ་སོགས་ཀྱི་ཐད་ནས་རྩོད་གཞི་མང་པོ་བྱུང་སྟེ་དོན་དག་དེ་རེ་ཞིག་ཐག་གཅོད་མ་ཐུབ་པར་ལུས།

ཐུབ་ཆེ་གེ་མོ་ནི་ཨ་བ་ཚེ་རིང་གིས་འགན་འཁུར་བའི་འབྲོག་ཁྱིམ་བཅུའི་གྲས་ཡིན་ཞིང་། བཟའ་འཐོར་བྱེད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཨ་བ་ཚེ་རིང་ཐེངས་མང་པོར་ཁྱིམ་ཚང་གཉིས་ཀར་ཕྱིན་ཏེ་འགྲིག་མཐུན་ཡོང་དགོས་པའི་སྐོར་ནས་ཁ་བརྡ་མང་པོ་བྱས།

ཨ་བ་ཚེ་རིང་གིས་བཟའ་ཚང་འགྲིག་མཐུན་བྱེད་པའི་སྐོར་ལ་བསམ་བློ་ཡང་ཡང་བཏང་།  བློ་ཡིད་ལས་འདས་པ་ཞིག་ནི་དོ་བདག་ཕྱོགས་གཉིས་ཀ་སྐད་ཆ་རེ་གཉིས་སྟེང་རྩོད་པ་བྱུང་ནས་འདུམ་འགྲིག་བྱེད་ཐབས་མ་བྱུང་བ་དེ་རེད། ཁོས་དེའི་དོན་དུ་དཀའ་ལས་མང་པོ་མྱངས་ཤིང་རྒྱུ་དངོས་གང་རུང་གིས་རྒྱབ་སྐྱོར་བྱས་ཀྱང་འབྲས་བུ་ཆེན་པོ་མ་ཐོབ་པས། སྡེ་བ་གཞན་གྱི་སྡེ་མི་ཚོས་ཁོའི་བྱ་བར་ཁས་ལེན་མ་བྱས་པར་ངན་སྐྱོན་སྣ་ཚོགས་བགྲངས་པས།  ཁོ་ལ་བཅུ་དཔོན་གྱི་ལས་རྐང་ནས་རེ་ཞིག་ཕྱིར་འབུད་རྒྱུའི་བསམ་ཚུལ་ཐེངས་དུ་མར་སྐྱེས་མྱོང་།

བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཕན་འབྲས་མ་ཐོན་ན་རང་དགར་མི་འདོར་བ་ནི་ཨ་བ་ཚེ་རིང་གི་ཐོག་མའི་དམ་བཅའ་དང་ཕུགས་བསམ་ཉག་གཅིག་ཡིན།

2023ལོའི་ཟླ8པའི་ཚེས2ཉིན། ཨ་བ་ཚེ་རིང་གིས་གནས་ཚུལ་དེ་སྡེ་བའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་རྗེས། འདུམ་འགྲིག་པ་དང་མཉམ་དུ་ཕྱོགས་གཉིས་ཀའི་ནང་མིར་འབྲེལ་བ་བྱས་ཏེ་བར་འདུམ་བྱས་ཤིང་། དེ་དང་ཆབས་ཅིག་ས་གནས་དེ་གའི་ཁྲིམས་འཛིན་སུའོ་ཡི་ལས་བྱེད་མི་སྣ་ཡང་ཡུལ་དངོས་སུ་སོང་ནས་དོ་བདག་པར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས།

“འགལ་བ་བྱུང་རྗེས། ང་དང་འདུམ་འགྲིག་པ། དེ་མིན་ཁྲིམས་འཛིན་སྡེ་ཁག་གི་ལས་དོན་མི་སྣ་བཅས་ཐུབ་ཆེ་གེ་མོ་ཚང་ལ་སྔ་གཞུག་ཏུ་ཐེངས5ལ་སོང་ནས་བཅའ་ཁྲིམས་ཁྱབ་གདལ་དང་། གནས་ལུགས་བརྗོད་པ། འཚོ་བའི་གནས་ཚུལ་བཤད་པ་བཅས་བྱས་པས། ཕྱོགས་གཉིས་ཀྱི་རྣམ་འགྱུར་ལ་གཞི་ནས་འགྱུར་ལྡོག་བྱུང་སྟེ་ཞི་ལྷོད་དུ་སོང”ཞེས་ཨ་བ་ཚེ་རིང་གིས་ཕྱིར་དྲན་དང་བཅས་གདོང་ལ་འཛུམ་ཞིག་ལངས་ནས་དེ་ལྟར་བཤད།

འདུམ་འགྲིག་ཐེངས་མང་བྱས་པ་བརྒྱུད། མཇུག་མཐར་དོ་བདག་ཕྱོགས་གཉིས་ཀས་གྲོས་ཁ་གཅིག་ལ་བཞག་ནས་ཐུབ་ཆེ་གེ་མོས་ཡིད་ཆེ་གེ་མོར་བུ་ཕྲུག་གི་གསོ་རྟེན་སོགས་ཀྱི་འབྲེལ་ཡོད་འགྲོ་གྲོན་སྒོར་ཁྲི7སྟེར་རྒྱུ་ཐག་བཅད་པ་དང་། སླད་ཕྱིན་གྲོས་མཐུན་གྱི་ནང་དོན་ལྟར་ལག་བསྟར་བྱེད་རྒྱུ་ཁག་ཐེག་བྱས་པ་རེད།

འབྲོག་པ་ཐུབ་ཆེ་གེ་མོ་ནི་མ་གཞི་ནས་ཨ་བ་ཚེ་རིང་གི་ཁྱིམ་མཚེས་ཡིན་པས་ཁོ་གཉིས་ཀྱི་བར་ལ་གྲོགས་པོ་ལྟ་བུའི་འབྲེལ་བ་ཆགས་ཡོད། བཟའ་ཚང་ཐོར་ནས་བུ་ཕྲུག་ཁ་ཁར་གཏོང་བའི་སྐོར་ཁ་བརྡ་བྱེད་དུས་ཨ་བ་ཚེ་རིང་གི་གདོང་ལ་སྐྱོ་ཉམས་ཤིག་ཤར་འདུག

གཞན་གྱི་རྩོད་གཞི་འདུམ་འགྲིག་བྱེད་པའི་ཆེད་དུ། ཨ་བ་ཚེ་རིང་གིས་རྒྱུན་དུ‘ཁ་ལྕེ་ཝུ་བ་དང་ཀླད་པ་ད་ར’བྱས་ནས་འདུམ་འགྲིག་གི་ཁ་བརྡ་མང་པོ་བྱས་མཐར། སྐབས་འགར་ཁོའི་སྙིང་ཁམས་མ་བདེ་བར་ཁྲག་ཤེད་ཇེ་མཐོར་སོང་ནས་སྨན་བསྟེན་དགོས་པའི་གནས་ཚུལ་ཡང་ཡང་བྱུང་མོད། འདུམ་འགྲིག་ལ་འབྲས་བུ་སྨིན་ཏེ་ཁོ་ཚོ་འཆམ་མཐུན་ངང་འཚོ་བ་རོལ་བཞིན་པ་མཐོང་དུས་ཁོའི་སེམས་ལ་དེ་ནི་ནམ་ཡང་བདེ་སྐྱིད་དང་རྒྱལ་ཁ་ཞིག་ཏུ་བསམ་ཡོད།

གཅིག་སྒྲིལ་རྫོང་དུ་ཁྱིམ་ཚང་གི་རྩོད་གཞི་དང་ཁྱིམ་མཚེས་བར་གྱི་འགལ་བ་ལས་གཞན། འབྲོག་ཁྱིམ་དག་གི་རྩྭ་མཚམས་ཆུ་མཚམས་ལེགས་པར་དབྱེ་བ་དང་མཐའ་མཚམས་བརྒལ་ནས་ཕྱུགས་རིགས་འཚོ་བ་སོགས་ཀྱི་གནད་དོན་ལས་བྱུང་བའི་རྩོད་གཞིའང“བཅུ་དཔོན”ཚོས་ནམ་ཡང་དོ་ཁུར་བྱ་ཡུལ་ཞིག་རེད།

2023ལོའི་ཟླ7པའི་ཚེས12ཉིན། བཅུ་དཔོན་ཨ་བ་ཚེ་རིང་གིས་སྐོར་ཞིབ་བྱེད་སྐབས་ཁོངས་གཏོགས་ས་ཁུལ་གྱི་འབྲོག་པ་ཁྱིམ་ཚང་གཉིས་ཀྱི་རྩྭ་རའི་མཐའ་མཚམས་གསལ་པོ་མིན་པའི་རྐྱེན་གྱིས་ཕྱོགས་གཉིས་ལ་རྩོད་གཞི་ཐེངས་མང་བྱུང་བའི་གནད་དོན་ཤེས་རྟོགས་བྱུང་བ་རེད། རྩོད་གཞི་སྔ་མོ་ནས་སེལ་ཆེད་བཅུ་དཔོན་ཨ་བ་ཚེ་རིང་གིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་འབྲེལ་བ་བྱས་རྗེས་གནས་ཚུལ་དེ་ཡུལ་ཚོ་ཏང་ཨུ་ལ་ཡར་ཞུ་བྱས་ཤིང་། ཡུལ་ཚོ་ཏང་ཨུས་འཕྲལ་མར་འདུམ་འགྲིག་བྱ་བའི་ཚན་ཆུང་བཙུགས་ནས་འདུམ་འགྲིག་པ་ཡུལ་དངོས་སུ་མངགས།

རྩོད་གླེང་གི་རྒྱུ་རྐྱེན་དང་ཕྱོགས་གཉིས་ཀྱི་རེ་བ་ཤེས་རྟོགས་བྱུང་རྗེས། འདུམ་འགྲིག་པ་དང་གཅིག་སྒྲིལ་རྫོང་ནགས་ཚལ་དང་རྩྭ་ཐང་ས་ཚིགས་ཀྱི་ལས་དོན་མི་སྣས་ཕྱོགས་གཉིས་ཀའི་རྩྭ་སའི་དབྱེ་མཚམས་གསལ་འབྱེད་བྱས་པ་དང་འབྲེལ།  “བཅུ་དཔོན”གྱིས་སློབ་གསོ་བཏང་འོག་ཕྱོགས་གཉིས་ཀའི་དོ་བདག་བར་གྲོས་མཐུན་བྱུང་བ་དང་ཕན་ཚུན་སྐད་ཆ་ཤོད་རེས་ཡོད་པར་གྱུར།

ཉེ་བའི་ལོ་ཤས་རིང་། གཅིག་སྒྲིལ་རྫོང་གི་སྡེ་བ་སོ་སོའི“བཅུ་དཔོན”གྱིས་ས་གནས་དེའི་ཁྲིམས་འཛིན་སྡེ་ཁག་དང་མཉམ་ལས་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ།  མཉམ་དུ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་ནས། འབྲོག་ཁུལ་གྱི་འཆམ་མཐུན་བརྟན་པོར་བསྲུངས་ཡོད། “ང་ཚོས་དུས་ངེས་མེད་དུ་ཁྲིམས་འཛིན་སྡེ་ཁག་གི་འདུམ་འགྲིག་མི་སྣ་དང‘བཅུ་དཔོན’རྩ་འཛུགས་བྱས་ནས་ཁྱིམ་ཚང་གི་གྱོད་གཞི་དང་རྩྭ་མཚམས་ཆུ་མཚམས་ཀྱི་རྩོད་གཞི་སོགས་རྒྱུན་མཐོང་གི་འགལ་བ་དང་རྩོད་གཞི་གཙོ་བོ་དག་གྲལ་བཤེར་བྱེད་བཞིན་ཡོད།

མིག་སྔའི་བར་བསྡོམས་པས་མི་ཐེངས945ལ་གྲལ་བཤེར་བྱས་པ་དང་། འགལ་བ་དང་རྩོད་གཞི241གྲལ་བཤེར་བྱས་པར་མ་ཟད་འདུམ་འགྲིག་བྱས་ཏེ།  ལེགས་འགྲུབ་བྱུང་ཚད100%ཟིན་ཡོད”ཅེས་གཅིག་སྒྲིལ་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།

“ཁ་པར་ཐོག་གི་བཅུ་དཔོན་མཉམ་འགོགAPPཡི་ཁ་ཕྱེ་ནས་ཡུལ་དངོས་པར་བརྒྱབ་སྟེ་བསྐུར་ཆོག  བཀོལ་སྤྱོད་བྱེད་ཡུན་སྐར་མ་གཅིག་ཀྱང་མི་འགོར”ཞེས་ཨ་བ་ཚེ་རིང་གིས་ལག་འཁྱེར་ཁ་པར་གྱི་ཁ་ཕྱེ་ནས་གསར་འགོད་པར“བཅུ་དཔོན་མཉམ་འགོག”APPཡི་བཀོལ་སྤྱོད་བྱེད་སྟངས་གསལ་བཤད་བྱས།

“2021ལོར་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་བཅུ་དཔོན་རེ་རེའི་ལག་འཁྱེར་ཁ་པར་ནང‘བཅུ་དཔོན་མཉམ་འགོག’APPསྒྲིག་སྦྱོར་བྱས་པར་མ་ཟད། ལོ་རེ་རེར་ཡུལ་དངོས་སུ་བཀོལ་སྤྱོད་བྱེད་སྟངས་སྐོར་གྱི་གསོ་སྦྱོང་བྱ་བ་སྤེལ།”

གཅིག་སྒྲིལ་རྩྭ་ཐང་དུ་བཅོས་སྐྱོང་བྱེད་སྐབས“བཅུ་དཔོན”དག་གི་བྱ་བ་ནི་སྐོར་ཞིབ་བྱེད་པ་ཙམ་མ་ཡིན་པར། ད་དུང་གཞི་གྲངས་ལག་རྩལ་ལའང་བྱང་ཆ་ལྡན་དགོས། 2021ལོ་ནས་བཟུང་གཅིག་སྒྲིལ་རྫོང་གིས“བཅུ་དཔོན”བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་རིམ་སྤོར་བྱས་ཏེ་བཅུ་དཔོན་མཉམ་འགོག་རིག་ལྡན་དོ་དམ་སྟེགས་བུ་བསྐྲུན་ནས། “བཅུ་དཔོན”ལག་ཁྱེར་ཁ་པརAPPཡི་ཐོག་ཁོངས་གཏོགས་ས་ཁུལ་ཁྱིམ་ཚང་གི་གཞི་རྩའི་ཆ་འཕྲིན་དང་། བྱ་བ་སྤེལ་ཚུལ་སོགས་བརྒྱུད་སྤྲོད་བྱེད་ཆོག་པར་མ་ཟད། སྟེགས་བུའི་ཐོག་ཉེན་བརྡ་གཏོང་བ་དང་། བརྙན་ལེན་པ། བརྙན་ལམ་སྦྲེལ་མཐུད་བྱེད་པ་སོགས་ཀྱི་ནུས་པ་བརྒྱུད་ནས་འགལ་བ་དང་གཞུང་ལམ་གནས་ཚུལ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནད་དོན་དུས་ལྟར་རྒྱུས་ལོན་བྱེད་ཐུབ།

“དེང་སྐབས་ང་ཚོ་ཡར་རྒྱུག་མར་རྒྱུག་བྱེད་མི་དགོས་པར། མཛུབ་མོ་འགུལ་ཙམ་གྱིས་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱིན་ཡོད།” 2023ལོའི་ཟླ6པའི་ཟླ་སྟོད་དུ་སེར་བ་བསྟུད་མར་བབས་ནས་ཁོངས་གཏོགས་ཁུལ་གྱི་འབྲོག་པ་ཆོས་གྲགས་ཚང་གི་སྡོད་ཁང་བར་ཁྱམས་ཀྱི་ཤེལ་དང་བློ་གསལ་ཚང་གི་རླངས་འཁོར་གྱི་ཤེལ་སྒོ་བཅག་སོང་། ཨ་བ་ཚེ་རིང་གིས“བཅུ་དཔོན་མཉམ་འགོག”གིAPPབརྒྱུད་ནས་གཅིག་སྒྲིལ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣར་པར་རིས་ཀྱི་ལམ་ནས་གནས་ཚུལ་སྤེལ་བ་ན། ཡུལ་ཚོ་སྲིད་གཞུང་དང་། འཕྲལ་བསྟུན་དོ་དམ་སྡེ་ཁག འགན་བཅོལ་ཀུང་སིའི་ལས་བྱེད་མི་སྣ་བཅས་ཡུལ་དངོས་སུ་ལྟ་ཞིབ་ཏུ་སོང་ནས་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱས།

ཤེས་རྟོགས་བྱུང་བ་ལྟར་ན། མཉམ་འགོག་རིག་ལྡན་དོ་དམ་ལས་སྟེགས་དེ་མིག་སྔར་རྫོང་ཡོངས་ཀྱི་ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག་ལ་ཁེབས་པ་དང་། རྫོང་ཡོངས་ཀྱི“བཅུ་དཔོན”591པོ་ཚང་མས་མ་ལག་དེ་ཐོ་འགོད་བྱས་ནས་སྟེགས་བུའི་ནང་ལས་ཀ་ལས་བཞིན་ཡོད། མིག་སྔའི་བར་སྟེགས་བུའི་སྟེང་གནད་དོན་སྣ་ཚོགས་ཀྱི་ཆ་འཕྲིན356སྡུད་ལེན་བྱས་ཏེ་ཚང་མ་ཐག་བཅད་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།