འདུམ་འགྲིག་བྱ་བ་བསྒྲུབས་ནས་དམངས་ཀྱི་དཀའ་ཁག་བསལ།
2024.04.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

 གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་པ་དབང་སྟོབས་ཀྱི་གནས་ཚུལ་བཀོད་པ།

དབང་སྟོབས་ནི1978ལོར་སྐྱེས་ཤིང་། 2009ལོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ནས་ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་མ་ཡུལ་ཚོ་རྫ་ར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དང་ཡུལ་ཚོ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་འདུམ་འགྲིག་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད།

ཁོས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ལ་མི་འཛེམས་པར་སེམས་ཤུགས་ཡོད་རྒུས་དམངས་ཀྱི་འདུམ་འགྲིག་བྱ་བར་བསྟུན་པ་དང་། ལྷག་བསམ་ཟོལ་མེད་དང་ངང་རྒྱུད་རིང་པོས་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱས་ཏེ་མང་ཚོགས་དང་ཁྱིམ་མཚེས་འཆམ་མཐུན་ཡོང་བར་འབད། ཁོས་འགལ་བ་དང་རྩོད་གཞི400ལྷག་འདུམ་འགྲིག་བྱས་ཤིང་འདུམ་འགྲིག་བྱུང་ཚད98%ཡན་ཟིན་ལ། འགལ་བ་དང་རྩོད་གཞི་མང་པོ་ཞིག་གཞི་རིམ་དང་མགོ་ཁུངས་ནས་ཐག་བཅད་དེ་འབྲོག་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོབ་བྱེད་ཆེད་ལེགས་སྐྱེས་བཟང་པོ་ཕུལ་ཡོད།

ལོ་ངོ17གྱི་རིང་ལ། ཁོས་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས། གྲང་ངར་ཆེ་བའི་དགུན་དུས་ཀྱི་ཙག་རླུང་ལ་མི་འཛེམས་པར་ཉིན་མཚན་དབྱེར་མེད་དུ་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་སར་བསྐྱོད་པ་དང་། ས་གང་དུ་འགལ་བ་ཡོད་ཚེ་གནས་དེ་རུ་ཁོའི་འདུམ་འགྲིག་བྱེད་པའི་གཟུགས་བརྙན་མཐོང་ཐུབ།  འདུམ་འགྲིག་བྱེད་སྐབས་ཁོས་བྱ་བ་གང་ཞིག་བསྒྲུབས་ཀྱང་ཐོག་མཐའ་བར་གསུམ་དུ་དྲང་གཞག་དྲང་བདེན་སྒོས་མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་ལག་ལེན་དང་། ཉམས་ཆུང་ཚོགས་སྤྱིར་གདུང་སེམས་མཉམ་སྐྱེས་དང་རོགས་རམ་བྱས་ཏེ་མང་ཚོགས་ཚང་མར་འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ཁྲོད་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱས་ཡོད།

ཁོས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ནི་ཁྱིམ་མཚེས་བར་རྩོད་པ་བྱུང་བའམ་ཡང་ན་བཟའ་ཟླའི་བར་དུ་འགལ་བ་བྱུང་བ། དེ་མིན་དམངས་ཁྲོད་ཀྱི་དངུལ་བུན་གཏོང་བའི་ཁྲོད་ཡིད་རྟོན་མེད་པ། ཞིང་པ་ཞོར་ལས་པའི་གླ་ཡོན་མ་ལོན་པའི་བྱ་བ་གང་ཡིན་རུང་གཟབ་ནན་གྱིས་འདུམ་འགྲིག་བྱེད་བཞིན་ཡོད།

ཐེངས་ཤིག་ལ་འབྲོག་པ་མཚོ་ཆེ་གེ་མོ་དང་མཁར་ཆེ་གེ་མོ་གཉིས་ཀྱི་བར་ལ་བཟའ་འཁོན་བྱུང་ནས་བཟའ་ཚང་སོ་སོར་ཁ་བྲལ་ཞིང་། ཕྱོགས་གཉིས་ཀྱི་ཕ་མ་དང་གཉེན་ཉེ་ཡིས་སློབ་གསོ་གང་མང་བྱས་ཀྱང་ཕན་ཐོགས་མ་བྱུང་བར་དབང་སྟོབས་བཙལ་བ་རེད། ཁོས་རྒྱུ་ནོར་བགོ་བཤའ་དྲང་གཞག་ཡོང་དགོས་ཞེས་བཤད་ཞོར་ཁྱིམ་ཚང་གི་ལོ་ལོན་དང་བྱིས་པ་གཉིས་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཐད་ནས་ཁ་ཏ་དང་སློབ་གསོ་མང་པོ་བཏང་མཐར།   བཟའ་ཟླ་གཉིས་འགྲིག་མཐུན་བྱུང་ནས་ཁྱིམ་ཚང་སྐྱོང་རྒྱུའི་བསམ་ཚུལ་བསྟན།  ཁྱིམ་གྱི་ལོ་ལོན་གྱིས་འདུམ་འགྲིག་པ་དབང་སྟོབས་ཀྱི་ལག་པར་འཇུས་ནས“དབང་སྟོབས་ཁྱོད་ལ་བཀའ་དྲིན་ཆེ་ཞུ། ཁྱོད་ཀྱིས་ངེད་ཚང་གི་ཁྱིམ་ཚང་འདི་བདེ་མོ་སྐྱིད་པོ་ཡོང་བར་བྱས་སོང་ཟེར།

ཁོས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་ལ་ཆེ་ཆུང་མེད་པ་གསལ་པོར་ཤེས་ཡོད། ཕར་བལྟས་ཚོད་ཀྱིས་འགལ་བ་དང་རྩོད་གཞི་མཐོང་ཚེ་མྱུར་མོར་ཐག་གཅོད་བྱས་རུང་དེའི་རྒྱབ་ལོགས་སུ་དོན་དག་མང་པོ་ཞིག་ཡོད་པ་ནི་སུས་ཀྱང་མཐོང་དཀའ་བ་རེད།

2015ལོའི་ཟླ7པར། འབྲོག་པ་དགེ་ཆེ་གེ་མོས་ཤེས་ཆེ་གེ་མོར་སྒོར་ཁྲི་གཅིག་སྟོང་བརྒྱད་བསྐྱིས་ཏེ་ཕྱིར་སྤྲོད་པའི་དུས་བཅད་ཐོན་ནས་ལོ་གསུམ་འགོར་རུང་ཕྱིར་མ་སྤྲད་པ་དང་།  འབྲོག་པ་དགེ་ཆེ་གེ་མོའི་ཨ་མར་ནད་གཞི་ལྕི་མོ་ཕོག་ནས་སྒོར་མོ་མཁོ་བའི་སྐབས་སུ་འཕྲད། དབང་སྟོབས་ཀྱིས་སྐབས་དེའི་གནས་ཚུལ་ལ་བལྟས་ནས་རང་གི་གསོག་དངུལ་སྒོར་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་འབྲོག་པ་དགེ་ཆེ་གེ་མོར་སྤྲད་ནས་ཨ་མའི་སྨན་བཅོས་ཐད་བཀོལ་བ་རེད།

ཕྱིས་སུ་དབང་སྟོབས་ཀྱིས་འདུམ་འགྲིག་པ་གཞན་པ་དང་མཉམ་དུ་དོན་དག་དེ་ཐག་གཅོད་བྱེད་སྐབས། འབྲོག་པ་དགེ་ཆེ་གེ་མོས་ཟླ་རེར་སྐྱེད་ཀ་འཕར་བ་ཅུང་མཐོ་བའི་དབང་གིས་ཤེས་ཆེ་གེ་མོས་ཕྱིར་སྤྲོད་ཐབས་མེད་པའི་གནས་ཚུལ་ཤེས་རྗེས།  འདུམ་འགྲིག་པ་ཞིག་གི་ངོས་ཐད་ནས་གནས་ལུགས་བཤད་དེ་ངང་རྒྱུད་རིས་པོས་བསམ་ཚུལ་བརྗེ་རེས་བྱས་ནས་བསྐྱིས་པའི་སྒོར་མོ་ཕྱིར་སྤྲོད་རྒྱུར་འཐད་པ་བྱུང་བར་མ་ཟད། ད་དུང་ཕན་ཚུན་གྱི་དཀའ་ཁག་ལ་རྒྱུས་ལོན་ཡག་པོ་བྱས་ནས་འགྲིག་མཐུན་བྱུང་།

“རྩོད་གཞི་ཉིན་དེར་ཐག་གཅོད་བྱས་མ་ཐུབ་ཚེ། ང་གཉིད་ཡོངས་ཐབས་མི་འདུག”ཅེས་དབང་སྟོབས་ཀྱིས་དེ་ལྟར་བཤད། ཁོ་ནམ་རྒྱུན་མང་ཚོགས་ཁྲོད་ཞུགས་ནས་ཁྱིམ་ཚང་གི་གནས་ཚུལ་དང་ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་བྱ་བ་ཙག་ཙིག་རྣམས་ངང་རྒྱུད་རིང་པོས་ཐག་གཅོད་བྱེད་བཞིན་ཡོད།

ལོ་མང་པོའི་རིང་འདུམ་འགྲིག་བྱ་བ་དྲང་བདེན་དང་དྲང་གཞག་སྒོས་བསྒྲུབས་པར་བརྟེན་མང་ཚོགས་ཀྱི་ཡིད་ཆེས་དང་ཁས་ལེན་ཐོབ་པར་མ་ཟད། རྫོང་མངའ་ཁོངས་ཀྱི་ཡུལ་ཚོ་གཞན་པ་དག་གི་མང་ཚོགས་ཀྱིས་ཀྱང་ཁོ་བཙལ་ནས་འདུམ་འགྲིག་བྱས་པ་རེད། འབྲོག་པ་ཀུན་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་ནི་ཁྱིམ་མཚེས་ཡིན་པས་ནམ་རྒྱུན་གྱི་འབྲེལ་བ་ཧ་ཅང་བཟང་།  ཐེངས་ཤིག་ལ། དགུན་དུས་རུ་སྤོར་བའི་སྐབས་སུ་རྩྭ་སའི་དབྱེ་མཚམས་ཀྱི་དབང་གིས་རྩོད་གླེང་བྱུང་ནས་ལོ་གཉིས་རིང་ཕན་ཚུན་འགྲོ་འོང་ཆད་པ་རེད། དོན་དེར་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་ཐེངས་མང་བྱས་ཀྱང་འབྲས་བུ་གང་ཡང་མ་ཐོབ་པར་ཁྱིམ་ཚང་ཕན་ཚུན་བར་ལ་ལྟ་ཚུལ་འཛིན་པ་དང་། ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་མི་བྱེད་པ་སོགས་ཁྱིམ་མཚེས་བར་ལ་འགྲིག་མཐུན་མ་བྱུང་། ཕྱིས་སུ་འདུམ་འགྲིག་པ་དབང་སྟོབས་ཀྱིས་དགུན་ཁ་བ་དང་དཔྱིད་ཀྱི་རླུང་བུར་མ་འཛེམས་པར་ཁྱིམ་ཁ་རེར་ཐེངས་མང་སོང་ནས་གནས་ཚུལ་རྒྱུས་ལོན་དང་སློབ་གསོ་མང་པོ་བཏང་མཐར་རྩོད་གཞི་ཞི་འཇགས་སུ་སོང་ནས་ཕན་ཚུན་འགྲོ་འོང་དང་ཁ་བརྡ་ཡོད་པར་གྱུར།  ཁྱིམ་ཁ་གཉིས་ཀྱི་ཁྱིམ་བདག་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར།“གལ་ཏེ་དབང་སྟོབས་ཀྱི་རོགས་སྐྱོར་མེད་ཚེ།  ངེད་ཁྱིམ་ཁ་གཉིས་ནམ་ཞིག་ལ་འགྲིག་མཐུན་བྱུང་བ་སུས་ཀྱང་མི་ཤེས།”སྐད་ཆ་འདི་ལས་ཁོས་ནུས་ཤུགས་ཡོད་རྒུས་འདུམ་འགྲིག་བྱེད་པའི་བྱ་བའི་སྤྲོ་སེམས་དང་འགན་འཁུར་གྱི་འདུ་ཤེས་ལ་ཁས་ལེན་གང་ལེགས་བྱས་ཡོད་པ་མཚོན་ཡོད།

ལོ་ངོ17རིང་། འདུམ་འགྲིག་གི་ལམ་དུ་དབང་སྟོབས་ཀྱིས་ལུས་སེམས་གཉིས་ནས་དཀའ་སྡུག་ཚད་མེད་མྱངས་ཡོད་མོད། འོན་ཀྱང་འདུམ་འགྲིག་བྱ་བའི་བརྩེ་སེམས་དང་རྒྱུན་སྐྱོང་གི་འདུན་པ་དེ་ནམ་ཡང་དོར་མ་མྱོང་། སྤྱིར་བཏང་གི་འདུམ་འགྲིག་ལས་རྐང་ཐོག་འབད་བརྩོན་ཧུར་ཐག་བྱས་པ་དེ་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་སེམས་སུ་བསུབ་ཐབས་མེད། ཁོས་བློ་གྲོས་དང་བཅའ་ཁྲིམས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་བརྟན་བརླིང་དང་འཆམ་མཐུན་སྲུང་སྐྱོང་བྱེད་པར་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་འབྲོག་པའི་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་ནམ་ཡང་སེམས་སུ་ཉར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།