མང་ཚོགས་སེམས་ཁོང་གི་སྡེ་སྡོད་ཧྲུའུ་ཅི་དང་པོ།
2024.04.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་ལུང་མོ་ཆེ་སྡེ་བའི་ཧྲུའུ་ཅི་དང་པོ་ཕན་ཅིན་ཧའོ་ཡི་གནས་ཚུལ་བཀོད་པ།

ཁ་ཆར་བུ་ཡུག་གིས་ཀྱང་ཕན་ཅིན་ཧའོ(གཡོན་གྱི་དང་པོ)མང་ཚོགས་ཀྱི་ཁྱིམ་དུ་བཅར་འདྲི་བསྐྱོད་པའི་བསམ་པ་འགོག་ཐབས་བྲལ།

“ཨ་ཁུ། ཉིན་འདི་ཚོར་མཚམས་རེར་རླུང་གཡུགས་ནས་ཁ་བ་འབབ་པ་དང་། མཚམས་རེར་གནམ་དྭངས་ནས་ཉི་མ་ཤར་འགྲོ། གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས། ཁྱེད་ཚང་གི་བཟའ་མི་གང་བོའི་ལུས་ཕུང་བདེ་ཐང་ཡིན་ནམ། དོན་དག་ཡོད་ཚེ་ཁ་པར་གཏོང་རོགས”ཞེས་ཕན་ཅིན་ཧའོ་ལམ་འགྲམ་དུ་ལངས་ཏེ་ཁོ་དང་ཅུང་ཐག་རིང་བའི་འབྲོག་པ་པད་དགའ་ལ་ཁ་ཕྱོགས་ནས་སྐད་གསང་མཐོན་པོས་དེ་ལྟར་བཤད་ཞོར། ལག་གི་ཁ་པར་ཡར་བཀྱགས་ཏེ་གཡུག་གཡུག་བྱས།

“ཡ་ཡ། བདེ་མོ་ཡིན། ཚང་མ་བདེ་མོ་ཡིན། ཕྱི་རུ་སོང་ནས་བྱ་བ་སྒྲུབ་སྐབས་གྲང་ན་ཁྱིམ་དུ་འོ་ཇ་འཐུང་གི་ཤོག”ཅེས་པད་དགའ་ཡིས་ལག་པ་གཡུག་ཞོར་དེ་ལྟར་བཤད།

ཕན་ཅིན་ཧའོ་ནི་ལོ་རབས་དགུ་བཅུའི་རྗེས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཞིག་ཡིན་པ་དང་། 2022ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ལས་ཞུགས་བྱས་ལ། 2023ལོར་མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོ་ལུང་མོ་ཆེ་སྡེ་བར་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་བདམས་མངགས་བྱས།

ལུང་མོ་ཆེ་སྡེ་བ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གངས་ལུང་ཡུལ་ཚོའི་བྱང་ཕྱོགས་སུ་ཆགས་པ་དང་། ཆ་སྙོམས་ཀྱི་མཚོ་འཕང་སྨི4200ཡན་ཡོད་ལ། ལོ་ཧྲིལ་པོའི་ཆ་སྙོམས་ཀྱི་དྲོད་གྲང་གོར་ཐིག་མན་གྱི་ཏུའུ8ཡིན། གནས་དེར་ཐོག་དང་པོར་ཡོང་བ་ཡིན་མོད། འོན་ཀྱང་ལོ་རབས་དགུ་བཅུའི་རྗེས་ཀྱི་ཧྲུའུ་ཅི་འདིས་སྡེ་སྡོད་བྱ་བ་བསྒྲུབས་ནས་ལོ་གཅིག་ཀྱང་མ་འགོར་བར་གནས་དེའི་ཁྱིམ་ཚང451གི་སྡོད་དམངས་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར། ཁོའི་གདོང་ལ་ལོ་རབས་དགུ་བཅུའི་རྗེས་ཀྱི་གཞོན་ཉམས་མེད་པར། བྱ་བ་ཅི་ལའང་ནང་བྱན་ཆུད་ཅིང་བློ་གྲོས་ཀྱིས་ཁེངས་ཡོད་པ་ཞིག་རེད།

ཟླ་གསུམ་པའི་ལུང་མོ་ཆེ་སྡེ་བར་དཔྱིད་ཀའི་མདངས་ཉམས་ཅི་ཡང་མེད་པར། སྔར་བཞིན་ཁ་བ་བུ་ཡུག་འཚུབ་པའི་དགུན་ཉམས་ཤིག་ཤར་འདུག ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཕན་ཅིན་ཧའོ་གུང་གསེང་རོལ་ནས་ཕྱིར་ཐོན་པ་དང་། ལས་ཁུངས་སུ་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་སྤྱི་བསྡོམས་ཚོགས་འདུ་འཚོགས་པ་སོགས་ལས་ཁུངས་ཀྱི་བྱ་འགུལ་ལ་ཞུགས་ཚར་རྗེས། མྱུར་དུ་ལུང་མོ་ཆེ་སྡེ་བར་ཐོན། “ལོ་རེར་ཕ་ཡུལ་ལ་ཐེངས་གཅིག་མ་གཏོགས་འགྲོ་མི་ཐུབ། སྡེ་བར་སྡོད་པའི་སྐབས་སུ་ཕ་ཡུལ་དྲན་མོད། འོན་ཀྱང་ཕ་ཡུལ་དུ་སོང་ནས་ཉིན་འགའི་རྗེས་སུ་འདི་གའི“སྡེ་བའི”བྱ་བ་ཡིད་ལ་དྲན་བཞིན་ཡོད།” ཕན་ཅིན་ཧའོ་ཕ་ཡུལ་ཧྲན་ཏུང་ལིན་དབྱི་རུ་གཉེན་ཉེར་བལྟ་རུ་སོང་བ་དང་། ཉིན་ཉི་ཤུ་ལྷག་ལ་སྡེ་བར་མ་བསྡད་པས་ཁོ་ལ་བྲེལ་བ་ཆེན་པོ་ལངས་བཞིན་ཡོད།

“རྩྭ་སར་དྲེད་མོང་ཐོན་ཡོད་དམ། ཁ་པར་ནང་ཁྱེད་ཀྱིས་རྒྱུན་དུ་ཡོད་ཚད་བདེ་ལེགས་ཡིན་ཟེར་མོད། ངས་གུང་གསེང་རོལ་རྗེས་སེམས་མ་བདེ་བར་ཁྱོད་ལ་བལྟ་རུ་ཡོང་བ་ཡིན”ཞེས་ཕན་ཅིན་ཧའོ་ཡིས་སྡེ་མི་བརྟན་རྒྱལ་ཚང་གི་སྒོ་ཁ་རུ་དབུགས་དལ་མོར་བརྔུབས་ཏེ། མཚོ་འཕང་གི་དཀའ་སྡུག་སེལ་གྱིན་འདུག “དྲེད་མོང་ཐོན་ཚེ་སྔོན་ལ་མངགས་གཏོང་ཁང་ལ་ཁ་པར་གཏོང་དགོས། དེའི་རྗེས་མྱུར་དུ་ང་ལ་བཤད་དགོས། རང་དགར་གཏན་ནས་བདའ་འདེད་མ་བྱེད། དྲེད་མོང་དང་ཁྱེད་གཉིས་སུ་ཡིན་ཡང་རྨས་སྐྱོན་ཕོག་མི་རུང”ཞེས་མངགས་བཅོལ་བྱས་རྗེས། ཕན་ཅིན་ཧའོ་ཡིས་ངལ་གསོ་ཕྲན་ཙམ་ཡང་མི་བྱེད་པར་ཐད་ཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐར་ཚེ་ཚང་གི་ཕྱོགས་སུ་སོང་། ཉེ་ལམ་གྱི་སྡེ་བའི་གནས་ཚུལ་མགྱོགས་པོར་ཤེས་འདོད་པ་དང་དེ་མིན“ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་པའི་བྱ་བར་བྲེལ།

“‘སྡེ་སྡོད་ཧྲུའུ་ཅི་དང་པོ’ནི་དམག་དཔུང་གི་དཔུང་གཙོ་དང་མཚུངས་ལ། དམག་དཔུང་ཁྲོད་ཀྱི་རུ་སྣེ་པ་དང་དམག་མི་དཀྱུས་མ་ཞིག་ཡིན་པས། གཞི་རིམ་འཕེལ་རྒྱས་གཏོང་ཐུབ་མིན་ལ་འབྲེལ་བ་དམ་པོ་ཡོད”ཅེས་ཕན་ཅིན་ཧའོ་ཡིས་རང་ཉིད་ཀྱི་བྱ་བར་དཔེ་འཇོག་ཅིག་བྱས། གཞི་རིམ་དུ་བྱ་བ་སྒྲུབ་པ་ནི་གོམ་སྟབས་འགྲིག་པོ་འགྲོ་བ་དང་མཚུངས། ལུས་པོ་དྲང་དགོས་ལ་གོམ་འགྲོས་ལ་ཤུགས་དགོས།

སྐར་ཚེའི་མིག་ནང་དུ་ཕན་ཅིན་ཧའོ་ནི“བྱ་བ་ལེགས་པོར་མ་བསྒྲུབས་པ་དང་བསྒྲུབས་མ་ཚར་ཚེ‘མཇུག་མི་བསྡུ་བའི’”མི་ཞིག་རེད།

2023ལོའི་ཟླ7པར། ཕན་ཅིན་ཧའོ་ཡིས་ཁྱིམ་ཚང་དུ་བཅར་འདྲིར་སོང་ནས་རྒྱུས་ལོན་བྱེད་པའི་ཁྲོད། ལུང་མོ་ཆེ་སྡེ་བའི་རྟ་གོང་མ་ལུང་བར་མཚན་མོར་ཁ་པར་གྱི་བརྡ་རྟགས་མེད་པ་དང་། སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་རི་ལམ་དུ་གནོད་འཚེ་དང་ནད་ཡམས་སོགས་ཐོལ་བྱུང་གནས་ཚུལ་བྱུང་ཚེ་དུས་ཐོག་ཏུ་ཕྱི་རོལ་ལ་འབྲེལ་གཏུག་བྱེད་དཀའ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བས། ཕན་ཅིན་ཧའོ་ཡིས་ཉིན་དེར་ཕྱིར་ལོག་པའི་འཆར་གཞི་བསྒྱུར་ཏེ། རྟ་གོང་མ་ལུང་བ་རུ“མཚན་མོར་བརྡ་རྟགས་མེད་པ”དངོས་སུ་ཉམས་ལེན་བྱས།

“ས་ཚིགས་ཡོད་ཀྱང་མཚན་མོར་བརྡ་རྟགས་མེད་དོན་ཅི་ཡིན་ནམ།” སྐར་ཚེ་ཡིས་སྐབས་དེའི་ཕན་ཅིན་ཧའོ་ཡིས་ཁེར་ལབ་བྱེད་བཞིན་ལུང་བ་དང་རི་མགོར་འགོས་ཏེ་བརྡ་རྟགས་འཚོལ་བ་དང་། རྩ་བའི་རྒྱུ་རྐྱེན་འདྲི་རྩད་བྱེད་པ། རྩ་བ་ནས་ཐག་གཅོད་པའི་ཐབས་བཀོད་འཐེན་བཞིན་པ་ཕྱིར་དྲན་བྱས།

“ངས་དོན་དག་འདི་ཐག་གིས་མ་བཅད་ཚེ། ཟས་ཀྱང་མ་ཟ་འདོད་མེད།” སྐར་ཚེ་ཡིས་ལོ་རབས་དགུ་བཅུའི་རྗེས་ཀྱི་ན་གཞོན་ཧྲུའུ་ཅི་འདིའི་ངར་ཤུགས་དེར་སེམས་གཏིང་ནས་གུས་འདུད་ཞུས། མཚན་ཕྱེད་ཙམ་ལ་ཡར་རྒྱུགས་མར་རྒྱུགས་བྱས་མཐར་ཕན་ཅིན་ཧའོ་ཡིས་ས་ཚིགས་ཀྱི་སྒྲིག་ཆས་ལ་ཆག་སྐྱོན་ཤོར་བ་ཐག་གིས་བཅད། ས་གནས་དེའི་གློག་འཕྲིན་ཀུང་སིར་འབྲེལ་གཏུག་བྱས་ཤིང་། ཞིག་གསོ་པར་ས་ཚིགས་ཀྱི་སྒྲིག་ཆས་ཞིག་གསོ་བྱེད་དགོས་པ་མངགས་བཅོལ་བྱས་རྗེས། ད་གཟོད་དགའ་སྤྲོའི་ངང་ཕྱིར་ལོག ཕྱིར་ལོག་སྐབས་རང་ཉིད་ཀྱི་འབྲེལ་གཏུག་ཁ་པར་ཨང་གྲངས་ཡང་འབྲོག་པར་བཤད་དེ། “ཉིན་མཚན་གང་ཡིན་པ་དང་དོན་དག་གང་ཡིན་རུང་། དུས་རྒྱུན་དུ་ང་རང་བཙལ་ཆོག”ཅེས་བཤད་པའི་སྐད་ཆ་དེ་ལས། སྐར་ཚེ་ལ“ན་གཞོན‘ཧྲུའུ་ཅི་ཆུང་ཆུང’འདིའི་སེམས་ན་ང་ཚོ་ཡོད་པ་དང་། མི་དོན་གཉེར་ཅན་ཞིག་ཡིན་པ”ཤེས་སུ་བཅུག

“ང་རང་གསར་བརྗེ་ས་ཁུལ་རྙིང་པ་ནས་སྐྱེས་པ་ཡིན། དམག་དཔུང་ནས་ལོ་ལྔ་ལ་སྦྱོང་བརྡར་བྱས་པར་མ་ཟད། ད་དུང་ཏང་ཡོན་ཞིག་ཀྱང་ཡིན། མི་སྒེར་གྱི་བརྩེ་དུང་དང་ཡང་ན་ཏང་ཡོན་གྱི་འགན་འཁྲི་དང་རྩ་འཛུགས་ཀྱི་གསོ་སྐྱོང་གང་ཡིན་རུང་། མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་ནི་རང་ཉིད་ཀྱི་ལས་འགན་ཡིན”ཞེས་ཕན་ཅིན་ཧའོ་ཡི་སྐད་གདངས་ལས་ཁོ་ནི་སྔར་བཞིན་དམག་མི་ཞིག་དང་མཚུངས་པར་བྱ་བར་བྱང་ཆུབ་པ་དང་ངར་ཤུགས་ཀྱིས་ཁེངས་ཡོད་པ་རྟོགས་ཐུབ།

ཅང་མ་འགོར་བའི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་རུ་བསྡུས་པ་དང་། ཚོགས་འདུའི་སྟེང་སྡེ་སྡོད་ཧྲུའུ་ཅི་དང་པོ་བརྒྱད་ཀྱིས་བརྗེ་རེས་གཏམ་བཤད་བྱས་ལ། དེའི་ཁྲོད་ཕན་ཅིན་ཧའོ་ཡོད།

“ཁོ་ཚོའི་ཁྲོད་དུ་ཡི་གེ་ཤེས་མཁན་ཉུང་བས། ངས་སྐད་ཆའི་ལམ་ནས་བརྡ་བསྐུར་བ་དང་། ཁོ་ཚོའི་ས་གནས་ཀྱི་སྐད་ཆ་ངས་མི་ཤེས་པས་ལས་གྲོགས་བཙལ་ནས་འགྲེལ་བཤད་བཤད་དུ་བཅུག་པ་ཡིན། སྟབས་བདེ་སྒོས་རྒྱུས་ལོན་བྱས་རྗེས་ཁོ་ཚོར་རྗེས་ཕྱོགས་འབྲེལ་འདྲིས་བྱེད་སླ་མོ་རེད། མཐར་གཏུག་ན་ཁོ་ཚོའི་བཏོན་པའི་གནད་དོན་ནི་ངས་སྒྲུབ་དགོས་པའི་དོན་དག་ཡིན་པས། འདི་ནི་ང་རང་གིས་རང་ལ་བཏོན་པའི་རེ་བ་ཡིན།”

ཕན་ཅིན་ཧའོ་ཡིས་འབྲོག་པ་བཙན་གྲགས་ཀྱི་བུའི་ལས་ཞུགས་གནད་དོན་ཐག་བཅད་དེ། དབུལ་ཐར་དང་བསྐྱར་དབུལ་གྱི་མཚམས་སུ་གནས་པའི་ཁྱིམ་ཚང་ཞིག་ཀུན་གྱི་རྗེས་སུ་མི་ལུས་པར་ཁག་ཐེག་བྱས།  རུས་པའི་གཅོང་ནད་བྱུང་ཞིང་སྤྱི་ཕན་རང་བཞིན་གྱི་དགེ་རྒན་གྱི་ལས་གནས་སུ་ལོ་ངོ་མང་པོར་བྱ་བ་བསྒྲུབས་མྱོང་བའི་དགེ་རྒན་ཞིག་ལ་སྨན་བཅོས་འགྲོ་གྲོན་ལྕི་མོའི་དཀའ་ངལ་སེལ་རོགས་ཀྱང་བྱས།

ཕན་ཅིན་ཧའོ་ཡི“གྲོང་གསེབ་དར་སྤེལ་གྱི་ཉིན་ཐོ”ནང་དུ། ཕལ་བའི་བྱ་བ་ཙག་ཙིག་ལས་ཚ་ཚ་འུར་འུར་གྱི་དོན་དག་བཀོད་མེད་ཅིང་། ཕལ་བ་ཡིན་ལ་ཕལ་བའང་མ་ཡིན་པའི་གཏམ་རྒྱུད་རེ་རེའི་རྒྱབ་ཏུ། ཁོའི་བྱ་བར་ལྷོད་གཡེང་མེད་པར་རྟག་ཏུ་ནན་སྒྲུབ་བྱེད་པའི་དོན་དངོས་དེ་མཐོང་། འབྲོག་པ་ཚོས“ཧྲུའུ་ཅི་ཞའོ་ཕན། ཁྱིམ་དུ་ཤོག”ཅེས་པའི་ཟོལ་མེད་ཀྱི་སྐད་ཆ་དེ་ནི་དམག་སྒར་ནས་ཡོང་བའི་ཁོ་རང་མང་ཚོགས་ཀྱི་སེམས་སུ་འདྲིས་པའི་མཚོན་རྟགས་དང་། མང་ཚོགས་ཀྱིས་ཁོར་ཁས་ལེན་དང་གུས་བཀུར་བྱས་པའི་དངོས་བྲིས་ཀྱང་ཡིན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།