མཚོ་སྔོན་གྱིས་ཞིང་པ་གསར་པ་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་ནུས་པ་འདོན་དུ་འཇུག་དགོས།
2024.04.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་ལམ། ལོ་རབས90པའི་རྗེས་ཀྱི་མཚོ་སྔོན་གྱི་ཞིང་པ་གསར་པ་ཐེང་ཞིན་ཡུས་ཀྱི་ལས་གཏོད་གཏམ་རྒྱུད་དེ་ཚང་མའི་རྣ་ཐོས་སུ་གྱུར། ཐེང་ཞིན་ཡུས་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་དུ་ལོག་ནས་ལས་གཏོད་བྱས་པ་སྟེ། རང་ཉིད་ལ་དབང་བའི་ཚོང་རྟགས“ཞའོ་ཙི་ཐང”གསར་གཏོད་བྱས་ཏེ་སྟོང་སྐོར་གྱི་སྐམས་ལུག་ཤ་དང་སྟོང་སྐོར་སྟར་ཁུ་སོགས་ཀྱི་ཞིང་ལས་ཐོན་རྫས30པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲིག་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར32ལ་ཕྱིར་འཚོང་བྱས་པ་དང་། ཏག་ཏག་ལོ་འགའི་རིང་ལ། ཁོ་མོའི་ཀུང་སིའི་ལོ་གཅིག་གི་ཕྱིར་འཚོང་ཡོང་སྒོ་སྒོར་མོ་བྱེ་བ་གཉིས་ལས་བརྒལ་བས། བྱ་བའི་ཐད་ནས་རྒྱལ་ཁ་བླངས་པར་མ་ཟད། ཡུལ་དེའི་ཞིང་པ་མང་ཚོགས་ལ་ཕན་ཆེན་པོ་བཏགས། འདི་ནི་རང་ཞིང་གི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་པའི་དཔེ་མཚོན་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཇོན་མི་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཡིན་པ”ནན་གྱིས་བསྟན་ཡོད། མཚོ་སྔོན་དུ་ཆུ་བོ་མང་ཞིང་ཉི་འོད་འཛོམས་པ། རླུང་གི་རྒྱུ་བ་བཟང་ཞིང་ས་རྒྱ་ཆེ་བ་བཅས་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་དང་སྦས་ཤུགས་ཆེན་པོ་ལྡན་མོད། འོན་ཀྱང་མང་ཆེ་བ་བེད་སྤྱོད་བྱེད་ཐུབ་ཀྱིན་མེད། ཐོན་ཁུངས་ཀྱི་ལེགས་ཆ་དེ་དག་དཔལ་འབྱོར་གྱི་ལེགས་ཆ་རུ་བསྒྱུར་ན་འཇོན་མི་ནི་གནད་འགག་ཡིན། མཚོ་སྔོན་དུ་འཚར་ལོངས་བྱུང་བའི་ཐེང་ཞིན་ཡུས་ལ་མཚོན་ན་ཕ་ཡུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་མིག་གིས་མཐོང་ཞིང་སེམས་སུ་བཟུང་ཡོད། ཁོ་མོས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ནང་གི་ལྷོ་ཕྱོགས་ས་ཁུལ་དུ་ཆེད་ལས་གློག་རྡུལ་ཉོ་འཚོང་གི་ལག་རྩལ་སློབ་ཏུ་ཆས། སློབ་མཐར་ཕྱིན་རྗེས་ཕྱིར་ལོག་ནས་ཕ་ཡུལ་ལ་དྲིན་ལན་འཇལ། ཕུགས་བསམ་དང་ཕ་ཡུལ་དར་སྤེལ་གཉིས་ཀ་མངོན་འགྱུར་བྱེད་པའི་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་ཡང་མངོན་འགྱུར་བྱས། ང་ཚོར་ཐེང་ཞིན་ཡུས་ལྟ་བུའི་ཤེས་བྱ་དང་མིག་རྒྱ། རྩལ་ནུས། ཕུགས་བསམ་བཅས་ཡོད་དགོས་པར་མ་ཟད། ལག་ཆ་གསར་པ་བཀོལ་ཤེས་པའི་ཞིང་པ་གསར་པ་མང་པོ་མཁོ། ཚོང་ཁྲོམ་སྔར་ལས་ཆེན་པོའི་སྟེང་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་བཙོང་ནས་ཐོན་ལས་ཀྱི་འཕེལ་རྒྱས་དང་ཞིང་པའི་ཡོང་འཕར་ལ་སྐུལ་འདེད་གཏོང་བ་དང་། ཞིང་པ་གསར་པ་དེ་དག་གིས་མཚོ་སྔོན་གྱི་ཞིང་ལས་འཕེལ་རྒྱས་ལ་རིག་ལམ་གསར་པ་བཏོད་ནས། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་ལ་འཚོ་སྟོབས་གསར་པ་བསྩལ་བར་རེ་སྒུག་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཡོད། ད་ལོའི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་ཞིང་ལས་ཀྱི་རྨང་གཞི་རྒྱུན་འཁྱོངས་ལྷོད་མེད་སྒོས་ཇེ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་གྲོང་གསེབ་དར་སྤེལ་ནི་ལས་རྒྱུ་མང་ལ་དོན་སྙིང་ལྡན་པ་ཞིག་ཡིན་པས། ཞིང་པ་གསར་པ་རྣམས་ཕུགས་བསམ་སྔར་ལས་མང་པོ་མངོན་འགྱུར་བྱེད་སའི་ཞིང་ས་གཤིན་པོ་དང་ལང་ཚོའི་སྟོབས་ཤུགས་འབུལ་བའི་གོ་སྐབས་མང་པོར་འཕྲད་ངེས། ཞིང་ལས་འཕྲུལ་ཆས་ཅན་དང་གཞི་གྲངས་ཅན་དུ་གྱུར་པ་ལས་ཞིང་པ་རྣམས་ལ་ཕན་མང་པོ་བཏགས་ཡོད་ལ། ཐོན་ལས་བརྟན་བརླིང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་བཞིན་ཡོད་མོད། འོན་ཀྱང་བར་མཚམས་འདིའི་ཆེས་གནད་འགག་ནི་བྱ་དངོས་གསར་པར་ཚོར་བ་སྐྱེན་པ་དང་། སློབ་སྦྱོང་གི་ནུས་པ་དྲག་པ། ཤེས་བྱ་སྡུད་ལེན་བྱེད་མཁས་པའི་གསར་གཏོད་གསར་སྐྲུན་གྱི་ཞིང་པ་གསར་པ་མཁོ་ལ། དེ་དག་གིས་ཞིང་ལས་ཐོན་སྐྱེད་ཀྱི་བཅོས་བསྒྱུར་གསར་སྐྲུན་ལ་ཡར་སྐུལ་བྱེད་པ་དང་ཞིང་ལས་ཐོན་ལས་ཀྱི་སྤོ་སྒྱུར་རིམ་སྤར་ལ་ཡར་སྐུལ་བྱེད་དགོས་པས། འཇོན་མི་ཡོད་ན་ཚང་མ་འབྱུང་སྲིད་པ་ཞིག་དང་ཚང་མ་སྒྲུབ་རིན་ཡོད་པ་ཞིག་ཡིན།

ཞིང་པ་གསར་པ་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་དགོས་ན། སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་དུ་ཧུར་བརྩོན་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་དང་ས་གནས་སོ་སོས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཆ་རྐྱེན་མར་ཕབ་པ་དང་། ངེས་གཏན་གྱི་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ཡོངས་ཁྱབ་རང་བཞིན་གྱི་འགྲོ་གྲོན་ཉུང་བསྡུའི་སྲིད་ཇུས་སོགས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ན་གཞོན་རྣམས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། ས་གནས་ཀྱིས་འཇོན་མི་ཕྱིར་ཕ་ཡུལ་དུ་ལོག་པར་སྐུལ་མ་གཏོང་ཞོར་ཡུན་ཕན་གྱི་ལམ་སྲོལ་ལེགས་པོ་བཙུགས་ནས་འཇོན་མི་ཕྱིར་ཕ་ཡུལ་དུ་འབོད་པ་དང་བོས་ཡོང་ན་འགོག་ཐུབ་པར་བྱེད་དགོས། ཕྱོགས་གཅིག་ནས་རམ་འདེགས་འགན་སྲུང་གི་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཐོབ་ཐང་གི་འགན་སྲུང་དང་སྐུལ་སློང་གི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། མི་སྐྱེད་སྲིང་དང་མི་བཀོལ་སྤྱོད། མི་འགོག་ཐུབ་པའི་མུ་ཕྲེང་ལེགས་པོ་ཞིག་ཆགས་སུ་འཇུག་དགོས། ཕྱོགས་གཞན་ཞིག་ནས་འཇོན་མི་སྔར་ལས་འཚར་ལོངས་འབྱུང་བར་ཡར་སྐུལ་བྱས་ཏེ་ཁོ་ཚོར་སློབ་སྦྱོང་དང་གསོ་སྦྱོང་གི་གོ་སྐབས་སྤྲོད་དགོས། དཔེར་ན་ཞིང་པ་གསར་པའི་ལས་གཏོད་སློབ་གསོའི་སློབ་ཐུན་མ་ལག་འཛུགས་པ་དང་། ཞིང་སྡེ་ལས་གཏོད་དང་འབྲེལ་བའི་དངོས་གཉེར་དང་གློག་རྡུལ་ཚོང་དོན་གྱི་སློབ་ཐུན་སློབ་ཁྲིད་བྱེད་པ། “སྲིད་གཞུང་དང་ཁེ་ལས་མཉམ་སྡེབ་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་མཉམ་སྒུལ་བྱེད་པ”ཡི་གཏིང་ཟབ་པོའི་མཉམ་ལས་ཀྱི་སྟེགས་བུ་འཛུགས་དགོས། མི་སྒེར་གྱིས་ཕུགས་བསམ་སྙེག་ཕོད་པ་དང་གསར་གཏོད་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པར་བྱས་ནས་ལང་ཚོ་ཡོད་ཚད་ཕ་ཡུལ་དང་མི་དམངས་ལ་ཕུལ་བའི་ཁྲོད་དུ་ངོ་མཚར་བསྐྲུན་ཐུབ་པར་བྱེད་དགོས།

མ་འོངས་པ་ན་ཐེང་ཞིན་ཡུས་དང་འདྲ་བའི་ཞིང་པ་གསར་པ་སྔར་ལས་མང་པོ་འབྱུང་སྲིད་པ་དང་། དེ་དག་ཕ་ཡུལ་གྱི་གྲོང་གསེབ་དར་སྤེལ་ཁྲོད་ཧུར་ཐག་གིས་ཞུགས་ནས་རང་ཉིད་ཀྱི་ལང་ཚོའི་རྨི་ལམ་འཚོལ་སྙེག་བྱེད་པར་རེ་སྒུག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།