བརྩེ་བ་མཐོ་སྒང་ལ་བཅངས། ། གླུ་སྐད་སྙན་ལམ་དུ་འཇེབས།།
2024.04.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

—“ཀྲུང་གོའི་མི་བཟང”སྟེ་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ(མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན)ཧྲང་ཧའེ་རོལ་མོ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཐང་ཧྲེང་ཧྲེང་གི་གནས་ཚུལ་བཀོད་པ།

ཐང་ཧྲེང་ཧྲེང་གིས་བར་ཐག་ལ་སྤྱི་ལེ2000ལྷག་ཡོད་པའི་མཚོ་སྔོན་ནི་ཕ་ཡུལ་གཉིས་པར་བརྩིས་ཏེ། རི་རབ་དང་མཚོ་མོ་སྟོང་ཕྲག་བརྒལ་ནས་གནས་འདིར་འབྱོར་ཞིང་། མཐོ་སྒང་གི་འབྲོག་ཁུལ་གྱི་སློབ་གསོ་དང་མཛེས་དཔྱོད་སློབ་གསོ་ཐད་རང་ནུས་ཅི་ཡོད་སྒོས་བློ་གྲོས་དང་སྟོབས་ཤུགས་ཕུལ། ཁོ་མོས་མཚོ་འཕང་ལ་རྨིད་སྟོང་བཞི་ལྷག་ཡོད་པའི་གྲང་ངར་ཆེ་ལ་ཁོར་ཡུག་རྩུབ་པོའི་དཀའ་ཁག་བསལ་བ་དང་། དབྱང་རླུང་དཀོན་རུང་བློ་སྤོབས་ཀྱིས་བརྟས་ཏེ། བསམ་པ་དཀར་པོ་དང་བརྩེ་བ་ཟབ་མོས་མི་རིགས་མཐུན་སྒྲིལ་དང་ལག་གདང་མཉམ་སྦྲེལ་གྱི་ངོ་མཚར་བའི་རོལ་མོ་བརྩམས་པར་མ་ཟད། འཇོན་མི་སྔོག་འདོན་དང་སེམས་རྣལ་མོས་སློབ་ཁྲིད་བྱས་ཏེ། རྩྭ་ཐང་གི་འབྲོག་པའི་བྱིས་པ་ཚོར་རྒྱལ་ནང་གི་རྩེ་རིམ་རོལ་མོ་སློབ་གླིང་གི་སྒོ་འབྱེད་པར་རོགས་རམ་བྱས།

ཁོ་མོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན་ནམ་ཅུའུ་ཀྲང་གཞོན་པ། ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆེད་མཁས་འཇོན་མི་ཧྲང་ཧའེ་རོལ་མོ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཐང་ཧྲེང་ཧྲེང་རེད། ཟླ1པའི་ཚེས3ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་གིས2023ལོའི་དུས་ཚིགས་བཞི་པའི“ཀྲུང་གོའི་མི་བཟང་མིང་ཐོ”ཁྱབ་བསྒྲགས་བྱས་པ་དང་། ཐང་ཧྲེང་ཧྲེང་ནི་རང་ཞིང་གི་འཐུས་མི་གཅིག་པུ་ཡིན་ལ། གཞན་ལ་རོགས་རམ་བྱེད་པར་དགའ་བའི“ཀྲུང་གོའི་མི་བཟང”གི་མིང་ཐོའི་ནང་ཚུད།

ཕུའུ་ཅང་གཙང་འགྲམ་ནས་རྨ་ཆུའི་མགོ་ཁུངས་བར་དུ། ཁོ་མོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རིག་གནས་མཉམ་བསྲེས་ཀྱི་རོལ་མོ་བརྩམས།

2020ལོའི་ཟླ8པར། དབྱར་དུས་ཀྱི་མཐོ་སྒང་གི་ནམ་མཁའ་གཡའ་དག་ཅིང་བསིལ་འཇམ་ལྡན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“བློ་གྲོས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ·མཚོ་སྔོན་གསར་པར་རོགས་ཤུགས་འདོན”ཞེས་པའི་འཇོན་མི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག ཕྱོགས་གཉིས་ཀྱི་གན་རྒྱ་བཞག་པ་དང་བསྟུན། ཐང་ཧྲེང་ཧྲེང་མགོ་ལོག་ཁུལ་གྱིས་ནང་འདྲེན་བྱས་པའི་སྟབས་བསྟུན་འཇོན་མི་དང་ལས་གཞི་ཆེད་མཁས་པར་གྱུར་ཞིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རིག་གནས་བརྗེ་རེས་དང་སློབ་གསོ་དང་མཛེས་དཔྱོད་སློབ་གསོ་གོང་འཕེལ་གཏོང་མགོ་བརྩམས་ཏེ། སྒྱུ་རྩལ་འཇོན་མིའི་སྟེགས་བུ་འཛུགས་སྐྲུན་དང་མཛུབ་སྟོན། གསོ་སྐྱོང་བཅས་ཀྱི་ཁྱབ་ཁོངས་སུ་རང་ནུས་གང་ཡོད་བཏོན།

ཚེ་འདིར་ཐོག་དང་པོར་མཐོ་སྒང་དུ་གོམ་པ་སྤོས་པ་ན། མིག་ལམ་དུ་མངོན་པ་ནི་གྲོང་ཁྱེར་དང་མི་འདྲ་བར་ཁོད་ཡངས་པའི་རྩྭ་ཐང་ཡིན་ལ། མཛེས་ཤིང་སྡུག་པའི་རི་ཆུ་ཡིས་མ་གཞི་ནས་རང་བྱུང་ཡུལ་ལྗོངས་ལ་དགའ་བའི་ཐང་ཧྲེང་ཧྲེང་ལ་བརྗོད་ཐབས་བྲལ་བའི་སྣང་བ་ཞིག་སྦྱིན། མགོ་ལོག་ཁུལ་ནི་རྨ་ཆུའི་མགོ་ཁུངས་སུ་ཆགས་པ་དང་། ས་གནས་དེ་གའི་སྐྱེ་ཁམས་དང་མི་ཆོས་གཙང་མ་ནི་སྒྱུ་རྩལ་གསར་རྩོམ་གྱི་རང་བྱུང་གི་ཞིང་ས་གཤིན་པོ་ཞིག་ཏུ་གྱུར་ལ། མཐོང་ཐོས་ཡོད་ཚད་ཀྱིས་ཁོ་མོའི་ཀུན་རྟོག་གི་སྒོ་མོ་ཡངས་པོར་ཕྱེས།

གེ་སར་རིག་གནས་ཀྱི་འབྱུང་ཡུལ་གཙོ་བོ་ཡིན་པའི་ཆ་ནས། མགོ་ལོག་ཁུལ་ལ“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་སར”འབོད་པ་དང་། ས་གནས་དེར་ད་དུང་གནའ་བོའི་རྒྱུན་རིང་ལ་ཕུན་སུམ་ཚོགས་པའི་བོད་ཀྱི་གཟུགས་འདས་ཤུལ་བཞག་རོལ་ཆས་མང་པོ་ཡོད་དེ། འབྲོང་རྭའི་སྒྲ་སྙན་ལ་ལོ500ལྷག་གི་ལོ་རྒྱུས་ལྡན་པ་དང་། བོད་ཀྱི་དིང་གླིང་གི་ལོ་རྒྱུས་ཡང་ཡུན་རིང་ལ། པི་ཝང་རྒྱུད་གཉིས་མར་ལོ་ངོ་སྟོང་ལྷག་གྱི་ལོ་རྒྱུས་ཡོད། སྒྲ་སྙན་འབྲུག་མགོ་མ་ནི་ལོ1856གི་ཡར་སྔོན་ནས་བྱུང་བ་དང་། གཞན་ད་དུང་དུས་རབས9པའི་ནང་བྱུང་བའི་རྟ་རྔ་དང་བཀྲ་ཤིས་དུང་དཀར། རྡུང་དཀྲོལ་རོལ་ཆས“ཏིང་ཤག”སོགས་ཡོད།

ཐང་ཧྲེང་ཧྲེང་གིས་རྒྱུས་ལོན་བྱས་ཏེ་ཤེས་གསལ་བྱུང་བ་ལྟར་ན། དུས་ཡུན་རིང་པོའི་ཚུན་དུ་མགོ་ལོག་ས་ཁུལ་གྱི་རོལ་མོ་པར་ཁེར་དཀྲོལ་ཁེར་ལེན་གྱི་གོམས་གཤིས་ཤིག་ཆགས་ཡོད་པས། འབུད་རྡུང་དཀྲོལ་གསུམ་གྱི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་མེད། དེ་བས་རོལ་མོ་པ་མང་པོ་ཞིག་གིས་རང་མགོ་མ་ཐོན་ལ། ས་གནས་ཀྱི་གཟུགས་འདས་ཤུལ་བཞག་ཀྱང་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་མ་ཐུབ་པར་ལུས། ས་གནས་དེ་གའི་རོལ་མོ་པ་དག་གི་སྒྱུ་རྩལ་གྱི་ལམ་ཁ་ཇི་ལྟར་འབྱེད་པ་དང་། ལོ་ངོ་བརྒྱ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི“རོལ་ཆས་གཏེར་མཛོད”དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་གླུ་སྐད་མཐོ་སྒང་ནས་ཕྱིར་མཆེད་དུ་འཇུག་རྒྱུ་ནི། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་འདིས་དུས་ཐོག་ཏུ་ཐག་གཅོད་དགོས་པའི“མགོ་ལོག་དགོས་མཁོ”རུ་གྱུར་ཡོད།

2021ལོའི་ལོ་མགོར། ཐང་ཧྲེང་ཧྲེང་གིས་མགོ་ལོག་ཁུལ་གྱི་རྣོ་སྦྲེང་ཐོག་མ་དང་གཟུགས་འདས་ཤུལ་བཞག་གི་མི་རིགས་རོལ་ཆས་གཉིས་སྡེབ་སྒྲིག་བྱས་ཏེ—“ཨ་མྱེས་རྨ་ཆེན་ཚོགས་པ”བཙུགས་ཏེ། ས་གནས་དེ་གའི་རོལ་མོ་པ་དང་ཁྱད་ལྡན་ཐོན་ཁུངས་དེ“ཁེར་ལེན་ཁེར་དཀྲོལ”ནས“ཚོགས་པའི་ཕྱོགས་སུ་སྐྱོད་པར”སྣེ་ཁྲིད་བྱས། ཐང་ཧྲེང་ཧྲེང་ལས་གཞི་སྒྲིག་བཟོ་པ་དང་གཙོ་སྒྲུབ་པ་ཡིན་པའི་ཆ་ནས། མགོ་ལོག་ས་ཁུལ་ལ་ཁྱད་དུ་མངའ་བའི་དམངས་ཁྲོད་དབྱངས་རྟ་དང་དེང་རབས་མི་རིགས་རོལ་མོའི་རྩལ་ཐབས་གསར་གཏོད་དང་མཉམ་བསྲེས་བྱས་ལ། མགོ་ལོག་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རོལ་ཆས་རིགས6དང་ཕྱི་གླིང་རོལ་ཆས། མགོ་ལོག་གདོད་མའི་གླུ་སྐད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྗང་མདོག་སྐྱེ་ཁམས་བཅས་ཚན་རྩལ་གྱིས་ཕྱུག་པའི་བྲོ་གར་དང་མཉམ་བསྲེས་བྱས་ཏེ། 《རྨ་ཆུ་ནས་འབྲི་ཆུའི་བར་དུ་སྐྱོད》ཅེས་པའི་གསར་རྩོམ་ཆས་རྟགས་མུ་འབྲེལ་བརྩམས་ཆོས་ཏེ《རྨ་ཆུ་ནས་འབྲི་ཆུའི་བར་དུ་སྐྱོད·མི་རིགས་རོལ་དབྱངས་སྐོར་འཁྲབ》ཅེས་པ་གསར་སྒྲིག་བྱས།

དེའི་སྔོན་དུ། རོལ་མོ་སྡེབ་སྒྲིག་ཁྲོད་ཀྱི་ས་གནས་དེ་གའི་རོལ་མོ་པར་ཆེད་ལས་རང་བཞིན་གྱི་སློབ་གསོ་མྱོང་ཐུབ་མེད་པས་དབྱངས་རྟགས་ངོས་མི་ཟིན་མོད། འོན་ཀྱང་ཐང་ཧྲེང་ཧྲེང་གིས་ནམ་ཡང་བག་ཡོད་ཚུལ་མཐུན་སྒོས་ཚིག་རེ་རེ་བཞིན་སློབ་ཁྲིད་དང་སྟངས་སྟབས་རེ་རེ་བཞིན་སྦྱོང་བརྡར་བྱས། དེ་ལྟ་བུའི་འབད་བརྩོན་གྱིས་ཤེས་མེད་ཚོར་མེད་ངང་ཚང་མར་སྐུལ་ལྕག་ཐེབས། གངས་ཅན་ལྗོངས་ཀྱི་གླུ་སྐད་འདི་ཕྱིར་སྒྲོག་པའི་ཐུན་མོང་གི་དམིགས་འབེན་དེའི་ཆེད་དུ། ཐང་ཧྲེང་ཧྲེང་དང་ཚོགས་པའི་ཁོངས་མི་ཡོངས་ཀྱི་སེམས་པ་གཅིག་ཏུ་དམ་པོར་སྦྲེལ་ཞིང་། སྒྲ་སྙན་རྒྱུད་སྐུད་ལྟར་འཆམ་ཞིང་མཐུན་པར་འདར་སྐྱོམ་བྱས་པ་ལས་སྙན་ཞིང་འཇེབས་པའི་རོལ་མོ་ཞིག་གྲུབ།

2023ལོར། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་ལྟ་སྲུང་བྱེད”ཅེས་པའི་སྐྱེ་ཁམས་ཡུལ་ལྗོངས་ཀྱི་རོལ་མོའི་པར་རིས་ཏེ《རྨ་ཆུ་ནས་འབྲི་ཆུའི་བར་དུ་སྐྱོད·མི་རིགས་རོལ་དབྱངས་སྐོར་འཁྲབ》ཅེས་པ་སྔ་གཞུག་ཏུ་མཚོ་སྔོན་དང་ཧྲང་ཧའེ། ཅང་སུའུ། ཅང་ཞི། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་འཁྲབ་སྟོན་བྱས། མགོ་ལོག་ས་ཁུལ་གྱི་གླུ་བའི་འགྱུར་ཁུགས་དང་སྙན་འཇེབས་ལྡན་པའི་གདོད་མའི་གླུ་སྐད་ཀྱིས་སྐོར་སྐྱོད་འཁྲབ་སྟོན་གྱི་ཡུལ་དངོས་རེ་རེར་གསོན་ཤུགས་བསྩལ་བ་དང་། གཟུགས་འདས་ཤུལ་བཞག་རོལ་ཆས་ཀྱིས་ས་གནས་དེ་གའི་རི་ཆུའི་རིག་གནས་དང་མི་ཆོས་གཙང་མ་མངོན་པ་ལྟ་བུའི་རོལ་མོ་དཀྲོལ་བར་མ་ཟད། གངས་ཅན་ལྗོངས་ནས་ཐོན་པའི་གླུ་སྐད་དེ་དག་མི་སེམས་སུ་ཟུག་སྟེ། ཡུལ་དངོས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། འཁྲབ་སྟོན་མཇུག་རྫོགས་རྗེས། ལྟད་མོ་པ་རྣམས་ཀྱིས་བསྟོད་བསྔགས་ཚད་མེད་བྱས།

ལོ་དེའི་ཟླ6པར། 《རྨ་ཆུ་ནས་འབྲི་ཆུའི་བར་དུ་སྐྱོད·མི་རིགས་རོལ་དབྱངས་སྐོར་འཁྲབ》ཅེས་པ་རོལ་མོའི་ཏང་གི་སློབ་ཁྲིད་ཀྱི་རུ་ཁག་ཆུང་ཆུང་རྣམ་པས་མགོ་ལོག་ཁུལ་གྱི་རྫོང་སོ་སོ་རུ་གྲོང་གསེབ་དར་སྤེལ་གཞི་རིམ་དུ་སྐྱོད་པའི་མི་རིགས་རོལ་མོའི་ཏང་གི་སློབ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་ནས་ཐེངས14ལ་འཁྲབ་སྟོན་བྱས་པས་ཡུལ་དེར་དགའ་བསུ་ཆེན་པོ་ཐོབ།

ཧྲང་ཧའེ་གྲོང་ཁྱེར་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་རིག་གནས་མཉམ་བསྲེས་ལས་གཞི་སྟེ། 《རྨ་ཆུ་ནས་འབྲི་ཆུའི་བར་དུ་སྐྱོད·མི་རིགས་རོལ་དབྱངས་སྐོར་འཁྲབ》ཅེས་པར2023ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི“རིག་གནས་དྲིལ་སྒྲོག་དང་བརྗེ་རེས། ཁྱབ་གདལ་བཅས་ཀྱི་རོགས་སྐྱོར་ལས་གཞི”ཡི་ཆོག་མཆན་ཐོབ་སྟེ། ཧྲང་ཧའེ་དང་མཚོ་སྔོན་གྱི་རིག་གནས་མཉམ་བསྲེས་ཆས་རྟགས་ཁྲོད“གསེར་གྱི་མིང་བྱང་”ལྟ་བུར་གྱུར།

སྟེགས་བུ་བསྐྲུན་པ་ནས་སེམས་འདུན་མངོན་པའི་བར་དུ། ཐང་ཧྲེང་ཧྲེང་གིས་མཛེས་དཔྱོད་སློབ་གསོས་སློབ་མའི་སེམས་ཁམས་གསོ་བ་ལག་ལེན་དུ་བཏབ།

མཐོ་སྒང་དུ་ཡོང་བ་ནས་བཟུང་། ཁོ་མོ་མགོ་ལོག་གི་བྱིས་པ་མང་པོར་འཕྲད་པ་དང་། བྱིས་པ་དེ་ཚོའི་སློབ་སྦྱོང་གི་འགན་ཁུར་ལྕི་ན་ཡང་སྔར་བཞིན་རོལ་མོར་དུངས་པའི་འདུན་པ་དང་རོལ་མོའི་ཁྲོད་ལྷད་མེད་ཀྱི་གཤིས་ཀ་མངོན་ཡོད་པ་མཐོང་། དེས་ཁོ་མོར་ཐག་རིང་གི་བྱིས་པ་ཚོས་འཛམ་གླིང་ལ་རྒྱུས་ལོན་བྱེད་པའི་ལམ་ནི་ཧུར་བརྩོན་གྱིས་དཔེ་ཀློག་བྱེད་པ་ཁོ་ན་མིན་པར། མཛེས་དཔྱོད་སློབ་གསོ་ནི་སློབ་རའི་སློབ་གསོ་བྱ་བའི་དམིགས་འབེན་དང་ཐབས་ལམ་ཡིན་པ་དང་། རང་ནུས་ཅི་ཡོད་སྒོས་མགོ་ལོག་གི་སློབ་མར་སྔར་ལས་ཆེ་བའི་སྟེགས་བུ་ཞིག་བསྐྲུན་རྒྱུ་དང་། རོལ་མོའི་ཟིལ་ཤུགས་དངོས་སུ་ཉམས་ལེན་བྱེད་དུ་བཅུག་སྟེ། མ་འོངས་པའི་མི་ཚེར་གདམ་གསེས་དང་གོ་སྐབས་མང་པོ་ཞིག་མཁོ་སྤྲོད་བྱ་རྒྱུའི་ཡིད་ཆེས་བརྟན་པོ་བཅངས།

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སྒྱུ་རྩལ་ཁྱད་ཆོས་འཕེལ་རྒྱས་དང་ཁ་ཕྱོགས་འཆར་འགོད་བྱེད་པར་མཛུབ་སྟོན་དང་རོགས་རམ་བྱེད་སྐབས། ཐང་ཧྲེང་ཧྲེང་གིས་སློབ་མའི་འབུད་གཏོང་རོལ་ཚོགས་ཤིག་འཛུགས་པའི་བསམ་ཚུལ་བཏོན། དང་ཐོག་བསམ་ཚུལ་དེ་སུས་ཀྱང་ཁས་ལེན་མ་བྱས། རྒྱུ་མཚན་ནི་རྩྭ་ཐང་དུ་འཚོ་སྡོད་བྱས་པའི་བྱིས་པ་ཚོར་མཚོན་ན། ཕྱི་གླིང་རོལ་ཆས་ནི་རྨི་ལམ་ལྟ་བུར་ངེས་ལ། ཕལ་ཆེར་དངོས་ཡོད་འཚོ་བའི་ཁྲོད་དུའང་མཐོང་དཀའ་བ་དང་། ཉུང་ཤས་ཤིག་གིས་ཀྱང་ཏག་ཏག་ཁ་པར་བརྒྱུད་ནས་རྒྱུས་ལོན་བྱས་པ་རེད།

“བྱིས་པ་ཚོ་འབུད་གཏོང་རོལ་ཆས་ལ་དགའ་འམ། རང་འགུལ་ངང་དེ་སློབ་མཁན་ཡོད་དམ།”

དོགས་གཞི་སྣ་ཚོགས་ཤིག་ཡོད་ཀྱང་། ཐང་ཧྲེང་ཧྲེང་གིས་རོལ་ཚོགས་འཛུགས་རྒྱུ་ཡིན་པ་ཐག་གིས་བཅད་ཚེ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སློབ་མའི་འབུད་གཏོང་རོལ་ཚོགས་ལ་མིང་ཐོ་འགོད་པའི་འོས་སྦྱོར་ཚོགས་འདུ་དུས་ལྟར་སྤེལ་དགོས་པར་བསམ། མིང་ཐོ་འགོད་པའི་ཉིན་དེར། སློབ་མ་ཚོས་ཡུལ་དངོས་སུ་ཧྲང་ཧའེ་རོལ་མོ་སློབ་གླིང་དང་རོལ་ཚོགས་ཀྱིས་ཆེད་དུ་གདན་ཞུ་བྱས་པའི་དགེ་རྒན་གྱིས་ངོ་མཚར་བའི་འཁྲབ་སྟོན་ལ་བལྟས་རྗེས། སློབ་མ་མང་པོ་ཞིག་གིས་མིང་ཐོ་བཀོད། “མཇུག་མཐར་མིང་ཐོ་བཀོད་པའི་མི་གྲངས169ཡོད་པ་དང་། བྱིས་པ་ཚོར་འབུད་གཏོང་རོལ་ཆས་ཀྱི་རྨང་གཞི་ཤེས་བྱ་ཅི་ཡང་མེད་རུང་། དེའི་མིང་ཐོ་འགོད་པ་དང་སློབ་སྦྱོང་བྱེད་པའི་འདུན་པར་ཤུགས་རྐྱེན་ཅི་ཡང་ཐེབས་མེད”ཅེས་ཐང་ཧྲེང་ཧྲེང་གིས་དེ་ལྟར་བཤད་བྱུང་།

རོལ་ཚོགས་དངོས་སུ་བཙུགས་ཏེ་ལོ་གཅིག་འགོར་བ་དང་། 2023ལོའི་ཟླ12པའི་ཚེས26ཉིན། རྒྱལ་ཡོངས་བོད་ཀྱི་ལོ་ཆུང་གཞོན་ནུའི་འབུད་གཏོང་རོལ་ཚོགས་ཏེ་མགོ་ལོག་ཁུལ་ལོ་ཆུང་གཞོན་ནུའི་འབུད་གཏོང་རོལ་ཚོགས་ཐོག་མ་དངོས་སུ་བཙུགས། འབུད་གཏོང་རོལ་ཚོགས་དེར་བསྡོམས་པས་མི90ཡོད་པ་དང་། ཁོ་ཚོ་ནི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དམའ་གཅིག་ནས་མཐོ་གསུམ་བར་གྱི་སློབ་མ་རྐྱང་རྐྱང་ཡིན་ལ། དེའི་ཁྲོད་ཀྱི་སློབ་མ75%མགོ་ལོག་གི་འབྲོག་པའི་ཁྱིམ་ཚང་གི་བུ་བུ་མོ་རེད།

ད་ལོ་ལོ་ན13ཡིན་པའི་འཇིགས་མེད་སེང་གེའི་གཟུགས་སྟོབས་ཆུང་ཡང་། འབུད་གཏོང་རོལ་ཚོགས་ནང་ཞུགས་ཏེ་དུང་ཆེན་འབུད་སྐབས་ཁོའི་གདོང་ལ་ནམ་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད།

ཐང་ཧྲེང་ཧྲེང་གིས་རེ་སྒུག་བྱེད་པ་ནང་བཞིན། འབུད་གཏོང་རོལ་ཚོགས་ཀྱིས་བསྐྲུན་པའི་སྟེགས་བུས་མགོ་ལོག་འབྲོག་པའི་ཁྱིམ་ཚང་གི་བྱིས་པར་རྒྱབ་སྐྱོར་དང་། སློབ་ཁང་ནས་གར་སྟེགས་སྟེང་འགྲོ་བའི་གོ་སྐབས་སྦྱིན་ཏེ། སྒྱུ་རྩལ་ལག་ལེན་གྱི་ཁྲོད་དུ་ཞུགས་སུ་བཅུག དུས་རྒྱུན་བག་ཡོད་ཚུལ་ལྡན་གྱི་བྱིས་པ་ཚོ་ཡང་མི་གཞན་ལ་འབྲེལ་འདྲིས་བྱེད་པར་དགའ་ལ་གཤིས་ཀ་ཡང་གྲུང་པོར་གྱུར་ཡོད། ཐང་ཧྲེང་ཧྲེང་གིས་འབུད་གཏོང་རོལ་ཚོགས་ལ་ཆེད་ལས་རོགས་རམ་བྱེད་པ་ལས་གཞན། ད་དུང་རང་གི་མཚོ་སྔོན་རོགས་སྐྱོར་ཁ་གསབ་མ་དངུལ་དེ་སློབ་མའི་འབུད་གཏོང་རོལ་ཚོགས་ལ་ཞལ་འདེབས་སུ་ཕུལ་ཏེ། ཕུལ་བྱུང་སྒྱུ་རྩལ་སློབ་མའི་ཆེད་དམིགས་བྱ་དགའི་མ་དངུལ་འདོན་པར་བཀོལ།

ད་ལོར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་མཚོ་སྔོན་ཟློས་གར་ཁང་ཆེན་མོ་དང་མགོ་ལོག་ཁུལ་ཐོག་ཏུ་ཐེངས་དང་པོར་འཁྲབ་སྟོན་བྱེད་རྒྱུ་དེ་ནི་ཐང་ཧྲེང་ཧྲེང་དང་འབུད་གཏོང་རོལ་ཚོགས་ཀྱི་བྱིས་པ་ཚོའི་ཐུན་མོང་གི་སེམས་འདུན་དང་འཆར་གཞིར་གྱུར་ཡོད།

ཐག་རིང་གི་རྩྭ་ཐང་ནས་རྩེ་རིམ་སློབ་གླིང་ནང་འགྲོ་བའི་བར་དུ། ཁོ་མོས་འབྲོག་ཁུལ་གྱི་བྱིས་པ་ཚོའི་ལས་དབང་ཁ་ལོ་སྒྱུར་བཞིན་ཡོད།

མཐོ་སྒང་གི་རང་བྱུང་གནམ་གཤིས་དང་ཁོར་ཡུག་རྩུབ་པའི་དབང་གིས། མགོ་ལོག་ཁུལ་གྱི་ས་གནས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་དུས་ཡུན་རིང་པོར་སྡོད་པའི་སྒྱུ་རྩལ་སློབ་གསོའི་ཐད་ཀྱི་དགེ་རྒན་དཔུང་སྡེ་ཞིག་བསྐྲུན་ཐུབ་མེད། 2022ལོར། ཧྲང་ཧའེ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་འོང་བའི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ལི་ཕེང་གིས་ཐང་ཧྲེང་ཧྲེང་བཙལ་ནས། ཁོམ་སྐབས་ཡོད་ཚེ་སྒྱུ་རྩལ་ཆེད་ལས་ལ་རྒྱུགས་སྤྲོད་པའི་སློབ་མ་ཚོར་དུས་ཐུང་གི་གསོ་སྦྱོང་ཞིག་སྤེལ་རྒྱུའི་གྲོས་མགོ་བཏོན་པ་ན། ཐང་ཧྲེང་ཧྲེང་གིས་ཡང་བསྐྱར་སློབ་ཁང་དུ་སློབ་ཁྲིད་བྱེད་ཐུབ་པའི་གཏམ་དེ་ཐོས་རྗེས་མྱུར་མོར་ཁས་ལེན་བྱས་པ་རེད།

གླུ་ལེན་ནུས་རྩལ་མངོན་པའི་སྒྱུ་རྩལ་ཆེད་ལས་ལ་རྒྱུགས་སྤྲོད་པའི་སློབ་མ་གསུམ་གྱི་ཁྲོད། ཐང་ཧྲེང་ཧྲེང་གིས་མགོ་ལོག་ཁུལ་དགའ་བདེ་རྫོང་ནས་ཐོན་པའི་རྨ་ཆོས་རིན་མཚོ་ཡི་རྨང་གཞིའི་ལེན་རྩལ་བཟང་བའི་འཁྲབ་སྟོན་ལ་བལྟས་རྗེས། ཉམ་ཆུང་ཡང་ལྷན་སྐྱེས་ཀྱི་སྐད་ངག་ལྡན་པའི་བུ་མོ་དེའི་སྐྱེས་ཐོབ་ཀྱི་ཤེས་རབ་དང་འབད་བརྩོན་གྱི་བློ་སྤོབས་ངང་གིས་མཐོང་བྱུང་།

ཐང་ཧྲེང་ཧྲེང་དགོང་མོ་ཉལ་ཁང་དུ་ལོག་རྗེས། ཡིད་ལ་རང་དབང་མེད་དུ་ཕྱི་དྲོའི་རྣམ་པ་དེ་ཤར་བ་དང་། སྐབས་དེར་མོས་རྨ་ཆོས་རིན་མཚོ་ལེ་དབར་སྟོང་ཕྲག་གི་ཕ་རོལ་གྱི་ཧོང་ཕུའུ་གཙང་འགྲམ་གྱི་ཧྲང་ཧའེ་རོལ་མོ་སློབ་གླིང་དུ་བསྐྱལ་འདོད་པའི་འདུན་པ་ཞིག་འགོག་མེད་དུ་སྐྱེས།

“ཚོད་ལྟ་ཞིག་བྱས་ན་ཅིས་མི་ཆོག”ཅེས་ཐང་ཧྲེང་ཧྲེང་གིས་རང་ཉིད་ལ་ལྡོག་འདྲི་བྱས་པ་དང་མཉམ་དུ། ཧྲང་ཧའེ་རོལ་མོ་སློབ་གླིང་གི་མིང་དུ་གྲགས་པའི་སློབ་གྲོགས་སམ་རྒྱལ་ནང་གི་བོད་ཀྱི་གདངས་མཐོ་གླུ་མ་གྲགས་ཅན་ཚེ་བརྟན་སྒྲོལ་མའི་སྣང་བརྙན་ཡིད་ལ་ཝ་ལེར་ཤར་བ་དང་། བསམ་བློ་ཡང་ཡང་གཏོང་བའི་ཁྲོད་རྨ་ཆོས་རིན་མཚོར་ཚོད་ལྟའི་གོམ་པ་སྤོ་རུ་འཇུག་རྒྱུ་ཐག་བཅད།

དགོང་མོ་དེར། ཐང་ཧྲེང་ཧྲེང་གིས་གློག་ཀླད་ཀྱི་མདུན་དུ་དུས་ཚོད་བཞིའི་རིང་ལ་གློག་འཕྲིན་ཞིག་བྲིས་པ་དང་། གློག་འཕྲིན་གཏོང་ཡུལ་ནི་དུས་ཡུན་རིང་པོར་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་འཇོན་མི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་ཧྲང་ཧའེ་རོལ་མོ་སློབ་གླིང་གི་སློབ་གཙོ་ལིའོ་ཁྲང་ཡུང་ལགས་རེད། འཕྲིན་ཡིག་དེའི་ནང་དུ་མགོ་ལོག་ཁུལ་ཏང་ཨུའི་སྲིད་གཞུང་གིས་འབྲོག་ཁུལ་སློབ་མའི་སྒྱུ་རྩལ་སློབ་གསོར་ཐུགས་ཁུར་དང་། དེ་མིན་རྨ་ཆོས་རིན་མཚོའི་གནས་ཚུལ་དང་མོའི་རོལ་མོར་བཅངས་པའི་འདུན་པ་བརྗོད་ཡོད།

ཅུང་མ་འགོར་བར། སློབ་གཙོ་ལིའོ་ཡིས་ཁས་ལེན་དང་རྒྱབ་སྐྱོར་བྱེད་རྒྱུའི་ལན་འབྱོར་རྗེས། ཐང་ཧྲེང་ཧྲེང་དང་སློབ་གླིང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གྲོགས་ཀྱིས་བླང་བྱ་ནན་མོ་བཏོན་པ་ལྟར། རྨ་ཆོས་རིན་མཚོ་ལ་མ་ལག་རང་བཞིན་གྱི་སློབ་ཁྲིད་བྱེད་མགོ་བརྩམས་པ་དང་། ཁོ་མོའི་སྒྲ་འདོན་སྟངས་བཟོ་བཅོས་དང་འཁྲབ་སྟོན་རྣམ་པ་ལེགས་བཅོས་བྱེད་རོགས་བྱས་ཏེ། དུས་ཚོད་དམ་འཛིན་སྒོས་མི་འདང་ས་ཁ་སྐོང་བྱས། འཚོ་བའི་ཕྱོགས་སུའང་། ཐང་ཧྲེང་ཧྲེང་གིས་རང་ཉིད་ཀྱི་ལོ་གསུམ་གྱི་ཁ་གསབ་མ་དངུལ་བླངས་ནས། ནུས་ཤུགས་གང་ཡོད་སྒོས་རྨ་ཆོས་རིན་མཚོ་དང་ཁྱིམ་མིའི་སེམས་ཁྲལ་སེལ་རོགས་བྱས།

རྨ་ཆོས་རིན་མཚོས་ཀྱང་བརྩོན་པ་བརྒྱ་འགྱུར་སྒོས་ཉིན་རེའི་ཞོགས་པའི་དུས་ཚོད5པ་ནས་དགོང་མོའི་རང་སྦྱོང་གི་དུས་ཚོད10ཡི་བར་དུ་སློབ་སྦྱོང་བྱས་པ་དང་། ཐ་ན་དགོང་ཇ་འཐུང་སྐབས་སུ་ཡང་ཧྲང་ཧའེ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚོགས་སྒྲིལ་རྣམ་པའི་རོགས་སྐྱོར་གྱི་རིག་གནས་སློབ་ཁྲིད་དགེ་རྒན་དང་མཉམ་དུ་བསྡད་དེ་དོགས་གནད་ཅི་ཡོད་དགེ་རྒན་ལ་དྲིས།

སྐུལ་ལྕག་རང་བཞིན་གྱི་གཏམ་རྒྱུད་མང་པོའི་མཇུག་འབྲས་ནང་བཞིན། དང་ཐོག་སུས་ཀྱང་ཡིད་ཆེས་བྱེད་དཀའ་བའི་གནས་ཚུལ་འོག མཇུག་མཐར་རྨ་ཆོས་རིན་མཚོས་ཧྲང་ཧའེ་རོལ་མོ་སློབ་གླིང་གི་རེས་སྐོར་གསུམ་པའི་སློབ་རྒྱུགས་བདེ་བླག་ངང་འཕྲོད་པར་མ་ཟད། རིག་གནས་སློབ་ཚན་གྱི་སློབ་བསྡུ་སྐར་གྲངས་ཀྱང100བླངས་ཏེ། ཧྲང་ཧའེ་རོལ་མོ་སློབ་གླིང་དུ་འགྲིམས་ནས་རང་ཉིད་ཀྱི་དགའ་ཕྱོགས་རོལ་མོར་སློབ་སྦྱོང་བྱེད་མགོ་བརྩམས།

ཆུ་ལ་རྡོ་འཕངས་པ་བཞིན། རྨ་ཆོས་རིན་མཚོའི་གཏམ་རྒྱུད་ཀྱིས་མགོ་ལོག་གི་སློབ་མ་མང་པོའི་སྒྱུ་རྩལ་འཚོལ་སྙེག་གི་ཡིད་ཆེས་བསླངས་ལ། ས་གནས་སློབ་གསོ་སྡེ་ཁག་གིས་དཀའ་ངལ་ཁྱད་བསད་དང་སྒྱུ་རྩལ་འཇོན་མི་སློབ་གསོ་ལེགས་འཛིན་བྱེད་པའི་ཆོད་སེམས་ཀྱང་བརྟན་པོར་བཏང་། རྨ་ཆོས་རིན་མཚོའི་ཐོག་ནས་ཐང་ཧྲེང་ཧྲེང་གིས་མགོ་ལོག་གི་སྒྱུ་རྩལ་སློབ་མའི་མ་འོངས་པར་རེ་བ་ཆེན་པོ་བཅངས་ཡོད་པ་མཐོང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།