ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་མ་མགོ་སྡེ་བ་ན་ཡོད་པའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་སོང་བ་ན། ལམ་འགྲམ་དུ“ཐང་ག་སྒྱུ་རྩལ་གྱི་གྲོང་སྡེ། རེབ་གོང་སྒྱུ་རྩལ་གྱི་ཕ་ས”ཞེས་བྲིས་ཡོད་པའི་བྱང་བུ་དེ་མིག་ལམ་དུ་གསལ་པོར་མངོན་བྱུང་། ད་ལྟ་དགུ་ཆུའི་འགྲམ་གྱི་ཀླུ་སྒྲུབ་སྒྱུ་རྩལ་གླིང་ནི་ལྷ་བཟོ་སྟོང་ལ་ཉེ་བ་ཞིག་གི་ཐང་ག་འབྲི་བཞེངས་བྱེད་སའི་གླིང་ག་རུ་གྱུར་ཡོད།
ཐང་ག་བཞེངས་སའི་ཁང་མིག་ཅིག་གི་ནང་དུ་ཀླུ་སྒྲུབ་ཐང་ག་སྒྱུ་རྩལ་གླིང་གི་སྒོ་འབྱེད་པ་བཀྲ་ཤིས་རྒྱ་མཚོས་སློབ་མ་རྣམས་ལ《དགྲ་བཅོམ་པ་ལྔ་བརྒྱ》ཡི་ཐང་ག་ཆེན་པོ་ཞིག་འབྲི་རུ་འཇུག་བཞིན་ཡོད། མཐོ་སྒང་གི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་ཁང་པའི་ནང་དུ་འཕྲོས་ཤིང་། ཁང་པའི་ནང་དུ་པིར་སྨྱུག་གི་སྒྲ་མ་གཏོགས་མི་ཐོས།
“ཧྥན་ཆེན་ཅི། མཚལ་གྱི་ཁ་དོག་ཅུང་ཙམ་མཐུག་སོང་། དཀར་ཡོལ་ནང་དུ་ཡང་བསྐྱར་ཆུ་ཞིག་སྣོན་དང་། དེ་ལྟར་བྱས་ན་ཚོན་ལ་ཆུ་འདྲེས་ཚད་འགྲིག་ཡོད་པས་རས་གཞིའི་སྟེང་གི་ཚོན་མི་ཁོགས”ཞེས་བཀྲ་ཤིས་རྒྱ་མཚོས་སུན་སྣང་མེད་པར་ཁོའི་སློབ་མ་ཧྥན་ཆེན་ཅི་ལ་མཛུབ་སྟོན་བྱས། སྐྱ་ཐིག་བྲིས་པ་མི་ལེགས་པ་དང་ཚོན་བྱུགས་པ་མི་འདང་ས་ཡོད་པ་དག་སློབ་མ་ཚོར་བཤད་ནས་ཁོ་ཚོ་ཡར་ཐོན་འབྱུང་བར་རོགས་རམ་བྱེད་ཆེད་བཀྲ་ཤིས་རྒྱ་མཚོ་ཉི་མ་རེ་རེ་བཞིན་ཐང་ག་འབྲི་ས་རུ་ཡོང་བཞིན་ཡོད།
“ཡ་ལགས། དགེ་རྒན། ངས་མཉམ་འཇོག་བྱེད”ཧྥན་ཆེན་ཅི་ཡིས་དགེ་རྒན་ལ་དེ་ལྟར་ལན་བཏབ། དགེ་རྒན་ལགས་ཀྱི་མཛུབ་སྟོན་ཐོས་རྗེས། ཁོས་དཀར་ཡོལ་ནང་གི་ཚོན་ཁག་ཅིག་བཀོག་རྗེས་ཚོན་གྱི་སྡེབ་ག་ཡང་བསྐྱར་བསྲེས།
“བརྩམས་ཆོས་འདི་ལ་དགེ་རྒན་ལགས་ཀྱིས་སྐྱ་ཐིག་བྲིས་པ་ཡིན། ང་ཚོས་ཐང་གའི་ནང་གི་མི་སྣའི་མཐའ་འཁོར་འབྲི་བ་དང་ཚོན་བྱུགས་དགོས”ཞེས་ཧྥན་ཆེན་ཅི་ཡིས་སེམས་ལ་ཐང་ག་བརྩམས་ཆོས་རེ་རེ་དགེ་རྒན་ལགས་ཀྱིས་ལག་རྩལ་གང་ཡོད་བཏོན་ནས་བྲིས་པ་ཡིན་པས། ཚོན་བྱུགས་སྐབས་མཉམ་འཇོག་དང་ནན་ཏན་ལྷག་ཏུ་བྱེད་དགོས་པར་འདོད་ཡོད།
བཀྲ་ཤིས་རྒྱ་མཚོས་ཆུང་དུས་ནས་དགེ་རྒན་ལ་བསྟེན་ནས་རི་མོ་བསླབས། ཐང་ག་འབྲི་བཞེངས་བྱེད་པའི་མན་ངག་ནི“ངག་ནས་ཁྲིད་ཅིང་སེམས་ལ་འཛིན”རྒྱུ་དེ་ཡིན་པས། དགེ་རྒན་ལགས་ཀྱིས་བཀྲ་ཤིས་རྒྱ་མཚོའི་བློ་སྒོ་ཕྱེ་བར་མ་ཟད་ཐང་ག་སྒྱུ་རྩལ་འབྲི་བཞེངས་ཀྱི་ཤེས་བྱ་ཁྲིད་དེ། ལག་རྩལ་འདི་རྒྱུན་འཛིན་བྱེད་པ་དང་རེབ་གོང་རིག་གནས་སྔར་ལས་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཐད་ལ་བསམ་གཞིག་མང་པོ་བཏང་ཡོད།
བཀྲ་ཤིས་རྒྱ་མཚོས་དགེ་རྒན་གྱི་མངག་བཅོལ་སེམས་སུ་བརྟན་པོར་འཆང་སྟེ། རི་མོ་འབྲི་སྲོལ་གྱི་ལག་རྩལ་རྒྱུན་ཆད་མེད་པར་འཚོལ་སྙེག་དང་སློབ་སྦྱོང་བྱས་པར་མ་ཟད། བོད་ལྗོངས་དང་ཧྲན་ཞི། ཀན་སུའུ་ཏུན་ཧོང་བྲག་ཕུག་སོགས་སུ་སོང་ནས་ལྡེབས་རིས་ལ་སློབ་སྦྱོང་དང་ཞིབ་བལྟ་བྱས་པ་རེད། ས་ཆ་སོ་སོའི་ལྡེབས་རིས་ཀྱི་ཐིག་གི་འཕེན་ཕྱོགས་དང་གྲུབ་ཚུལ་གྱི་བསྡུར་ཚད། ཚོན་གྱི་སྡེབ་ཁ། མི་སྣ་བཞེངས་སྐྲུན་སོགས་ཀྱི་ཕྱོགས་ལ་ཁྱད་ཆོས་ཆེན་པོ་ཡོད་པས། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རང་གཤིས་ཤིག་ཆགས་ཡོད། ལག་རྩལ་སྔར་ལས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། བཀྲ་ཤིས་རྒྱ་མཚོས་སློབ་ཡོན་མ་བླངས་པར་སློབ་མ་བསྡུས་ཤིང་། ཐང་ག་འབྲི་བར་དགའ་བའི་ན་གཞོན་སྔར་ལས་མང་པོ་ཞིག་ལ་གསེར་མོ་ལྗོངས་ནས་ཐང་ག་འབྲི་བའི་འདུན་མ་མངོན་འགྱུར་བྱེད་དུ་བཅུག
“སྒྱུ་རྩལ་གླིང་ནི་དགེ་རྒན་ལགས་ཀྱིས་སྙོར་བའི་བྱིས་པ་ཞིག་དང་མཚུངས་ལ། རིམ་བཞིན་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད།”ཧྥན་ཆེན་ཅི་ཡིས་ཕྱིར་དྲན་བྱས་ཏེ“དང་ཐོག་དགེ་རྒན་ཚང་དུ་སློབ་སྦྱོང་བྱེད་དུས་ཁྱིམ་ཚང་ནང་དུ་ཐང་ག་འབྲི་དགོས་པས། ཁང་པ་དོག་ལ་དགུན་ཁར་ཧ་ཅང་གྲང”ཞེས་བཤད།
ཐང་གར་རིམ་གྱིས་ཚོང་ཁྲོམ་སྟེང་དུ་ཁས་ལེན་ཐོབ་པ་དང་བསྟུན་ནས། སྒྱུ་རྩལ་གླིང་གི་གཞི་ཁྱོན་ཡང་རིམ་བཞིན་རྒྱ་ཆེར་སོང་བ་དང་། དགེ་རྒན་ལ་བསྟེན་ནས་སྒྱུ་རྩལ་སློབ་མཁན་རྣམས་ལ་མལ་ཁང་དང་ཇ་ཁང་། ལུས་སྦྱོང་ཁང་། ལྒང་ལི་ར་བ། ཐང་ག་འབྲི་སའི་ཁང་པ། བརྩམས་ཆོས་བཤམས་སྟོན་ཁང་བཅས་ཡོད་པས། ཇུས་འགོད་དང་ལས་སྣོན། ཐོན་སྐྱེད། ཕྱིར་བཙོང་། སྐྱེད་སྲིང་། དྲིལ་སྒྲོག བཤམས་སྟོན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་ཤིག་གྲུབ་ཡོད།
དྲ་འཕྲིན་དུས་རབས་སུ་ཐང་ག་སྒྱུ་རྩལ་ལ་མང་ཚོགས་ཀྱིས་དོ་སྣང་བྱེད་ཚད་ཇི་ལྟར་རྒྱ་ཆེར་གཏོང་བ་དང་། མང་ཚོགས་ཀྱི་ཤེས་ཚད་ཇི་ལྟར་མཐོར་འདེགས་བྱེད་པ། རེབ་གོང་རིག་གནས་ཀྱི་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བར་ཇི་ལྟར་ཡར་སྐུལ་བྱེད་པ་སོགས་ཀྱི་ཕྱོགས་ནས་བཀྲ་ཤིས་རྒྱ་མཚོ་དང་ཚ་བོ་བན་དེ་རྒྱ་མཚོ་གཉིས་ཀྱིས་བསམ་བློ་མང་པོ་བཏང་ཞིང་བརྩོན་པ་མང་པོ་བསྐྱེད་མྱོང་།
“སེང་གེ་གཤོང་དུ་ལོ་ན་རྒན་པའི་ཐང་གའི་ལྷ་བཟོ་མཁན་པོ50ཙམ་ཡོད་ལ། ཁོ་ཚོར་ཕུལ་བྱུང་གི་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་ཡོད། ལག་རྩལ་རྩ་ཆེན་འདི་དག་ཉར་བའི་ཆེད་དུ། ང་ཚོས་བརྙན་དུ་ཕབ་པ་དང་ཡང་ན་སྐད་ཆ་ཟིན་ཐོར་བཀོད་པ་སོགས་ཀྱིས་ཁོ་ཚོའི་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་ཆ་ཚང་ཉར་ཚགས་བྱས་ཡོད།”ཟེར།
ལོ་འདི་འགའི་རིང་ལ། བཀྲ་ཤིས་རྒྱ་མཚོས་སྒྱུ་རྩལ་གླིང་གི་ཐང་གའི་ཨང་ཀི་ལྟེ་གནས་འཛུགས་པར་སྟ་གོན་བྱེད་བཞིན་ཡོད་ལ། དྲ་བའི་སྟེང་དུ་ཐད་གཏོང་བྱས་པ་བརྒྱུད་དྲ་ལམ་ནས་རེབ་གོང་སྒྱུ་རྩལ་གྱི་ཤེས་བྱ་སྒྲོག་འགྲེལ་དང་སྒྱུ་རྩལ་གྱི་གཞུང་ལུགས་ཁྱབ་གདལ་བཏང་སྟེ། མི་སྔར་ལས་མང་པོར་སྒྱུ་རྩལ་ངོ་སྤྲོད་བྱས།
སྲོལ་རྒྱུན་གྱི་བརྗོད་བྱ་ལས་གཞན། བཀྲ་ཤིས་རྒྱ་མཚོས་ད་རུང་རྩྭ་ཐང་དང་གཡག སྦྲ་གུར། དུ་བ་སོགས་ཀྱི་རང་བྱུང་ཡུལ་ལྗོངས་མཚོན་པའི་ཐང་གའི་བརྩམས་ཆོས་བྲིས་ནས་མཚོ་སྔོན་གྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་པ་མངོན་པར་འབད་བརྩོན་བྱེད་བཞིན་ཡོད།
ཁྱད་ལྡན་སྒྱུ་རྩལ་གླིང་བཙུགས་ཤིང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བས། ཀླུ་སྒྲུབ་སྒྱུ་རྩལ་གླིང་གིས་རྗེས་ཕྱོགས་ད་དུང་ཐང་ག་དང་གཙགས་དྲུབ། འཇིམ་སྐུ། རྐོས་རིས་སོགས་ཀྱི་རེབ་གོང་སྒྱུ་རྩལ་གྱི་ཐོན་རྫས་ཧྲག་སྡེབ་བྱེད་པ་དང་། ཐང་གར་བརྟེན་ནས་མང་ཚོགས་ཀྱི་འཚོ་བར་སྣེ་ཁྲིད་དང་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།