གཙགས་དྲུབ་ལ་བསྟིམས་པའི་མི་ཚེ།
—ཀོས་ནན་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལག་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་ལྷ་མོ་གཡུ་སྒྲོན་གྱི་གནས་ཚུལ་བཀོད་པ།
ལྷ་མོ་གཡུ་སྒྲོན་གྱིས་ལས་བཟོ་པ་དང་མཉམ་དུ་གཙགས་དྲུབ་གཙགས་སྟངས་ལ་གྲོས་བསྡུར་བྱེད་བཞིན་པ།
ལྷ་མོ་གཡུ་སྒྲོན་གྱིས་གཙགས་དྲུབ་གཙགས་བཞིན་པ།
ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་སྡེ་མང་སྡེ་བའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན། ཀོས་ནན་རྫོང་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་ལག་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་ལྷ་མོ་གཡུ་སྒྲོན་ལ་བཅར་འདྲི་བྱེད་པར་བསྐྱོད། རླངས་འཁོར་བོད་ཁྱིམ་ཞིག་གི་ར་སྐོར་མདུན་དུ་ཐོན་སྐབས། རྒྱུས་མངའ་ཡོད་པའི་མི་སྣ་ཞིག་གསར་འགོད་པའི་མིག་ལམ་དུ་མངོན་པ་དང་། ཁོ་ནི་རིན་ཆེན་རྒྱལ་རེད། ལོ་འགའི་སྔོན་ལ། གསར་འགོད་པས་བོད་ཀྱི་གཙགས་དྲུབ་ལ་མཁས་པའི་ལག་ཤེས་མཁན་འདི་ལ་བཅར་འདྲི་བྱས་མྱོང་།
རིན་ཆེན་རྒྱལ་གྱིས་འཛུམ་དམུལ་དམུལ་ངང་འགྲམ་དུ་ལངས་ཡོད་པའི་ལྷ་མོ་གཡུ་སྒྲོན་བསྟན་ནས་འདི་ནི་ངའི་བུ་མོ་ཡིན་ཞེས་བཤད།
བོད་ལྭ་དང་གཙགས་དྲུབ་གང་ཡིན་རུང་། རྒྱུད་འཛིན་གྱི་གཏམ་རྒྱུད་ཞིག་ལ་འབྲེལ་ཡོད་པ་ཁོ་ཐག་རེད།
ལོ་ངོ་ཉི་ཤུའི་སྔོན་ལ། གློ་བུར་བའི་གོ་སྐབས་ཤིག་གིས་ལྷ་མོ་གཡུ་སྒྲོན་དང་ཨ་ཕ་རིན་ཆེན་རྒྱལ་གཉིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་འགྲེམ་སྟོན་ཁང་ཞིག་ཏུ་སོང་པ་དང་། ཞིབ་ཚགས་མཛེས་སྡུག་གི་གཙགས་དྲུབ་བརྩམས་ཆོས་རེ་རེ་མིག་ལམ་དུ་མངོན་ཡོང་སྐབས་བོད་ཀྱི་གཙགས་དྲུབ་ལ་རྒྱུས་མངའ་ཡོད་པའི་ཕ་བུ་གཉིས་ལ་མིག་རྒྱ་བསྐྱེད།
ཞིབ་ཚགས་པའི་གཙགས་དྲུབ་བརྩམས་ཆོས་རེ་རེ་མིག་ལམ་དུ་མངོན་ཡོང་སྐབས། ལྷ་མོ་གཡུ་སྒྲོན་གྱི་སེམས་སུ་བོད་ཀྱི་གྱོན་ཆས་སྟེང་གི་གཙགས་དྲུབ་དེ་རང་རྐྱ་འཕེར་བའི་སྒྱུ་རྩལ་ཞིག་ཏུ་བསྒྱུར་ཐུབ་ན་སྙམ་བྱུང་།
ཐག་རིང་ནས་བལྟས་ན་རི་མོ་ཞིག་དང་འདྲ་ལ། ཐག་ཉེ་ནས་བལྟས་ན་ཁབ་སྐུད་ཀྱི་བརྩམས་ཆོས་རེད། བོད་ཀྱི་གཙགས་དྲུབ་གླེང་སྐབས་མི་མང་པོ་ཞིག་གིས་ཐོག་མར་ཡིད་ལ་དྲན་པ་ནི་བོད་རིགས་བུད་མེད་ཀྱིས་མགོ་ཐོག་ཏུ་གོན་པའི་སྐྲ་ཤུབས་དེ་ཡིན། རྒྱན་སྤྲས་བྱས་པའི་བོད་ཀྱི་གཙགས་དྲུབ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་མོད། འོན་ཀྱང་འགྲེམ་སྒྲོམ་དུ་འཇོག་པའི་གོ་སྐབས་མེད།
ལྷ་མོ་གཡུ་སྒྲོན་དང་མོའི་ཨ་ཕ་རིན་ཆེན་རྒྱལ་གཉིས་མ་གྲོས་གཅིག་མཐུན་བྱུང་བ་དང་། བྱ་མདོ་ཡུལ་ཚོ་ནི་ཀོས་ནན་བོད་ཀྱི་གཙགས་དྲུབ་ཀྱི་འབྱུང་ཁུངས་ཡིན་ལ། ལག་རྩལ་དེ་ས་གནས་སུ་དར་ཁྱབ་བྱུང་ནས་ཕལ་ཆེར་མི་ཤེས་མཁན་མེད་པར་གྱུར་ཡོད། ལོ་ངོ་མང་པོའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་གཙགས་དྲུབ་ལ་རིན་ཐང་ཆེན་པོ་ལྡན་ཡང་ཤེས་མཁན་ཧ་ཅང་ཉུང་། སྐབས་དེར། རིན་ཆེན་རྒྱལ་གྱི་བོད་ལྭའི་ཚོང་ཧ་ཅང་བཟང་ལ། འོན་ཀྱང་། ཁོས་ལོ་འགའི་སྔོན་གྱི་ལས་སྐྲུན་གྱི་ཐོག་མའི་བསམ་འདུན་བརྗེད་མྱོང་མེད་ལ་དམིགས་འབེན་སྔར་ལས་བརྟན་པོ་རེད། ཚང་མར་བོད་ཀྱི་གཙགས་དྲུབ་སྐྲ་ཤུབས་ཁོ་ནའི་སྟེང་ཡོད་པ་ཞིག་མིན་པ་ཤེས་སུ་འཇུག་དགོས།
བོད་ལྭའི་ཚོང་བཟང་ཡང་ལས་སྒྱུར་བྱེད་དགོས་དོན་ཅི་ཡིན་ནམ། བོད་ཀྱི་གཙགས་དྲུབ་ལས་ན་ཡོང་འབབ་བཙལ་ཐུབ་བམ།
དེ་ལྟར་ཤ་ཉེ་དང་གྲོགས་པོའི་དོགས་འདྲིའི་ཁྲོད། ལྷ་མོ་གཡུ་སྒྲོན་དང་མོའི་ཨ་ཕ་གཉིས་ཀྱིས་ཆེད་དུ་གཙགས་དྲུབ་ཤེས་མཁན་གདན་ཞུ་བྱས་པ་དང་། བོད་ཀྱི་གྱོན་ཆས་སྟེང་གི་གཙགས་དྲུབ་ཀྱི་རྣམ་པ་དག་འབྲི་རས་སྟེང་དུ་གཙགས་ལ། རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས་སོགས་བོད་ཀྱི་གཙགས་དྲུབ་ཀྱི་རྣམ་པའི་སྟེང་ནས་མངོན་དུ་བཅུག
ནང་དོན་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་དང་བསྟུན་ནས། གནད་དོན་ཡང་གཅིག་རྗེས་གཉིས་མཐུད་དུ་ཐོན།
“བསམ་བློ་བཏང་བ་ཞིབ་ཚགས་མིན་པའི་རྐྱེན་གྱིས་དང་ཐོག་དཀའ་ཁག་མང་པོར་འཕྲད་པ་དང་། མ་དངུལ་དཀོན་ལ་ལག་རྩལ་དེ་ལས་ཀྱང་དཀོན་པར་གྱུར། རི་མོ་ཇུས་འགོད་དང་ཚོན་མདངས་སྡེབ་སྒྲིག་ཚང་མ་མགོ་ནས་སྦྱོང་དགོས།”ལྷ་མོ་གཡུ་སྒྲོན་གྱིས་རི་མོ་གསར་པ་ཁ་ཤས་ལ་ཚོན་མདངས་སྡེབ་སྒྲིག་བྱེད་མ་ཤེས་པས་གཙགས་དྲུབ་འགྲུབ་རྗེས་མིག་ལ་མཛེས་པ་ཞིག་མ་རེད། ཕྱི་རུ་སློབ་སྦྱོང་བྱེད་པར་སོང་བ་དང་རང་ཉིད་ཀྱིས་མིང་ཐོ་བཀོད་ནས་སློབ་སྦྱོང་བྱས་པ་དང་། ཁོ་མོས་ཚོད་ལྟ་བྱེད་ཞོར་དུ་ལེགས་བཅོས་བྱས། གདན་ཞུ་བྱས་པའི་གཙགས་དྲུབ་མཁན་རྣམས་ལ་བྱ་བའི་ཉམས་མྱོང་མེད་མོད། འོན་ཀྱང་། བོད་ཀྱི་གཙགས་དྲུབ་གཙགས་པའི་རྨང་གཞི་ཅུང་ཡོད་པས། གསོ་སྦྱོང་བྱས་པ་བརྒྱུད་ཚང་མས་མྱུར་དུ་བྱ་བ་དེ་དང་ལེན་བྱེད་ཐུབ་པར་གྱུར།
དཀའ་སྤྱད་སྡུག་རུས་བྱས་ན་མཐའ་མར་གྲུབ་འབྲས་ཐོབ་ཐུབ། ཀུང་སིའི་བོད་ཀྱི་གཙགས་དྲུབ་བརྩམས་ཆོས《ཤཱཀྱ་མུ་ནེ》ལ2010ལོར་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་དངོས་མང་བཤམ་སྟོན་ཚོགས་འདུའི་སྟེང་ཟངས་ཀྱི་བྱ་དགའ་ཐོབ་པ་དང་།《སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང》ལ2014ལོའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་བཤམ་སྟོན་ཚོགས་འདུའི་སྟེང“ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རིག་གནས་གསར་གཏོད་བྱ་དགའ”ཐོབ།
“བོད་ཀྱི་གཙགས་དྲུབ་ལ་ཁས་ལེན་ཐོབ་ཐུབ་པ་དོན་དངོས་ཀྱི་ཐོག་ནས་བདེན་དཔང་བྱུང་ཡོད།”གཟི་བརྗིད་དེ་དག་གིས་ཕ་བུ་གཉིས་ལ་ཡིད་ཆེས་ཆེན་པོ་སྦྱིན་པ་དང་། ལྷ་མོ་གཡུ་སྒྲོན་གྱིས་བརྩོན་སེམས་ཆེན་པོས་ཀུང་སིའི་ཐོན་རྫས་འཁྱེར་ནས་ཞིང་ཆེན་ཕྱི་ནང་གི་འགྲེམས་སྟོན་དུ་ཞུགས། རིམ་བཞིན་བོད་ཀྱི་གཙགས་དྲུབ་ལ་སྐད་གྲགས་རྒྱས་པ་དང་། ཐོན་རྫས་སྐོར་ཞིག་ཨ་རི་དང་འཇར་པན་དུ་ཕྱིར་ཚོང་བྱེད་བཞིན་ཡོད།
ལས་སྐྲུན་གྱི་ཐོག་མའི་དུས་སུ་ལྷ་མོ་གཡུ་སྒྲོན་གྱིས་གསར་སྐྲུན་གྱི་གོམ་པ་དང་པོ་དེ་དར་སྐུད་སྟེང་བཞག་པ་དང་། “ང་ཚོའི་ས་གནས་འདིའི་དར་སྐུད་ལ་ཁ་དོག་བདུན་བརྒྱད་ཙམ་ལས་མེད་མོད། སུའུ་ཀྲིག་ཏུ་སླེབས་སྐབས་ལྗང་མདོག་ཁོ་ནར་རིགས་སྣ་ཉི་ཤུ་ལྷག་ཙམ་ཡོད།”
སུའུ་ཀྲིག་གི་དར་སྐུད་ཀྱིས་ལྷ་མོ་གཡུ་སྒྲོན་གྱི་བོད་ཀྱི་གཙགས་དྲུབ་གཙགས་པར་རྣམ་པ་གསར་པ་བསྣན། སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བ་འདྲེས་པའི་བརྒྱུད་རིམ་ནང་། ལྷ་མོ་གཡུ་སྒྲོན་གྱིས་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་བྱས་པའི“བོད་ཀྱི་གཙགས་དྲུབ་ཕོར་གདན”དང“བོད་ཀྱི་གཙགས་དྲུབ་ཀྱི་རྒྱན་ཆས”“བོད་ཀྱི་གཙགས་དྲུབ་དྲི་ཞིམ་ཁུག་མ”“བོད་ཀྱི་གཙགས་དྲུབ་འགེལ་ཆས”སོགས་ཐོན་རྫས་ལ་ཁྲོམ་རའི་དགའ་བསུ་ཐོབ་ནས་ཧང་ཀྲིག་དང་ནན་ཅིན་སོགས་སུ་མཉམ་ལས་ཚོང་ཁང་བཙུགས་ཡོད།
མངགས་ཐོ་ཇེ་མང་ནས་ཇེ་མང་ཡིན་པ་དང་། ཀུང་སིའི་འཕེལ་རྒྱས་རིམ་བཞིན་ཡང་དག་པའི་ལམ་དུ་སྐྱོད། མི་ཚང་མས་ལྷ་མོ་གཡུ་སྒྲོན་གྱིས་འབད་བརྩོན་ཆེན་པོས་བྱ་བ་གཉེར་འདོད་ཡོད་སྙམ་སྐབས། 2017ལོར། “བསམ་ཡུལ་ལས་འདས་པའི་དོན་རྐྱེན”སླར་ཡང་བྱུང་སོང་།
ཐོན་རྫས་ལས་སྣོན་ཁོ་ན་མི་བྱེད་པར། ལྷ་མོ་གཡུ་སྒྲོན་དང་མོའི་ཨ་ཕ་རིན་ཆེན་རྒྱལ་གཉིས་ཀྱིས་བྱ་བ་ཆེན་པོ་ཞིག་ཐག་གཅོད་བྱས། དེ་ནི་བོད་ཀྱི་གཙབས་དྲུབ་ལས་རིགས་ཁྱབ་ཁོངས་སུ་ཆུ་ཚད་མཐོ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མཚོན་བྱེད་རང་བཞིན་གྱི《གེ་སར་གཙགས་དྲུབ་བརྩམས་ཆོས་རིང་མོ》ཞེས་པ་གསར་རྩོམ་བྱས།
མི་རྣམས་ཀྱིས་དོན་དག་མང་པོ་ཞིག་ལ་གོ་བ་ལེན་ཐུབ་ཀྱིན་མེད་མོད། འོན་ཀྱང་ལྷ་མོ་གཡུ་སྒྲོན་གྱིས་ཐོག་མཐའ་བར་གསུམ་དུ་ཨ་ཕའི་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་། ཐོན་རྫས་བཙོང་བ་བཟང་ན་ཀུང་སིའི་འཁོར་སྐྱོད་ཐད་སྤྱད་ཆོག་མོད། འོན་ཀྱང་བོད་ཀྱི་གཙགས་དྲུབ་དངོས་གནས་ཕྱིར་བསྐྱོད་པ་དང་། སྤྱི་ཚོགས་སྟེང་བོད་ཀྱི་གཙགས་དྲུབ་ཤེས་སུ་འཇུག་དགོས་ན་བརྩམས་ཆོས་ལ་བརྟེན་དགོས།
ལྷ་མོ་གཡུ་སྒྲོན་གྱིས་བལྟས་ན《གེ་སར་གཙགས་དྲུབ་བརྩམས་ཆོས་རིང་མོ》ནི་བརྩམས་ཆོས་དེ་འདྲ་ཞིག་ཡིན་པ་སྨོས་མ་དགོས།
“ངས་དེ་སྔོན་གཏམ་རྒྱུད་ཀྱི་ནང་དོན་ཉུང་ངུ་ཞིག་ལ་ཉན་མྱོང་བ་ལས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱུས་ལོན་བྱས་མྱོང་མེད། བརྩམས་ཆོས་ཀྱི་ཡང་དག་རང་བཞིན་ལ་ཁག་ཐེག་བྱེད་ཆེད། ཆེད་དུ་རྒྱལ་ནང་གི་གེ་སར་རིག་གནས་ཆེད་མཁས་པ་གདན་དྲངས་ནས་ཞིབ་འཇུག་གསར་སྤེལ་གྱི་ལས་གཞིའི་ནང་ཞུགས། གཏམ་རྒྱུད་ཀྱི་སྒྲོམ་གཞི་ནས་རི་མོ་འབྲི་བ་སོགས་རིང་ཚད་སྨི268ཡོད་པའི་མ་ཡིག་འབྲི་བར་ལོ་གཉིས་ཙམ་འགོར་ཞིང་། 2019ལོར། མ་དངུལ་སྒོར་བྱེ་བ་ལྷག་བཏང་བའི་ལས་གཞི་དེ་གཞི་ནས་འགོ་ཚུགས།”
སྨི268ཡོད་པའི་བརྩམས་ཆོས་ལ་ས་ཆ་དང་གཙགས་དྲུབ་སྒྲོམ་ལ་རེ་བ་ཧ་ཅང་མཐོན་པོ་ཡོད་པ་དང་། ལྷག་པར་དུ་རས་གཉིས་གཙགས་ཚར་རྗེས་ཇི་ལྟར་བྱས་ནས་མཉམ་བསྲེས་བྱེད་པ་དེ་ལྷ་མོ་གཡུ་སྒྲོན་གྱི་མདུན་དུ་ལྷགས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
གནད་དོན་འདིར་དམིགས་ནས། ང་ཚོས་བསམ་བཞིན་དུ་གཙགས་ཐབས་ལེགས་བཅོས་བྱས་ཐོག་ཤུལ་མེད་སྦྲེལ་མཐུད་བྱས། དེ་ལས་གཞན་ཡུལ་ལུང་གཞན་པའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ཤིང་། གཙགས་དྲུབ་སྟེགས་བུའི་ཞེང་ཚད་དང་མཐོ་ཚད་སྙོམས་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཙགས་དྲུབ་ཤེས་མཁན་གྱི་གཙགས་དྲུབ་གོམས་གཤིས་དང་འཚམ་པར་བྱས། གླེང་འོས་པ་ཞིག་ནི་གཙགས་དྲུབ་བརྩམས་ཆོས་རིང་མོའི་ནང་བོད་ཀྱི་གཙགས་དྲུབ་ཁོ་ན་ཙམ་མ་ཡིན་པར། སྡེར་དབྱིབས་གཙགས་དྲུབ་དང་རྟ་རྔའི་གཙགས་དྲུབ། སོག་རིགས་ཀྱི་གཙགས་དྲུབ་སོགས་ཀྱི་ཐབས་རྩལ་མང་བོ་འདུས་ཡོད། མིག་སྔར་གཙགས་དྲུབ་བརྩམས་ཆོས་རིང་མོ་དེའི་རྨིད210ལྷག་ཡོངས་འགྲུབ་བྱས་ཡོད་པ་དང་། ང་ཚོས་ལོ་མཇུག་བར་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
1986ལོར། ལྷ་མོ་གཡུ་སྒྲོན་སྤྱིར་བཏང་གི་བོད་རིགས་ཁྱིམ་ཚང་ཞིག་ནས་སྐྱེས་པ་དང་། རིན་ཆེན་རྒྱལ་གྱི་ཕུལ་དུ་ཕྱིན་པའི་ལག་རྩལ་དང་ཁྱད་དུ་འཕགས་པའི་དཔལ་འབྱོར་གྱི་རིག་སྟོབས་ལས། ཁྱིམ་ཚང་གང་བོའི་འཚོ་བ་དེ་གྱོན་ཆས་ལས་སྣོན་བཟོ་གྲྭ་འགར་བརྟེན་ནའང་འདང་རྒྱག་ཅི་ཡང་མེད།
ལོ་བཅུ་ཡིན་དུས་བོད་ཀྱི་གཙགས་དྲུབ་ལྟར་དུ་གཞན་ལ་ཆ་རྒྱུས་ཅི་ཡང་མེད་པའི་ལྷ་མོ་གཡུ་སྒྲོན་ཐོག་དང་པོར་རི་ཆེན་ལས་བུད་དེ་ཁྲིན་ཏུའུ་རུ་སོང་། ངེས་པ་དོན་གྱི་དཀའ་སྡུག་གི་ཚོར་བ་ཡང་སྐབས་དེ་དུས་ཉམས་སུ་མྱོང་ཐུབ་པ་བྱུང་།
ཕ་ཡུལ་དང་བྲལ་བས་འཚོ་བའི་ཆ་རྐྱེན་བཟང་བོ་ལས་བྱུང་བའི་དམིགས་བསལ་གྱི་འོད་དེ་རིམ་བཞིན་མེད་པར་གྱུར། ཡུན་ཐུང་བའི་ཞོར་ལས་ཀྱི་འཚོ་བ་དེས་མ་གཞི་ནས་རིག་གནས་ཆུ་ཚད་མཐོ་རྒྱུ་མེད་པའི་ཁོ་མོ་རང་རྟོན་མེད་ཅིང་བག་འཁུམ་པ་ཞིག་ཏུ་གྱུར་བ་དང་། ཐ་ན་སྤྱི་སྐད་ཀྱང་བཤད་མི་ཤེས་པས་སྐབས་ཤིག་ལ་མི་གཞན་དང་འབྲེལ་འདྲིས་མ་བྱས་པ་རེད། རུས་པའི་རྐང་དུ་སིམ་པའི་ཕམ་ཁར་མགོ་མི་སྒུར་བའི་སྙིང་སྟོབས་དེའི་དབང་གིས་ཡིན་ཀྱང་སྲིད། ཉེ་འགྲམ་གྱི་རྩེད་དགའ་ཅན་གྱི་ན་མཉམ་དག་མཐོང་ནས། མོས་རང་ཉིད་བཅོས་བསྒྱུར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་བཅངས། གོམ་པ་དང་པོ་རྒྱ་ཡིག་སློབ་སྦྱོང་བྱེད་པ་ནས་མགོ་བརྩམས་པ་རེད།
ཁོ་མོས་བཤད་རྒྱུར། ངས་སྐབས་ཐོག་དེར་ཉིན་ཐོ་བྲིས་ན། ཡིག་འབྲུ་རེ་རེ་བཞིན་གཞན་ལ་དྲིས་པ་ཡིན། རྗེས་སུ་ཨ་ཅེ་ཞིག་གིས་ང་ལ་སྒྲ་སྦྱོར་བསླབ་པས། ང་ལས་ཚོགས་གྲོལ་མ་ཐག་མོ་བཙལ་ནས་སློབ་ཁྲིད་བྱེད་དུ་བཅུག་པ་ཡིན་ཟེར།
དམིགས་བསལ་གྱི་སློབ་སྦྱོང་གི་བརྒྱུད་རིམ་དེས་ལྷ་མོ་གཡུ་སྒྲོན་ལ་སྒོ་ཆེན་གསར་བ་ཞིག་འབྱེད་པ་དང་། མོར་རང་ཉིད་ཀྱི་འཇོན་ནུས་མཐོར་འདེགས་བྱེད་པའི་གལ་ཆེན་རང་བཞིན་ཤེས་སུ་བཅུག
2015ལོར། བལྟས་ཚོད་ཀྱིས་ལུགས་མཐུན་ལྷུན་གྲུབ་ཀྱི་གདམ་གསེས་ཤིག་ཡང་བསྐྱར་ལྷ་མོ་གཡུ་སྒྲོན་གྱི་མདུན་དུ་མངོན་བྱུང་སྟེ། ཚོང་རའི་དགགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་སོང་བས་ཀུང་ཟིའི་གཞི་རྒྱ་མྱུར་དུ་རྒྱ་བསྐྱེད་བཞིན་ཡོད།
ཡིན་ཡང་ལྷ་མོ་གཡུ་སྒྲོན་དང་རིན་ཆེན་རྒྱལ་གྱིས་ས་གནས་སྲིད་གཞུང་གི་རོགས་སྐྱོར་འོག་ཕྱིར་སྡེ་བའི་ནང་ལོག་ནས་ལས་སྐྲུན་བྱས་པ་དང་། རང་ཁྱིམ་གྱི་སྒོ་ཁ་ནས་ཀོས་ནན་རྫོང་རིན་ཆེན་བོད་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲིའི་ཀུང་ཟི་བཙུགས།
རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ལོ་འདི་འགའི་རིང་ལ་ངས་ནམ་རྒྱུན་བོད་ཀྱི་གཙགས་དྲུབ་ཀྱི་འཕེལ་རྒྱས་ཅི་ཞིག་ལ་འདི་འདྲའི་དལ་བར་བསམ་བློ་བཏང་མྱོང་། ངས་བསམ་ན་དེའི་རྒྱུ་རྐྱེན་གཅིག་ནི་ང་ཚོ་ཁེ་ལས་ཤིག་ཚོང་གཉེར་བྱེད་པའི་ཕྱོགས་སུ་གཞོལ་དྲགས་པ་ལས་སྒྱུ་རྩལ་དེ་རྒྱུན་འཛིན་བྱེད་པར་ཁ་ཕྱོགས་མེད་པས་རེད། ང་ཚོས་ངེས་པར་དུ་འབད་བརྩོན་བྱས་ནས། སྔར་ལས་མང་བའི་མིར་བོད་ཀྱི་གཙགས་དྲུབ་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། བོད་ཀྱི་གཙགས་དྲུབ་ངོ་ཤེས་སུ་བཅུག་ནས། བོད་ཀྱི་གཙགས་དྲུབ་ལ་དགའ་བར་བྱེད་དུ་འཇུག་དགོས་ཟེར། རིན་ཆེན་རྒྱལ་གྱིས་བཤད་པ་ནང་བཞིན་ལག་རྩལ་མཐོར་འདེགས་བྱེད་ཆེད། ཕ་བུ་གཉིས་ཀྱིས་ཀུང་ཟི་དེ་བོད་ཀྱི་གཙགས་དྲུབ་ཞིབ་འཇུག་གསར་སྤེལ་བྱེད་པའི་རྟེན་གཞིར་བསྒྱུར་བར་མ་ཟད། ཀུང་ཟི་དང་ཁྱིམ་ཚང་མཉམ་འབྲེལ་གྱི་རྣམ་པར་བརྟེན་ནས། བུད་མེད་བརྒྱ་ཕྲག་འགའ་ལ་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་ཀྱི་ལས་ཀ་གཉེར་དུ་བཅུག་པ་དང་། ལས་བཟོ་བ་ཁྲིད་ནས་ས་ཕྱོགས་ཡར་མར་ལ་སོང་ནས་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་བཅུག སུའུ་ཀྲིག་གི་གཙགས་དྲུབ་དང་སི་ཁྲོན་གྱི་གཙགས་དྲུབ་སོགས་གནས་གང་དུ་སོང་ཡང་ཁེངས་སྐྱུང་སྒོས་བློ་འདྲི་བྱས་པ་དང་། གཞན་གྱི་ལེགས་ཆ་བཀོལ་ནས་རང་ཉིད་ཀྱི་ཞན་ཆ་ཁ་གསབ་བྱེད་པར་རེ་བ་བྱས་ཡོད།
ལྷ་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། ང་ཚོ་འབྲོག་ཕྱོགས་ཀྱི་བུད་མེད་ཚང་མ་སྤྱིར་བཏང་དུ་རིག་གནས་ཆུ་ཚད་ཅུང་ཞན་པ་དང་། ས་གཞན་ལ་འགྲོ་བའི་གོ་སྐབས་དང་མཐོང་རྒྱ་ཡང་མེད། གཏན་འཇགས་ཀྱི་ཡོང་འབབ་ཅིག་དགོས་པ་ལས་གཞན། ངས་ཁོ་མོ་ཚོར་ཇི་ལྟར་བྱས་ན་རང་ཉིད་ཀྱི་མི་ཚེ་ལ་སྔར་ལས་དོན་སྙིང་ལྡན་པར་བྱེད་པའི་འདུ་ཤེས་ལྡན་དུ་འཇུག་འདོད་ཡོད་ཟེར། གཙགས་དྲུབ་ཤེས་མཁན་བར་ཁ་བརྡ་བྱས་པ་བརྒྱུད་དེ། ལྷ་མོ་གཡུ་སྒྲོན་གྱིས་རྩལ་ནུས་གསོ་སྦྱོང་གལ་ཆེན་ཡིན་ཡང་ཆེས་གནད་འགག་གི་གནད་དོན་ནི་སྔར་བཞིན་ཀླད་པའི་གནད་དོན་ཡིན་པ་ཤེས།
བུད་མེད་ཡིན་པ་འདྲ་ཡང་ལྷ་མོ་གཡུ་སྒྲོན་གྱིས་གཙགས་དྲུབ་ཤེས་མཁན་འཚར་ལོངས་འབྱུང་བར་ལྷག་ཏུ་སེམས་ཁུར་བྱེད་བཞིན་ཡོད། ཀུང་ཟིའི་གཙགས་དྲུབ་ཤེས་མཁན་དག་ལ་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་མང་དུ་བྱེད་དུ་འཇུག་ཆེད། རྒྱུན་པར་ཡུལ་གཞན་དུ་ལྟ་སྐོར་སློབ་སྦྱོང་ལ་འགྲོ་བའི་ལྷ་མོ་གཡུ་སྒྲོན་གྱིས་ཁོ་མོ་ཚོ་ཁྲིད་ནས་སློབ་སྦྱོང་བྱེད་དུ་འགྲོ་བཞིན་ཡོད། དེའི་དམིགས་ཡུལ་ཧ་ཅང་སྟབས་བདེ་ཡིན་པ་དང་། ཚང་མར་ཕྱི་ཡུལ་གྱི་གཙགས་དྲུབ་ཤེས་མཁན་གྱིས་ཇི་ལྟར་འཚོ་བ་རོལ་བཞིན་པ་དང་ཇི་ལྟར་བྱ་བ་བྱེད་བཞིན་པ་ཤེས་སུ་འཇུག་ཆེད་རེད། སྡེ་མང་སྡེ་བར་འཚོ་སྡོད་བྱེད་པའི་ཡུམ་མཚོ་ད་ལོར་ལོ་ཞེ་བཞི་ཡིན་པ་དང་། གསར་འགོད་པས་མོ་མཐོང་དུས། མོས་གེ་སར་བོད་ཀྱི་གཙགས་དྲུབ་བརྩམས་ཆོས་རིང་མོར་རྒྱན་འདོགས་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།
ཁོ་མོས་བཤད་རྒྱུར། སྔོན་ཆད་ཁྱིམ་ཚང་ལ་ཁ་གསབ་བྱེད་ཆེད། ཞིང་ལས་ཀྱི་ཁོམ་སྐབས་དང་བསྟུན་ནས་རྫོང་ཐོག་ལ་སོང་ནས་ཞོར་ལས་བཙལ་བ་ཡིན་ལ། ལོ་ཧྲིལ་བོར་ཟླ་ངོ་གཉིས་གསུམ་ལ་མ་གཏོགས་ལས་མི་ཐུབ་ཟེར། རྟེན་གཞི་བཙུགས་རྗེས་ཁོ་མོ་དེར་ཞུགས་པ་དང་། ལོ་འགའི་རིང་ལ། ལག་རྩལ་ལ་བྱང་ཆ་ལྡན་པར་གྱུར་ཡོད་ལ། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་བཞི་ཡས་མས་རེད།
ཀུན་མཚོ་ཡིས་བཤད་རྒྱུར། རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ན་ངས་ཀྱང་རང་ཁྱིམ་གྱི་ཁ་གསོ་ཐུབ། གཙགས་དྲུབ་ཤེས་མཁན་ཀུན་མཚོ་ལ་མཚོན་ན། རང་ཁྱིམ་སྒོ་ཁའི་བྱ་བ་དེས་རང་ཉིད་ཀྱི་འཚོ་བར་འགན་སྲུང་ཡོད་པར་མ་ཟད་རང་ཉིད་ལ་བློ་སྤོབས་ཀྱང་ལྡན་དུ་བཅུག་ཡོད།
མཐའ་འཁོར་འབྲོག་ཁུལ་དུ་འཚོ་བ་རོལ་བའི་སྤྱིར་བཏང་གི་བུད་མེད་ལ་མཚོན་ན། འབད་བརྩོན་བྱས་ན་དོན་དངོས་སུ་རང་ཉིད་ཀྱི་མི་ཚེ་བསྒྱུར་ཐུབ་བམ།
ལྷ་མོ་གཡུ་སྒྲོན་གྱིས་བལྟས་ན། མོ་རང་ཉིད་ཀྱི་རྒྱལ་ཁ་དེ་དམིགས་བསལ་བ་ཞིག་ཡིན་སྲིད་ཀྱང་། མི་མང་བོ་ཞིག་གིས་རྒྱལ་ཁ་དེ་དམིགས་བསལ་ཞིག་མིན་པར་འདོད། ཁོ་མོའི་ཕུགས་འདུན་ནི་བོད་ཀྱི་གཙགས་དྲུབ་དེ་མཐོ་སྒང་ལས་ཐོན་པ་ཙམ་མིན་པར། གཙགས་དྲུབ་ཤེས་མཁན་དག་བྱ་མདོ་ལས་བུད་ནས། ཁོ་མོ་དང་འདྲ་བར་སྔར་ལས་ཆེ་བའི་གར་སྟེགས་སུ་བགྲོད་པའི་གོ་སྐབས་ཡོད་པ་དང་། ཕྱི་རོལ་གྱི་ངོ་མཚར་གྱི་འཇིག་རྟེན་ལ་ལྟད་མོར་བལྟ་རུ་འཇུག་འདོད་པ་རེད།
བཅར་འདྲིའི་མཇུག་སྒྲིལ་ལ་ཉེ་དུས་གསར་འགོད་པས་ཁྱོད་དང་བོད་ཀྱི་གཙགས་དྲུབ་བར་གྱི་འབྲེལ་བ་ཅི་འདྲ་ཡིན་ནམ་ཞེས་དྲིས་ཚེ།
ལྷ་མོ་གཡུ་སྒྲོན་གྱིས་བཤད་རྒྱུར། ངས་བསམ་ན་ཉ་དང་ཆུ་ལྟ་བུ་ཡིན་ལ། ང་དེར་འབྲལ་ཐབས་མེད་ཟེར།
ཡིག་སྒྱུར་པ། ཤ་བོ་རིན་མཚོ། བསོད་ནམས་ཚེ་རིང་།