སྤུས་ལེགས་བོད་སྨན་སྨན་རྫས་མང་པོ་དམངས་ཕན་གྱི་སྨན་མཆོག་ཏུ་བསྒྱུར་དགོས།
2024.05.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

སྤུས་ལེགས་བོད་སྨན་སྨན་རྫས་མང་པོ་དམངས་ཕན་གྱི་སྨན་མཆོག་ཏུ་བསྒྱུར་དགོས།

--མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་འདུལ་སྦྱོང་ཚན་ཁག་གི་ཀྲུའུ་རིན་གཞོན་པ་སྙིང་རྒྱལ་བྱམས་ཀྱི་གནས་ཚུལ་བཀོད་པ།

2018ལོར། རྒྱལ་སྨན་གྲགས་ཅན་ཉི་མས་སྙིང་རྒྱལ་བྱམས་ལ་བོད་སྨན་སྨན་རྫས་འདུལ་སྦྱོང་གི་བྱེད་ཐབས་གསར་གཏོད་བྱེད་པར་མཛུབ་སྟོན་བྱེད་བཞིན་པ། 

སྙིང་རྒྱལ་བྱམས་ཀྱིས་ཐོན་སྐྱེད་འཁོར་ཁང་དུ་སྒྲིག་ཆས་འཁོར་སྐྱོད་ཀྱི་རྣམ་པར་ཞིབ་བཤེར་བྱེད་བཞིན་པ། 

སྙིང་རྒྱལ་བྱམས་ཀྱིས་བཤད་རྒྱུར། སྨན་བཅོས་ལས་ཁུངས་ཀྱི་བོད་སྨན་སྨན་རྫས་འདུལ་སྦྱོང་ནི་ཀྲུང་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཉིང་བཅུད་ཀྱི་གཅིག་བསྡུས་མཚོན་ཐབས་ཡིན་པ་དང་། ཀྲུང་བོད་ལུགས་སྨན་རྫས་ཐོན་ལས་གསར་གཏོད་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ལ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་པ་བཟང་པོ་བསྟེན་པ་དང་། ཀྲུང་བོད་ལུགས་སྨན་རྫས་སྤྱོད་བདེ་བའི་འགན་སྲུང་གལ་ཆེན་ཡིན། རང་ཉིད་དགའ་ཞེན་ཆེ་བའི་བྱ་བཞག་གླེང་སྐབས། སྙིང་རྒྱལ་བྱམས་ཀྱིས་སྤོབས་པ་ཆེན་པོས་སྨན་གཉེར་དཀའ་བཅུ་པ་ཞིག་ཡིན་པའི་ཆ་ནས་བོད་སྨན་གྱི་སྲོལ་རྒྱུན་འདུལ་སྦྱོང་ལག་རྩལ་ལ་མུ་མཐུད་དུ་ཞིབ་འཇུག་ཟབ་མོ་བྱས་ཏེ། སྤུས་ལེགས་ཀྱི་སྨན་རྫས་བཟང་པོས་མང་ཚོགས་མང་པོའི་བདེ་ཐང་ལ་ཕན་པར་བྱེད་རྒྱུ་ཡིན་ཟེར།

སྙིང་རྒྱལ་བྱམས་ནི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འདུལ་སྦྱོང་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཡིན་ལ། 2009ལོ་ནས་བཟུང་མཚོ་སྔོན་སློབ་ཆེན་གྱི་བོད་སྨན་ཆེད་ལས་ནས་མཐར་ཕྱིན་རྗེས། ཞིང་ཆེན་བོད་སྨན་ཁང་གི་འདུལ་སྦྱོང་ཚན་ཁག་ཏུ་ཞུགས་ཏེ། བོད་སྨན་སྡེབ་སྦྱོར་ཞིབ་འཇུག་དང་ལག་ལེན་བྱ་བ་གཉེར་མགོ་བརྩམས། སྤྱིར་བཏང་གི་ལག་རྩལ་མི་སྣ་ཞིག་ནས་གཙོ་གཉེར་སྨན་གཉེར་དཀའ་བཅུ་པར་གྱུར་བ་དང་། དེ་ནས་ད་ལྟའི་མཚོ་སྔོན་མཐོ་སྒང་གི་ལག་ཤེས་པ་ཞིག་ཏུ་གྱུར་བའི་ལོ་ངོ་བཅོ་ལྔ་ལྷག་གི་རིང་། ཁོས་ལག་རྩལ་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་རྐང་བཙུགས་ཤིང་། ཐོག་མཐའ་བར་གསུམ་དུ་ཡག་ཐོག་རྒྱན་བརྩེགས་ཀྱི་བྱ་བའི་འདུ་ཤེས་གཙོ་བོར་བཟུང་སྟེ། བྱ་བ་རེ་རེར་ལག་རྗེས་ཡོད་པའི་སྒོ་ནས་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་པ་དང་། བོད་སྨན་འདུལ་སྦྱོང་གི་ཞབས་ཞུའི་ནུས་པ་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་ནས་རང་ཞིང་གི་ཀྲུང་བོད་ལུགས་གསོ་རིག་གི་རྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

སྙིང་རྒྱལ་བྱམས་ཀྱིས་བཤད་རྒྱུར། བོད་སྨན་ཆེད་ལས་ནི་དོན་སྙིང་ཡོད་པར་མ་ཟད་ལག་རྩལ་གྱི་ཆུ་ཚད་མཐོན་པོ་ལྡན། སློབ་ཆེན་སྐབས་སུ་ཆེད་ལས་འདི་དངོས་སུ་སློབ་སྦྱོང་བྱས་རྗེས། བོད་སྨན་ཆེད་ལས་ཀྱི་དོན་སྙིང་ཟབ་མོ་རྟོགས་བྱུང་བ་དང་། གསོ་རིག་སྦྱངས་ནས་སྨན་གྱི་བྱེད་ནུས་ཤེས་དགོས་ལ། ནད་བཅོས་བྱས་ནས་ནད་པ་སྐྱོབ་དགོས་པར་མ་ཟད། སྦྱངས་ནས་གྲུབ་འབྲས་ཡོད་པ་དང་སྤྱི་ཚོགས་ལ་དྲིན་གཟོ་དགོས་པ་དང་། ནད་པ་ཚོས་བདེ་འཇགས་སྒོས་སྨན་བཀོལ་བའི་འགན་སྲུང་བ་བཟང་པོ་བྱེད་དགོས་ཟེར།

སྙིང་རྒྱལ་བྱམས་ཡོད་སའི་ཞིང་ཆེན་བོད་སྨན་འདུལ་སྦྱོང་ལྟེ་གནས་སུ་བོད་སྨན་སྡེབ་སྦྱོར་རིགས་ཀྱི་ཐོན་སྐྱེད་བྱེད་ས་ཉེར་གཉིས་དང་བོད་སྨན་འདུལ་སྦྱོང་རིགས་སུམ་བརྒྱ་རེ་ལྔ་ཡོད་དེ། ལོ་ཧྲིལ་བོའི་ཐོན་སྐྱེད་ནུས་ཤུགས་ཏུན་ཉིས་བརྒྱར་སླེབས་ཤིང་། རང་ཞིང་གི་བོད་སྨན་འདུལ་སྦྱོང་སྨན་རྫས་ཐོན་སྐྱེད་རྟེན་གཞི་ཆེས་ཆེ་བ་ཞིག་ཡིན། ཐོན་སྐྱེད་བྱེད་སའི་འཁོར་ཁང་དུ་འབྱོར་དུས། བོད་སྨན་གྱི་དྲི་ཞིམ་སྟུག་པོ་གང་སར་འཐུལ་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་འཕྲུལ་ཆས་མང་པོས་བྱེད་ནུས་མང་པོ་འདོན་གྱིན་ཡོད་ཅིང་། ལས་བྱེད་མི་སྣས་ཐོན་སྐྱེད་བྱེད་སར་བྲེལ་འཚུབ་དང་གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་བཞིན་འདུག ལོ་མང་པོའི་རིང་། ཀྲུང་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་བསྟུན་ནས་བོད་སྨན་དེ་སྲོལ་རྒྱུན་གྱི་བཟོ་གྲྭའི་ཐོན་སྐྱེད་རྣམ་པ་ལས་བརྒལ་ཏེ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད།

སྨན་སྡེབ་ལས་གནས་དང་ཉོ་སྒྲུབ་ལས་གནས། འདུལ་སྦྱོང་ལས་གནས་སོགས་ཞིང་ཆེན་བོད་སྨན་ཁང་གི་འདུལ་སྦྱོང་ཚན་ཁག་ནས་བྱ་བ་བསྒྲུབ་པའི་སྔོན་གྱི་ལོ་ངོ་བརྒྱད་ཀྱི་རིང་། སྙིང་རྒྱལ་བྱམས་ཀྱིས་ཐོན་སྐྱེད་ལས་ཡུལ་དང་པོར་བྱ་བ་བསྒྲུབས་པ་དང་། ཁོས་དེ་ནི་ཉམས་མྱོང་གསོག་འཇོག་དང་རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཏུ་འདོད་ཡོད། ཁོས་ཁེངས་སྐྱུང་སྒོས་ཐོན་སྐྱེད་ལག་རྩལ་སློབ་སྦྱོང་བྱས་ཤིང་། ཧུར་ཐག་གིས་བྱ་བ་བཟང་པོར་བསྒྲུབས་པ་དང་། ཞིབ་འཇུག་ལ་བཅངས་པའི་ངར་ཤུགས་ཆེན་པོས་དུས་ཡུན་ཐུང་ངུའི་ནང་སྨན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ་དང་ཚད་ལྡན་བཀོལ་སྤྱོད་ལ་རྒྱུས་ལོན་པར་མ་ཟད། རང་གིས་སློབ་ཆེན་སྐབས་སྦྱངས་པའི་ཤེས་བྱར་འབྲེལ་ཏེ་བསམ་གཞིགས་དང་ཞིབ་འཇུག་བྱས།

སྙིང་རྒྱལ་བྱམས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ལོ་འདི་གའི་རིང་། རྒྱལ་ཁབ་ཀྱི་སྨན་པ་གྲགས་ཅན་ཉི་མ་རྒྱུན་དུ་ང་ཚོའི་འདུལ་སྦྱོང་ཚན་ཁག་ནང་ཡོང་བ་དང་། ཁོས་བོད་སྨན་གྱི་གཞུང་ལུགས་གཞིར་བཟུང་ཞིང་ལོ་མང་རིང་གི་སྨན་སྡེབ་ཉམས་མྱོང་ལ་ཟུང་འབྲེལ་བྱས་ཏེ། ང་ཚོར་བོད་སྨན་འདུལ་སྦྱོང་གི་ལག་རྩལ་རིགས་མང་པོར་དངོས་སུ་མཛུབ་སྟོན་བྱས། དགེ་རྒན་ཉི་མ་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་ཏེ། ངས་ནམ་རྒྱུན་ཁོང་ལ་འདུལ་སྦྱོང་སྐོར་གྱི་གནད་དོན་མང་པོ་དྲིས་ཀྱང་། དགེ་རྒན་ཉི་མས་བསམ་གཞིགས་གཏོང་ཞོར་དུ་དྲི་བར་ལན་འདེབས་པ་དང་། སྐབས་འགར་བྱིས་པ་ལྟར་ལྷད་མེད་ཀྱི་འཛུམ་མདངས་མངོན་སྲིད་ཟེར།

སྙིང་རྒྱལ་བྱམས་ལ་དགེ་རྒན་ཉི་མས་བློ་སྒོ་ཕྱེས་པ་དང་དེའི་ཤུགས་རྐྱེན་གྱི་དབང་གིས《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས》དང《ཤེལ་གོང་ཤེལ་ཕྲེང》སོགས་བོད་ལུགས་གསོ་རིག་གི་བསྟན་བཅོས་ལ་དགའ་ཞེན་ཆེན་པོ་བྱུང་། བྱ་བར་བྲེལ་བ་ཅི་འདྲ་ཆེ་རུང་ཉིན་རེར་ཤོག་གྲངས་འགའ་ཞིབ་མོར་ཀློག་བཞིན་ཡོད། དགེ་རྒན་ཁོང་གིས་རྒྱུན་དུ་བོད་ལུགས་གསོ་རིག་སྨན་པས་བསྟན་བཅོས་ཀློག་པ་དང་། ནད་ཐོག་བརྟག་དཔྱད་མང་པོ་བྱེད་པའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས་པ་དང་། ནད་ཐོག་བརྟག་དཔྱད་ཀྱིས་སྔར་སྦྱངས་པའི་ཤེས་བྱར་ཞིབ་བཤེར་བྱེད་ཐུབ་ཅིང་། དཔེ་ཀློག་གིས་ནད་ཐོག་བརྟག་དཔྱད་བྱེད་སྐབས་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཐུབ་པས་དེ་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་མཐའ་མཇུག་ནད་པ་ནད་ལས་གྲོལ་བར་བྱེད་དགོས་ཞེས་རྒྱུན་དུ་བཤད་པ་དང་། དེ་ཡང་སྙིང་རྒྱལ་བྱམས་ཀྱི་ཡིད་ལ་དམ་པོར་བཟུང་ཞིང་ལག་ལེན་དུ་བསྟར་བའི་དམ་བཅར་གྱུར་ཡོད།

2017ལོར། སྙིང་རྒྱལ་བྱམས་དོ་དམ་ལས་གནས་སུ་ཞུགས་པ་དང་། ཁོས་ཤེས་རྒྱ་དང་མཐོང་རྒྱ་བསྐྱེད་ཅིང་། རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་ལག་ཤེས་པའི་སྙིང་སྟོབས་ཀྱིས་རྒྱུན་ཆད་མེད་པར་ལག་རྩལ་མཐོར་འདེགས་དང་དཀའ་སེལ་འགག་སྒྲོལ་བྱེད་བཞིན་ཡོད།

“བོད་སྨན་གྱི་སྨན་རྫས་ནི་རྩྭ་སྨན་འཐུ་བ་དང་དབྱེ་འབྱེད།  འདུལ་སྦྱོང་། ལས་སྣོན་བཟོ་སྐྲུན། སྣ་ཁ་གསལ་འབྱེད་སོགས་ཀྱི་ཐད་ནས་སྒྲིག་སྲོལ་ནན་མོ་ཡོད། དེའི་ནང་འདུལ་སྦྱོང་ལག་རྩལ་ནི་རྙོག་འཛིང་ཆེ་ཤོས་ཡིན་པ་དང་། སྨན་གྱི་རྒྱུ་ཆ་མི་འདྲ་བ་དང་དགོས་མཁོ་མི་འདྲ་བར་དམིགས་ཏེ་འདུལ་སྦྱོང་བྱེད་ཐབས་ཀྱང་རྩ་བ་ནས་མི་འདྲ། སྨན་རྫས་ཀྱི་ཕན་ནུས་ནི་བོད་སྨན་གྱི་ཚེ་སྲོག་གནས་ས་ལྟ་བུ་ཡིན་ལ། འདུལ་སྦྱོང་ནི་སྨན་རྫས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེར་བརྟེན། སྙིང་རྒྱལ་བྱམས་ཀྱིས་བོད་སྨན“བཙོ་ཐལ”གྱི་འདུལ་སྦྱོང་ཚད་ལྡན་དང་ཞོར་འདེགས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཞིབ་འཇུག ཀྲུང་ལུགས་བོད་སྨན་འདུལ་སྦྱོང་རྒྱུན་འཛིན་རྟེན་གཞི་འཛུགས་སྐྲུན། ཀྲུང་ལུགས་དང་བོད་ལུགས། སོག་ལུགས། གུ་ཡུར་ལུགས་བཅས་ཀྱིས་ཐུན་མོང་དུ་སྤྱོད་ཀྱིན་པའི་ཁྱད་ལྡན་སྨན་གྱི་རྒྱུ་ཆ་དང་འདུལ་སྦྱོང་བྱེད་ཐབས་ཞིབ་འཇུག མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྫས་ཀྱི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཚན་རིག་ཞིབ་འཇུག་གི་ལས་འགན་གཙོ་བོའི་ཁྲོད་བོད་སྨན་གྱི་ལས་སྣོན་དངོས་རྫས་སྔར་ལས་མང་བ་དང་སྔར་ལས་ལེགས་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་ཏེ། ནད་པའི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་སྐོང་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། སྙིང་རྒྱལ་བྱམས་དང་ཚོགས་པས་ལག་རྩལ་གྱི་བཀག་རྒྱ་གཏོར་ནས་ཚན་རིག་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་སྤོ་ལོ་བརྡར་བའི་འཕྲུལ་འཁོར་དང་སྨན་ཀྱི་རྒྱུ་ཆ་ཞིབ་འཐག་སྒྲིག་ཆས། བླངས་ནས་འཇོག་པར་སྟབས་བདེ་བའི་སྨན་རྫས་རིགས་དགར་ཉར་ཚགས་སྒྲིག་ཆས་སོགས་གསར་གཏོད་ཀྱི་ཆེད་ཁེ་བདག་ཐོབ་དང་དངོས་སྤྱོད་དཔེ་གསར་མང་པོ་རེ་ཞུ་བྱས།

དཔེར་ན། གློག་སྲེག་སོ་ཐབ་ཀྱིས་བོད་སྨན་གྱི་ཟངས་ཐལ་སྲེག་པའི་བྱེད་ཐབས་གསར་གཏོད་བྱས་ཏེ། གློག་སྲེག་སོ་ཐབ་ཀྱིས་ཟངས་དམར་སྲེག་པའི་བྱེད་ཐབས་སྤྱད་དེ་སོ་ཐབ་ཀྱི་ཐོན་ཚད་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། ཚོད་འཛིན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བ་དང་། ད་ཡོད་ཀྱི་ལག་རྩལ་དང་བསྡུར་ན་སྲེག་པའི་དུས་ཚོད་ཐུང་ཞིང་ནུས་ཁུངས་འཛད་གྲོན་བྱེད་ཚད་ཆུང་བ། བཀོལ་སྤྱོད་བྱེད་མཁན་གྱི་ངལ་རྩོལ་ཤུགས་ཚད་ཆུང་བ། བཟོས་ཐོན་གྱི་ཚད་མཐོ་བ། བོད་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་རང་འགུལ་ཅན་དང་རིག་ནུས་ཅན་དུ་འགྱུར་བ་མངོན་འགྱུར་བྱས་ཡོད། བོད་ཀྱི་མངར་ཆ་ཐོན་སྐྱེད་བྱེད་ཐུབ་པའི་འཕྲུལ་འཁོར་ཞིག་གསར་གཏོད་བྱས་ནས། གློག་འཕྲུལ་དང་པོས་འཁོར་མདའ་དང་པོ་འཁོར་འགུལ་བྱེད་པ་དང་། འཁོར་མདའ་དང་པོས་འཁོར་འགུལ་བྱས་ནས་སོ་འཁོར་དང་པོ་འཁོར་འགུལ་བྱེད་པ། སོ་འཁོར་དང་པོ་དང་གཞུ་དབྱིབས་ཇ་པད་མའི་སོ་ཁ་འཐབ་པའི་དབང་གིས། ཤུད་ཤུལ་གྱི་ཆད་པ་བཅད་ནས་འཐེན་དབྱུག་གཉིས་བར་གྱི་བར་ཐག་སྙོམས་སྒྲིག་བྱས་ཏེ། མངར་ཆ་བཟོ་བྱེད་ཀྱི་འཕྲུལ་འཁོར་གྱི་སྤྱོད་གོ་ཆོད་པའི་རང་བཞིན་མངོན་སུམ་མཐོར་འདེགས་སུ་བཏང་།

དེ་ལས་གཞན་སྙིང་རྒྱལ་བྱམས་མཚོ་སྔོན་ཞིང་ཆེན་བོད་སྨན་སྨན་བཅོས་སྒྲིག་གཞིའི་ནང་གི་སྨན་འཐུང་ལེབ་མོའི་ནད་ཐོག་ཉེར་སྤྱོད་ཕྱོགས་སྟོན་འཆར་ཟིན་འཆར་འགོད་ལས་དོན་ནང་ཞུགས་ནས། དེང་སྐབས་ཞིང་ཆེན་ཡོངས་ཀྱི་སྨན་ཁང་ནང་གི་སྨན་སྦྱོར་ཁྱབ་ཁོངས་སུ་ཕྱོགས་སྟོན་དེ་འགྲེམ་སྤེལ་བྱས་ཡོད་པའི་དབང་གིས། ཞིང་ཆེན་རང་གི་བོད་སྨན་ལེབ་མོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་ལུགས་བོད་སྨན་ལེབ་མོའི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པའི་ལས་དོན་ཁྲོད་ཞུགས་ནས། ལས་དོན་དེས་རང་ཞིང་གི་བོད་ལུགས་སྨན་བཅོས་སྒྲིག་གཞི་དང་ནད་ཐོག་སྨན་འཐུང་ལེབ་མོ་ཆུང་ངུ་བེད་སྤྱོད་བྱ་རྒྱུར་སྔར་ལས་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ཡོད། དེ་ལས་གཞན་ད་དུང 《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྲིག་གཞིའི་ཐུན་མོང་དུ་སྤྱོད་པའི་གསུང་རབ་དང་གྲགས་ཅན་སྨན་ཐོ་ཕྱོགས་བསྒྲིགས》ཀྱི་འཆར་ཟིན་འགོད་པའི་ལས་དོན་ཁྲོད་ཞུགས་ཏེ། བོད་ལུགས་སྨན་རྫས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བར་མ་ཟད། སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་གྱི་ནད་ཐོག་སྤྱོད་པའི་གནའ་བོའི་སྨན་ཐོ་དང་མིང་ཐོ། ཞིབ་བཤེར་སྨན་ཐོ་སོགས་ཚད་ལྡན་དུ་བཏང་བ་ལས་གཞན། ལས་རིགས་ཀྱི་ཚད་གཞི་རིམ་གྱིས་གྲུབ་པ་དང་། རྩ་འཛུགས་བྱས་ནས་སྨན་ཐོ600ལྷག་གདམ་གསེས་དང་ལེགས་སྒྲིག་སོགས་ཀྱི་ལས་དོན་ཡོངས་འགྲུབ་བྱས།

2022ལོའི་ཟླ4པར། སྙིང་རྒྱལ་བྱམས་ཀྱིས་ཞིང་ཆེན་བོད་སྨན་ཁང་གི་སྨན་རྫས་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཆོག་འཐུས་ལག་ཁྱེར་བརྗེ་རྒྱུའི་ལས་དོན་ལ་འགོ་འཛིན་བྱས་ཏེ། དེ་སྔའི་སྨན་ཐོར་དང་རིལ་རིགས། འགྱིག་ཐུམ་སྲ་མོ། ཆང་རིགས། སྨན་རིལ་སོགས་རིགས12ཀྱི་རྨང་གཞིའི་སྟེང་དུ། སྨན་ལེབ་དང་སྣ་སྨན། འོ་སྣུམ་སྨན། སྨུག་རླངས་སྨན། རྣ་སྨན་སོགས་བོད་སྨན་རིགས10གསར་དུ་ཁ་སྣོན་བྱ་རྒྱུའི་རེ་ཞུ་བྱས་ནས། སྨན་རྫས་ཐོན་སྐྱེད་བྱེད་ནུས་སྨན་རིགས22འཕར་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་སྒྲིག་གཞི་ཐོག་མའི་སྨན་ཁང་ནང་གི་བོད་སྨན་སྨན་རྫས་སིལ་སྨན་ཁེར་རྐྱང་དུ་བཀོད་པའི་རང་འགུལ་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་སྒྲིག་སྦྱོར་དང་ཚོད་སྒྲིག་ལས་དོན་ལ་འགོ་འཛིན་བྱས་ནས་ཡོངས་འགྲུབ་བྱས་ཏེ། སྨན་བཅོས་སྒྲིག་གཞིའི་སྨན་རྫས་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

སྙིང་རྒྱལ་བྱས་ཀྱིས“ལག་ཤེས་ནི་ལག་པར་བརྟེན་དགོས་པ་དང་ལག་ཤེས་ཀྱི་ཐབས་བཀོད་ནི་ཤེས་རབ་ལ་རག་ལས་ཡོད”། ཀྲུང་ལུགས་བོད་སྨན་བཟོ་བ་དེ་ཡུལ་བབ་དང་བསྟུན་ནས་གཟབ་ནན་ཞིབ་ཚགས་བྱེད་དགོས་པར་མ་ཟད། སྔར་ལས་ཡག་ཐོག་ཡག་བརྩེགས་བྱས་ཏེ་རྒྱུན་འཛིན་ཁྲོད་བདེན་སྲུང་གསར་གཏོད་དང་། ཞིབ་ཚགས་ཀྱི་ཐོག་ནས་ཕུལ་བྱུང་མངོན་པར་བྱེད་དགོས་ཟེར། ཁོས་ཀྲུང་ལུགས་བོད་སྨན་ཀྱི་རྒྱུ་ནོར་རྩ་ཆེན་རྒྱུན་འཛིན་དང་འཕེལ་རྒྱས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས། སྤུས་ལེགས་བོད་སྨན་སྔར་ལས་གང་མང་དམངས་ལ་ཕན་པའི་སྨན་རྫས་ཡག་པོ་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ལྷ་མོ་འཚོ། བན་དེ་སྐྱབས།