ཐང་གའི་སྒྱུ་རྩལ་བ་སངས་རྒྱས་རྒྱལ།
2024.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55


སངས་རྒྱས་རྒྱལ་གྱིས་ཉམས་ལེན་སློབ་མར་རི་མོ་འབྲི་ཚུལ་ཁྲིད་བཞིན་པ།

ཟླ5པའི་ཚེས12ཉིན། ཀྲུང་གོའི་ཡང་བའི་བཟོ་ལས་ཀྱི་མཉམ་འབྲེལ་ལྷན་ཚོགས། པེ་ཅིང་གཟུགས་འདས་ཤུལ་བཞག་རིག་གནས་འཕེལ་རྒྱས་ཐེབས་རྩ་ཚོགས་པས་འགན་སྒྲུབ་བྱས་པའི“སྲོལ་རྒྱུན་བཟོ་རྩལ་གྱི་རྒྱལ་ཁབ་ཆེན་མོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་བ”དཔྱད་བསྡུར་འདེམས་བསྐོའི་བྱེད་སྒོ་ཐོག་མའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་མི་སྣ་དྲུག་ཅུར་མཚན་སྙན་འདི་ཐོབ་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་ག་རི་མོའི་རྒྱུད་འཛིན་པ་སངས་རྒྱས་རྒྱལ་དེའི་གྲས་སུ་ཚུད་ཡོད།

ཟླ5པའི་ཚེས15ཉིན། རྨ་ལྷོ་ཁུལ་རེབ་གོང་གྲོང་ཁྱེར་རེབ་གོང་སངས་རྒྱས་ཐང་ག་འབྲི་སྦྱོང་གླིང་དུ། སངས་རྒྱས་རྒྱལ་གྱིས་འབྲི་སྨྱུག་ལག་ལ་ཐོགས་ཏེ། བློ་རིག་སྒྲིམ་ནས་འབྲི་རས་འདེམས་ཤིང་ཚོན་རྩི་བྱུགས་པ་དང་གསེར་ཚོན་བསྐུ་བ་བཅས་ཀྱི་འབྲི་རིམ་བརྒྱུད་དེ་གསར་རྩོམ་བྱེད་བཞིན་ཡོད། ཁོས་བཤད་རྒྱུར།  ཉེ་སྔོན་པེ་ཅིང་གི་སྒོར་འབུམ་བརྒྱད་ལྷག་གི་མངགས་ཐོ་དང་ལེན་བྱས་ཡོད་པས་ང་ཚོས་སྟོབས་ཤུགས་ཡོད་ཚད་བཏོན་ནས་ཡོངས་འགྲུབ་བྱས་རྗེས་སྔ་ཙམ་ནས་ཚོང་ཟོག་ཡར་སྤྲོད་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

ད་ལོ་ལོ་སོ་བརྒྱད་ལ་ཐོན་པའི་སངས་རྒྱས་རྒྱལ་ཐང་གའི་རི་མོ་འབྲི་སྦྱོང་ལས་རིགས་ལ་ཞུགས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ཡོད། སངས་རྒྱས་རྒྱལ་ནི་རེབ་གོང་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་ཡར་མགོ་སྡེ་བའི་མི་ཡིན་ལ། སེང་གེ་གཤོང་ཡར་མགོ་སྡེ་བར་རེབ་གོང་སྒྱུ་རྩལ་གྱི་ཐང་གའི་སྡེ་བ་ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། སྡེ་བའི་ནང་དུ་སྲོལ་རྒྱུན་བཟོ་རྩལ་མི་སྣ་མང་བས་ལོ་ན་ཆུང་བའི་སངས་རྒྱས་རྒྱལ་ལ་ཐང་གའི་རི་མོར་རྒྱུས་ལོན་བྱེད་པའི་གོ་སྐབས་མང་པོ་ཡོད་པར་མ་ཟད། ཐང་གའི་རི་མོ་འབྲི་བའི་ཕྱོགས་ལ་སྤྲོ་བ་ཆེན་པོ་སྐྱེས། སངས་རྒྱས་རྒྱལ་གྱིས་ལོ་དྲུག་ནས་བཟུང་ཐང་གའི་དཔེ་རིས་འབྲི་བའི་ལག་རྩལ་སྦྱངས་བ་དང་། ལོ་བཅུ་དྲུག་ལ་ཐོན་དུས་སྲོལ་རྒྱུན་ཐང་གའི་རི་མོའི་ལག་རྩལ་སྣ་ཚོགས་ཁོང་དུ་ཆུད་པར་གྱུར།

སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། རི་མོ་རེ་རེར་ཚེ་སྲོག་ཡོད་ལ། རི་མོ་མཁན་གྱིས་སེམས་ཞིབ་མོས་དཔེ་རིས་བྲིས་ནས་དུས་ཡུན་རིང་བོར་འཆར་འགོད་བྱེད་དགོས། གསར་རྩོམ་བྱེད་ཐེངས་རེ་རེར་གཏམ་རྒྱུད་ཁྲོད་ཀྱི་མི་སྣར་ཁ་བརྡ་བྱེད་ཀྱིན་ཡོད་ལ། དེར་མཐུན་པའི་ཆ་ཞིག་རྙེད་ན་ད་གཟོད་སེམས་གཏིང་གི་བརྩམས་ཆོས་ལེགས་ཤོས་དེ་འབྲི་ཐུབ་ཟེར།

དམངས་ཁྲོད་ཀྱི་ཐང་གའི་རི་མོ་རྒྱུད་འཛིན་མཁན་ཞིག་ཡིན་པའི་ཆ་ནས་ཐང་གའི་སྒྱུ་རྩལ་ཇི་ལྟར་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་གཏོང་དགོས་སམ། 2013ལོ་ནས2016ལོའི་བར། སངས་རྒྱས་རྒྱལ་སྔ་ཕྱིར་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ་སོགས་ས་ཁུལ་ལ་སོང་ནས་སྒྱུ་རྩལ་གསར་རྩོམ་དང་རིག་གནས་བརྗེ་རེས་བྱས་པར་མ་ཟད། ཐང་གའི་རི་མོར་འཚོལ་ཞིབ་ནན་མོ་དང་སྤོབས་པ་ཆེན་པོས་གསར་གཏོད་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་འབྲི་ཚུལ་ཞིག་ཆགས། ཁོས་གསར་རྩོམ་བྱས་པའི་ཐང་གའི་བརྩམས་ཆོས་མང་ཤོས་ལ་ཐེངས་མང་པོར་ཞིང་ཆེན་ཕྱི་ནང་གི་བྱ་དགའ་ཆེན་པོ་ཐོབ་ཡོད།

2017ལོར།  སངས་རྒྱས་རྒྱལ་གྱིས་ལོ་མང་པོའི་རིང་པེ་ཅིང་ནས་འབད་བརྩོན་བྱས་ཏེ་ཕྱིར་ཕ་ཡུལ་ལ་ལོག་པ་དང་། ཁོས་བསགས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས་ཐང་གའི་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་གི་རྟེན་གཞི་གསར་འཛུགས་བྱས། ཐང་གའི་རྟེན་གཞི་ལེགས་འགྲུབ་བྱུང་རྗེས། དབུལ་ཕོངས་ས་ཁུལ་གྱི་སློབ་མ་མང་པོ་ཡོང་ནས་ཁོ་དགེ་རྒན་ལ་བརྟེན་ཏེ་རི་མོའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས།  སངས་རྒྱས་རྒྱལ་གྱིས་རིན་མེད་སྒོས་སློབ་མ་བསྡུས་པར་མ་ཟད། ཁོ་ཚོར་རིན་མེད་སྒོས་ཟ་མ་དང་སྡོད་གནས་མཁོ་འདོན་བྱས་པ་དང་། དེའི་ནང་གི་སློབ་མ་མང་པོ་ཞིག་གིས་ལོ་ལྔ་དྲུག་ལ་སློབ་སྦྱོང་བྱས།

སངས་རྒྱས་རྒྱལ་གྱིས་སློབ་མ་ཚོར་རི་མོ་འབྲི་ཚུལ་ཁྲིད་པར་མ་ཟད། ད་དུང་ཁོ་ཚོར་ལོ་རྒྱུས་དང་། རིག་གནས། མི་ཚེ་བཅས་ཀྱི་སྐོར་ཁྲིད་པ་རེད། སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། ང་ནི་སྤྱིར་བཏང་གི་དམངས་ཁྲོད་ལག་ཤེས་སྒྱུ་རྩལ་བ་ཞིག་ཡིན་ཡང་། ངས་ཁོ་ཚོར་ཐང་ག་འབྲི་སྟངས་ཁྲིད་ཐུབ། ལག་རྩལ་འདིར་རྒྱུས་ལོན་བྱས་རྗེས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ཉིད་དང་ཁྱིམ་མིའི་ཁ་གསོ་ཐུབ་ཟེར། མིག་སྔའི་བར། སངས་རྒྱས་རྒྱལ་གྱིས་ལག་རྩལ་རྩེར་སོན་པའི་ཐང་གའི་རི་མོ་མཁན་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད།

ཕྱུག་པོར་གྱུར་ཡང་ཕ་ཡུལ་གྱི་དྲིན་མི་བརྗེད་པ་དང་། ནུས་པ་ཡོད་རྒུས་ཕ་ཡུལ་ལ་དྲིན་གཟོ་དགོས། སངས་རྒྱས་རྒྱལ་གྱིས་སྒྱུ་རྩལ་རྒྱུད་འཛིན་གྱི་ཕུགས་བསམ་སྙེག་པའི་ཞོར་དུ་དངོས་ཡོད་འགུལ་སྐྱོད་ཀྱིས་ཐུན་མོང་ཕྱུག་འགྱུར་གྱི་ཕུག་བསམ་སྙེག་བཞིན་ཡོད། སངས་རྒྱས་རྒྱལ་གྱི་ཐང་གའི་རྟེན་གཞི་དེ་རེབ་གོང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་གི་ཐང་ག་འབྲི་བཞེངས་རྟེན་གཞིར་གཏན་འཁེལ་བྱས། ཁོས་རང་སྟེང་གི་དགེ་མཚན་སྤྱད་དེ་ལས་གཏོད་ཀྱི་གར་སྟེགས་བསྐྲུན་ཞིང་། ལས་ཞུགས་ཀྱི་ལས་གནས་འདོན་སྤྲོད་བྱས་པ་དང་། ཐང་ག་དང་ཤིང་བརྐོ། ལག་ཤེས་སྒྱུ་རྩལ་དང་རིག་གནས་ལས་གཏོད་སོགས་དབུལ་སྐྱོབ་ལས་སྒོ་ཕྱེས་ནས་ཉེ་འཁོར་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱས་ཏེ། གསོ་སྦྱོང་གིས་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་ཁྲིད་བྱས། མིག་སྔའི་བར། རྟེན་གཞིས་ཡུལ་གཞན་གནས་སྤོར་བྱས་པའི་དབུལ་ཐར་ཁྱིམ་ཚང་གི་ན་གཞོན་མི་ཉི་ཤུ་ལས་ཞུགས་བྱེད་པར་བསྡུ་ལེན་བྱས་ཤིང་། གསོ་སྦྱོང་མི་སྣ་ཁྱོན་བསྡོམས་མི་ཐེངས་ཉིས་བརྒྱ་ལྷག་ལ་སླེབས་པ་དང་། མི་སྣ་དྲུག་ཅུ་ལྷག་གིས་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས།

སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། ཕ་ཡུལ་དང་ཁ་བྲལ་དོན་ནི་མི་སྒེར་གྱི་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་ལ། ཕྱིར་ཕ་ཡུལ་ལ་ལོག་པ་ནི་ཚང་མར་རོགས་བྱས་ནས་ཐུན་མོང་འཕེལ་རྒྱས་འགྲོ་བའི་ཆེད་དུ་ཡིན་ཟེར། 2020ལོ་ནས་ད་ལོའི་བར། ཁོས་སྔ་ཕྱིར་པེ་ཅིང་དང་ཀོང་ཀྲོའུ་སོགས་ས་ཁུལ་གྱི་རིག་གནས་ཁེ་ལས་བར་ལོ་རྒྱུན་གྱི་ཉོ་ཚོང་གན་རྒྱ་བཞག་ཡོད་པ་དང་། ས་གནས་རང་གི་དབུལ་ཕོངས་ཁྱིམ་ཚང་བརྒྱ་ལྷག་གི་དབུལ་ཐར་དང་ཡོང་འབབ་འཕར་སྣོན་ཡོང་བར་རོགས་སྐྱོར་དང་སྐུལ་ཁྲིད་བྱས་ཤིང་། ཁྱིམ་ཚང་རེ་རེར་ལོ་རེའི་ཡོང་འབབ་སྒོར་ཁྲི་ལྔ་ནས་ཁྲི་བརྒྱད་ལྷག་བར་འཕར་སྣོན་བྱུང་ཡོད་ལ། ལོ་རེར་ཐང་ག་སྟོང་གཅིག་ལྷག་ཐོན་སྐྱེད་བྱས་ཡོད། དེ་ལས་གཞན། ཁོས་ཁྱོན་བསྡོམས་སྒོར་འབུམ་གསུམ་དང་ཁྲི་དྲུག་ལྷག་གི་མ་དངུལ་དང་དངོས་པོའི་ཞལ་འདེབས་ཕུལ། 2023ལོའི་ཟླ1པར། རེབ་གོང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སངས་རྒྱས་རྒྱལ་ལ་བརྩེ་སེམས་སྤྱི་ཕན་བྱ་དགའ་གནང་།

ད་ལོ། རིག་གནས་དབུལ་སྐྱོར་ཐོན་ལས་རྟེན་གཞིས་ཡུལ་སྐོར་བ་དང་ཁྲོམ་རའི་དགོས་མཁོ་ལྟར། རིག་གནས་གསར་གཏོད་ཐོན་རྫས་ཁ་ཤས་ཞིབ་འཇུག་དང་གསར་རྩོམ་བྱས་ཡོད། སངས་རྒྱས་རྒྱལ་གྱིས་རིག་གནས་ཐོན་ལས་ཀྱི་དབུལ་སྐྱོར་ཐབས་ལམ་རྒྱ་བསྐྱེད་དེ་མི་སྔར་ལས་མང་པོ་ཕྱུག་པོར་འགྱུར་བའི་འཆར་གཞི་བཀོད། ཁོས་ལོ་མང་རིང་གི་འཚོལ་ཞིབ་ཁྲོད་ཤེས་རྟོགས་བྱུང་བ་ནི།  གཟུགས་འདས་ཤུལ་བཞག་རིག་གནས་དང་དབུལ་ཐར་ཕྱུག་འགྱུར་གཉིས་ཟུང་འབྲེལ་བྱས་ན། རིག་གནས་ཐོན་ལས་ཀྱི་ནང་གནས་སྒུལ་ཤུགས་འདོན་སྤེལ་གང་ལེགས་བྱེད་ཐུབ་ལ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱེད་ཐུབ།

སངས་རྒྱས་རྒྱལ་གྱིས་རེབ་གོང་གྲོང་ཁྱེར་རེབ་གོང་སངས་རྒྱས་ཐང་ག་འབྲི་སྦྱོང་གླིང་གི་འགན་འཁུར་མི་སྣའི་འགན་བཞེས་ཤིང་སྔ་ཕྱིར་མཚན་སྙན་མང་པོ་ཐོབ་ཡོད།  2014ལོར། ཁོར་རྨ་ལྷོ་ཁུལ་གྱི་རིག་གནས་ལུས་རྩལ་ཅུའུ་དང་རྨ་ལྷོ་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྐབས་དང་པོའི་ཁུལ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོའི་མཚན་སྙན་གནང་བ་དང་། 2020ལོའི་ཟླ4པར་ཀྲུང་གོའི་སྨྱན་བྱད་གསར་བའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་རིག་གནས་འཕྲིན་སྟེགས་ཀྱིས་ཀྲུང་གོའི་དེང་རབས་ཡིག་གཟུགས་དང་རི་མོ་མཁན་གྱི་མཚན་སྙན་གནང་ཞིང་།  2021ལོར་རྨ་ལྷོ་ཁུལ་རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་འགྱུར་གྱི་སྣེ་ཁྲིད་མི་སྣའི་མཚན་སྙན་ཐོབ་ཡོད། 

ལྷ་མོ་འཚོས་བསྒྱུར།