རྨ་ཆེན་གྱི་གཏམ་རྒྱུད་བཤད་ནས་རྨ་ཆེན་གྱི་མཛེས་ལྗོངས་འོས་སྦྱོར་བྱེད།
ཡོན་པོ་བྲག་དཀར་གྱི་འདབས་རོལ་དུ་བསྡད་དེ། ལྷ་གཡང་སྒྲོལ་མས་དལ་མོར་མིག་བཙུམས་ཤིང་མགོ་བོ་ཡར་དགྱེ་ནས་དྭངས་གཙང་གི་མཁའ་དབུགས་འབྱིན་རྔུབ་བྱེད་པ་དང་། མཐོ་སྒང་གི་གངས་རི་དང་རྩྭ་ཐང་གི་དམིགས་བསལ་གྱི་བྲོ་བ་མྱངས། ལྷ་གཡང་སྒྲོལ་མ་ནི་དྲ་ཐོག་ཏུ་ཞེན་མི་འབུམ་བདུན་ཡོད་པའི་མཚོ་སྔོན་གྱི་དྲ་གྲགས་ཤིག་ཡིན། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཁོ་མོ་རྨ་ཆེན་གྱི་འོས་སྦྱོར་མཁན་ལ་གདན་ཞུ་བྱས་པས་ཁོ་མོར་ཐོབ་ཐང་གསར་བ་ཞིག་ཡོད་པར་གྱུར།
ཟླ5པའི་ཚེས21ཉིན་ལྷ་གཡང་སྒྲོལ་མས་བཤད་རྒྱུར། ངས་ཕ་ཡུལ་གྱི་མཛེས་པ་འོས་སྦྱོར་བྱེད་རྒྱུ་དེ་གཟི་བརྗིད་ཅིག་ཏུ་འདོད་ཡོད་པས་བརྩམས་ཆོས་སྔར་ལས་ལེགས་ཤོས་ཀྱིས་ཕ་ཡུལ་དྲིལ་སྒྲོག་བྱེད་རྒྱུ་ཡིན་ཟེར།
ལྷ་གཡང་སྒྲོལ་མའི་དངོས་མིང་ལ་ཚེ་སྐྱིད་སྒྲོལ་མ་ཟེར་ཞིང་། ཁོ་མོ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་མི་ཡིན། མོ་དང་ཁྱོ་ག་ལྷ་མཆོག་གཉིས་ཀ་པར་ལེན་དང་བརྙན་ཐུང་ཕབ་ལེན་བྱེད་པར་དགའ་བར་བརྟེན། སློབ་ཆེན་མཐར་ཕྱིན་ནས་ལོ་འགར་བྱ་བ་ལས་རྗེས། ཁོ་གཉིས་ལ་ལས་གཏོད་ཀྱི་བསམ་ཚུལ་སྐྱེས། 2023ལོའི་ཟླ3པར། ཁོ་གཉིས་ཀས“རྨ་ཆེན·ལྷ་གཡང་སྒྲོལ་མ”ཞེས་པའི་མིང་ཐོག་ནས་བརྙན་རིས་ཐེམ་ཨང་ཐོ་འགོད་བྱས་ཤིང་། བརྙན་ཐུང་སྒྲིག་བཟོ་བྱེད་མགོ་བརྩམས། ན་གཞོན་རབས་ཀྱི་ལས་གཏོད་པ་ཞིག་ཡིན་པའི་ཆ་ནས། ཁོ་གཉིས་ལ་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་ཡོད་དེ། ཁོ་གཉིས་ཀྱི་ཐོག་མའི་སེམས་འདུན་ནི་བརྙན་ཐུང་བརྒྱུད་ནས་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ལྡན་གྱི་མི་རིགས་རིག་གནས་དྲིལ་སྒྲོག་བྱས་ཏེ། མི་སྔར་ལས་མང་པོས་ཕ་ཡུལ་ལ་རྒྱུས་ལོན་བྱེད་པ་དང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕ་ཡུལ་གྱི་ཁྱད་ཐོན་དངོས་རྫས་ཕྱིར་བཙོངས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱེད་རྒྱུ་དེ་ཡིན།
ལྷ་གཡང་སྒྲོལ་མའི་སེམས་སུ་ཕ་ཡུལ་ནི་ཆེས་དྲོད་ཁོལ་ལྡན་པའི་གནས་མལ་ཡིན་ལ། ཕ་ཡུལ་གྱི་རྩྭ་ཐང་སྟེང་དུ་བསྡད་ནས་རང་བྱུང་ཁམས་ཆེན་མོའི་སྒྲ་དབྱངས་ལ་ཉན་རྒྱུར་སྤྲོ་བའི་ཁོ་མོས་བལྟས་ན། ཕ་ཡུལ་གྱི་རི་ཀླུང་དང་ཆུ་རྒྱུན། ཡུལ་སྲོལ་གོམས་གཤིས་བཅས་ནི་རྩ་ཆེ་བའི་ནོར་བུ་ཅི་ལ་མིན། ན་ནིང་ཁོ་གཉིས་ཀྱིས་བརྙན་ཐུང་སྒྲིག་བཟོ་བྱས་པའི་ཚུན། ཁོ་གཉིས་ཀྱིས་ཐོག་མའི་ཕུགས་འདུན་ཡིད་ལ་དམ་པོར་བཟུང་སྟེ། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཡུལ་ལྗོངས་དང་དམངས་སྲོལ། རྒྱན་གོས་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་སོགས་ཀྱི་ཕྱོགས་ནས་རྨ་ཆེན་གྱི་མཛེས་པ་མངོན་པར་བྱས།
ལྷ་གཡང་སྒྲོལ་མའི་བརྙན་ཐུང་དག་ལ་བལྟས་ན། མཛེས་ཤིང་གྲལ་དག་པའི་མཐོང་སྣེ་ཡིས་མགོ་ལོག་གི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དེ་ལྟད་མོ་བའི་མིག་མདུན་དུ་བཤམས་ཡོད།
སྤུས་ལེགས་ཀྱི་བརྙན་ཐུང་ཞིག་སྒྲིག་བཟོ་བྱེད་དགོས་ན། དེར་བརྗོད་དོན་ཇུས་འགོད་དང་གནས་ཡུལ་གདམ་གསེས་ལེགས་པོ་བྱེད་དགོས། དེར་བརྟེན། ཁོ་གཉིས་ཀ་རྒྱུན་དུ་རི་མགོ་དང་རྩྭ་ཐང་། འབྲོག་ཁྱིམ་བཅས་ལ་སོང་ནས་རྒྱུ་ཆ་འཚོལ་སྡུད་བྱས། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་ཡུལ་སྲོལ་གོམས་གཤིས་འགྲེམ་སྟོན་གྱི་འཆར་གཞི་ཇུས་འགོད་དང་སྒྲིག་བཟོ་བྱས་རྗེས། ཁོ་གཉིས་ཀྱིས་ཟླ་གཅིག་གི་དུས་ཚོད་བེད་སྤྱད་དེ་རྫོང་སོ་སོར་བཅར་འདྲིར་སོང་ནས་ཕ་ཡུལ་གྱི་ཆེས་མཛེས་པའི་ཡུལ་ལྗོངས་འཚོལ་ཞིབ་བྱས་པ་དང་། མཉམ་ལས་ཁང་དང་འབྲོག་ཁྱིམ་ལ་སོང་ནས་ལག་ཤེས་སྒྱུ་རྩལ་རྣལ་མ་དང་བབ་ཆགས་ཀྱི་དམངས་སྲོལ་དང་ཡུལ་སྲོལ་ལ་རྒྱུས་ལོན་བྱས།
རྒྱུ་ཆ་འཚོལ་སྡུད་བྱེད་པར་ཡུལ་ཕྱོགས་མང་པོར་འགྲིམ་དགོས་པ་དང་། རེ་སྒུག་དང་སྤོབས་པ་ནི་དེ་བས་དགོས་གལ་ཆེ། མཚམས་རེར་གནམ་གཤིས་ལེགས་ཤོས་ལ་སྒུག་པ་དང་ཆེས་མཛེས་པའི་ཡུལ་ལྗོངས་ཕབ་ལེན་བྱེད་ཆེད་དུ་ཁོ་གཉིས་ཀྱིས་བསྟུད་མར་ཉིན་གསུམ་བཞིའི་རིང་ཕྱི་རོལ་རི་མགོ་ནས་ངང་སྒུག་བྱེད་པ་དང་། སྒུག་པའི་སྐབས་སུ་གཅན་གཟན་ཡོང་བར་ཡང་གཟབ་གཟབ་བྱེད་དགོས། དབྱར་དགུན་གང་ཡིན་རུང་། ཁོ་གཉིས་ཀྱིས་ཕབ་ལེན་གྱི་རྒྱུན་སྐྱོང་བཞིན་ཡོད། དགུན་ཁར། རི་བོས་དངུལ་དཀར་གྱི་ལྭ་བ་མནབས་ཤིང་། མཐོན་མཐིང་ཨ་སྔོན་གྱི་འོག་ཏུ། ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཆེས་མཛེས་པའི་ཡུལ་ལྗོངས་དེ་དྲ་གྲོགས་རྣམས་ལ་སྟོན་ཕྱིར། ལྷ་གཡང་སྒྲོལ་མས་ཁ་བའི་ཁྲོད་ནས་ཆུ་ཚོད་གཅིག་གཉིས་རིང་ཕབ་ལེན་བྱས་པ་དང་། ནམ་རྒྱུན་ཕབ་ལེན་བྱས་ཚར་རྗེས་ཁོ་མོར་ཆམ་པ་ཕོག་སྲིད།
དམངས་སྲོལ་ལག་ཤེས་བཟོ་རྩལ་ཕབ་ལེན་བྱེད་སྐབས། ཁོ་གཉིས་ཀྱིས་ལོ་ལོན་རྒན་པ་དང་ལག་ཤེས་བཟོ་པར་སྒྲིག་བཟོ་ལག་རྩལ་སྐོར་བློ་འདྲི་བྱས། ལྷ་གཡང་སྒྲོལ་མས་བཤད་རྒྱུར། ན་གཞོན་རྣམས་ཕ་ཡུལ་དང་བྲལ་ནས་སློབ་གྲྭར་འགྲོ་བའི་དུས་ཚོད་མང་བས་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱས་པ་ཆ་ཚང་མིན། དཔེར་ན་ཡོས་བརྔོ་བ་ལྟ་བུའི་རྒྱུན་ལྡན་གྱི་ལག་རྩལ་འདིར་ཁོ་གཉིས་ཀྱིས་ཕབ་ལེན་བྱེད་སྐབས་སུ་ཁྱིམ་གྱི་ལོ་་ལོན་རྒན་པ་གདན་ཞུ་བྱས་ནས་སྒྲིག་བཟོ་ལ་མཛུབ་སྟོན་བྱེད་དུ་བཅུག ང་ཚོས་ལག་ཤེས་བཟོ་རྩལ་སྐོར་ལ་རྒྱུས་ལོན་བྱུང་བའི་ཞོར་དུ་མི་སྔར་ལས་མང་པོས་བརྙན་རིས་བརྒྱུད་དེ་ས་གནས་རང་གི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཟེར།
ལྷ་གཡང་སྒྲོལ་མ་བཟའ་ཟླ་གཉིས་ཀྱི་འབད་བརྩོན་ལ་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ཁས་ལེན་ཐོབ་པར་མ་ཟད། རྨ་ཆེན་རྫོང་གི་མཐོང་ཆེན་ཚད་མེད་ཐོབ། ཐེངས་འདིར་ལྷ་གཡང་སྒྲོལ་མ་ཕ་ཡུལ་གྱི་འོས་སྦྱོར་མཁན་དུ་གདན་ཞུ་བྱས་པས། ཁོ་གཉིས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ལྷ་གཡང་སྒྲོལ་མས་བཤད་རྒྱུར། མགོ་ལོག་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ཕ་ཡུལ་གྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་ནི་སྐུལ་ལྕག་ཆེན་པོ་ཞིག་ཡིན་ཏེ། ཕ་ཡུལ་གྱི་འོས་སྦྱོར་མཁན་ཞིག་ཡིན་པའི་ཆ་ནས། ངས་མགོ་ལོག་གི་ཡུལ་ལྗོངས་དང་དམངས་སྲོལ། ཞིང་ཕྱུགས་ཐོན་རྫས་སོགས་མུ་མཐུད་དུ་སྔོག་འདོན་དང་དྲིལ་སྒྲོག་བྱས་ནས། ཕ་ཡུལ་གྱི་མཚན་སྙན་གྲགས་སྔར་ལས་རྒྱས་པར་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།