གློག་བརྙན་སྟོན་བྱེད་འཕྲུལ་ཆས་གཅིག་དང་གློག་བརྙན་གྱི་ཕུགས་འདུན་ཅིག ལོ་གཅིག་ལ་སྤྱི་ལེ་ཁྲི་གཉིས་ལྷག་སོང་བ་དེ་མང་ཚོགས་ལ་གློག་བརྙན་སྟོན་ཆེད་ཡིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་སྤྱི་ཕན་གློག་བརྙན་སྟོན་མཁན་གནམ་ལྷ་ཚེ་རིང་གིས་ལོ་ངོ་སོ་ལྔའི་རིང་གི་རྒྱུན་འཁྱོངས་ལ་བརྟེན་ནས། རྩྭ་ཐང་ནས་གློག་བརྙན་ཁྲི་ཕྲག་ལྷག་བསྟན་ནས་ས་གནས་མང་ཚོགས་ཀྱི་རིག་གནས་རོལ་རྩེད་འཚོ་བར་སྤྲོ་སྣང་མི་ཉུང་བ་ཞིག་བསྣན།
ཐེངས་དང་པོར་དགེ་རྒན་དང་མཉམ་དུ་སོང་ནས་དོང་ལམ་འཐབ་འཁྲུག་ཅེས་པའི་གློག་བརྙན་དེ་བཏང་བ་ཡིད་ལ་དྲན་བྱུང་། གནམ་ལྷ་ཚེ་རིང་གིས་རང་ཉིད་ཀྱིས་གློག་བརྙན་བསྟན་པའི་ལོ་རྒྱུས་བཤད་ཞོར། ལོ་མང་རིང་བཀོལ་སྤྱོད་བྱསགཔའི་འོད་ལེན་སྤྱིན་ཤོག་གློག་བརྙན་སྟོན་ཆས་ལ་བྱིལ་བྱིལ་བྱེད་བཞིན་དུ་ལོ་ངོ་སོ་ལྔའི་སྔོན་གྱི་དོན་དག་ལ་ཕྱིར་དྲན་བྱས།
1989ལོར། གནམ་ལྷ་ཚེ་རིང་སྤྱི་ཕན་གློག་བརྙན་སྟོན་མཁན་ཞིག་ཏུ་གྱུར། ལམ་ལ་ཆས་ཐེངས་རེ་རེར། ཁོས་གློག་བརྙན་སྟོན་བྱེད་འཕྲུལ་ཆས་དང་འཚོ་བའི་མཁོ་ཆས་སོགས་གཡག་གི་རྒྱབ་ལ་བཀལ་ཏེ། ཁོ་དང་ཁོའི་དགེ་རྒན་གཉིས་རྟ་ལ་ཞོན་ཞིང་ཁལ་མ་དེད་ནས་སྡེ་བ་སོ་སོར་སོང་སྟེ་གློག་བརྙན་བསྟན།
གློག་བརྙན་གཏོང་བའི་བརྡ་འབྱོར་ཚེ། བར་ཐག་སྤྱི་ལེ་བཅུའི་ཚུན་གྱི་འབྲོག་པ་མང་ཚོགས་ཚང་མ་གློག་བརྙན་ལ་ལྟ་རུ་ཡོང་ངེས། གནམ་ལྷ་ཚེ་རིང་གིས་མང་ཚོགས་ཀྱི་བརྩེ་སེམས་དང་བརྙན་རིས་སྔོན་གྱི་མིག་ཟུང་རེ་རེ་མཐོང་དུས། ཁོའི་སེམས་ལ་གཟི་བརྗིད་དང་འགན་འཁྲིའི་འདུ་ཤེས་ཤིག་གིས་ཁེངས་ཡོད།
2003ལོར། རྒྱབ་ཁབ་ཀྱི་རྒྱབ་སྐྱོར་འོག་ཏུ། རྫོང་མཁར་དུ་གློག་བརྙན་སྟོན་བྱེད་ཀྱི་རླངས་འཁོར་ཡོད་པར་གྱུར་ལ། དེ་ཡིས་ཁོའི་གློག་བརྙན་སྟོན་པའི་ལམ་ཁ་སྔར་ལས་ཡངས་ཤིང་སྟབས་བདེར་གྱུར། གནམ་ལྷ་ཚེ་རིང་གིས་བཤད་རྒྱུར། དེ་རིང་སྡེ་བ་འདི་དང་སང་ཉིན་སྡེ་ཁུལ་འདི་ཟེར་བཞིན་རླངས་འཁོར་ཡོད་ན་སྦྲ་གུར་ཁྱེར་ཐུབ། སྒྲིག་བཀོད་གསར་སྒྱུར་བྱས་པ་དང་བསྟུན་ནས་གློག་བརྙན་གཏོང་བའི་བྱ་བ་དེ་བལྟོས་བཅས་ཀྱིས་སྟབས་བདེར་གྱུར་སོང་ཟེར།
གནམ་ལྷ་ཚེ་རིང་ལ་མཚོན་ནས་བཤད་ན། 2007ལོ་ནི་གློག་བརྙན་སྟོན་པའི་བྱ་བར་ལོ་རྒྱུས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན། ལོ་དེར། ཁོས་སྤྱིན་ཤོག་གློག་བརྙན་སྟོན་ཆས་བཀོལ་མཚམས་བཞག་ནས་གཞི་གྲངས་གློག་བརྙན་སྟོན་ཆས་བེད་སྤྱོད་བྱེད་མགོ་བརྩམས། 2012ལོར། གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་འོག ཁོས་གློག་བརྙན་སྟོན་བྱེད་རླངས་འཁོར་ཆུང་བ་ཞིག་བརྗེས་བ་དང་། རླངས་འཁོར་ནང་དུ་བརྙན་ཡོལ་དང་གློག་བརྙན་སྟོན་ཆས། གློག་འདོན་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་བཞག་ཅིང་། ད་དུང་ཆེད་དུ་ཉལ་ས་ཞིག་བཀོད་སྒྲིག་བྱས་ཡོད་ལ། ཉལ་སའི་འགྲམ་དུ་འཚོ་བའི་མཁོ་ཆས་སྟབས་བདེ་དག་བཞག་ཡོད། གློག་བརྙན་གང་ནས་བསྟན་ན་ཁོ་རང་དེ་ནས་སྡོད་པ་དང། ལོ་ངོ་མང་པོའི་རིང་དུ་དེ་གནམ་ལྷ་ཚེ་རིང་གི་བྱ་བའི་རྒྱུན་རྣམ་དུ་གྱུར་ཡོད།
ལས་རིགས་འདིར་དགའ་ཞེན་ཆེ་བས་དཀའ་སྣང་ཅི་ཡང་མི་འདུག
གནམ་ལྷ་ཚེ་རིང་གིས་རྨ་ཆེན་རྫོང་གི་སྡེ་བ་རེ་རེས་ཟླ་རེ་རེར་གློག་བརྙན་ཐེངས་གཅིག་ལ་བལྟ་ཐུབ་པར་ཁག་ཐེག་བྱེད་དགོས་ན། ལོ་ཧྲིལ་བོར་གློག་བརྙན་ཐེངས་བཞི་བརྒྱ་ཉི་ཤུའི་ཡན་སྟོན་དགོས། སྡེ་ཁུལ་དང་སློབ་གྲྭ། བཟོ་གྲྭ་བཅས་ནས་གློག་བརྙན་སྟོན་པ་སོགས་ཀྱི་ལས་གཞི་དྲུག་ལས་མགོ་བརྩམས་རྗེས། ཁོས་ཆ་སྙོམས་ཀྱིས་ལོ་རེར་གློག་བརྙན་སྟོན་པའི་ཐེངས་གྲངས་བཞི་བརྒྱ་བདུན་ཅུ་ཡས་མས་ལ་འཕར་ཡོད།
ཨ་མྱེས་རྨ་ཆེན་གངས་རིའི་འདབས་རོལ་གྱི་རྨ་ཆེན་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་ཁུལ་ཡིན་ལ། ཆ་སྙོམས་མཚོ་འཕང་སྨི་སྟོང་བཞི་དང་བརྒྱ་ཡིན་ཞིང་། འཁྱགས་གྲང་ཆེ་ལ་དབྱང་དབུགས་དཀོན་པ་དང་། གནམ་གཤིས་མི་བཟང་མོད། འོན་ཀྱང་། འདི་དག་གིས་གནམ་ལྷ་ཚེ་རིང་གི་གློག་བརྙན་སྟོན་པའི་བརྩེ་སེམས་ལ་བཀག་འགོག་བྱེད་ཐུབ་ཀྱིན་མེད།
གནམ་ལྷ་ཚེ་རིང་གིས་གློག་བརྙན་སྟོན་པའི་དུས་ཚོད་གཏན་འཁེལ་མིན་ཏེ། མཚམས་རེར་ཉིན་གཅིག་གཉིས་ཙམ་ལ་སྟོན་པ་དང་ཆེས་རིང་ན་ཟླ་ཕྱེད་ལྷག་ལ་གློག་བརྙན་སྟོན་བཞིན་ཡོད། ཐོག་མར་མགོ་བརྩམས་པ་ནས་ཉེ་འཁོར་གྱི་གྲོང་གསེབ་དང་། དེ་ནས་རྨ་ཆེན་རྫོང་གི་ཡུལ་ཚོ་དྲུག་དང་གྲོང་རྡལ་གཉིས། སྲིད་འཛིན་སྡེ་བ་སོ་ལྔ་བཅས་སུ་ནམ་རྒྱུན་དུ་ཁོའི་བྲེལ་བ་ཆེ་བའི་གཟུགས་བརྙན་མཐོང་ཐུབ་ཀྱི་ཡོད། གནམ་ལྷ་ཚེ་རིང་གིས་བཤད་རྒྱུར། ལས་རིགས་འདིར་དགའ་ཞེན་ཆེ་བས་དཀའ་སྣང་ཅི་ཡང་མི་འདུག་ཟེར།
ཟླ5པའི་ཚེས22ཉིན། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་བག་མ་སྡེ་བའི་དགུ་ཆུའི་འགྲམ་ངོགས་ཀྱི་རྩྭ་ཐང་དུ། གནམ་ལྷ་ཚེ་རིང་གིས་ཡང་བསྐྱར་བརྙན་ཡོལ་འཐེན་པའི་ཚེ། ཉེ་འཁོར་གྱི་སྡོད་དམངས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་བྱུང་། གནམ་ལྷ་ཚེ་རིང་གིས་བཤད་རྒྱུར། ད་ལྟ་ཆ་རྐྱེན་ལེགས་པས་ཁྱིམ་ཚང་རེ་རེར་བརྙན་འཕྲིན་ཡོད། དྲ་རྒྱ་དར་བས་ཁ་པར་ནང་ནས་རང་རང་གིས་ལྟ་འདོད་པ་དེ་དག་ལ་བལྟ་ཐུབ་པར་བརྟེན། གློག་བརྙན་ལ་ལྟ་མཁན་ཇེ་ཉུང་དུ་སོང་ཡོད། ཡིན་ནའང་། ཚང་མ་ད་དུང་མཉམ་གཅིག་ཏུ་འཛོམས་ནས་གློག་བརྙན་ལ་བལྟས་ཚེ། ངས་སྔར་བཞིན་རྒྱུན་སྐྱོང་ངེས་ཡིན་ཞེས་བཤད།
ལོ་མང་པོའི་རིང་དུ་དཀའ་བ་སྤྱད་ཅིང་རང་གི་ལས་གནས་དེ་བརྟན་སྲུང་བྱས་པའི་ཕྱིར། གནམ་ལྷ་ཚེ་རིང་ལ་སྔ་ཕྱིར་རྒྱལ་ཡོངས་ཞིང་སྡེའི་ཕུལ་བྱུང་གློག་བརྙན་བྱ་བའི་ལས་བྱེད་པ་དང་། རྒྱལ་ཡོངས་ཕུལ་བྱུང་གློག་བརྙན་སྟོན་པའི་སྔོན་ཐོན་ལས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་སྟོན་པའི་སྔོན་ཐོན་ལས་བྱེད་པ་སོགས་ཀྱི་མཚན་སྙན་ཐོབ། 2015ལོའི་ཟླ12པར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་སོགས་པུའུ་ཨུ་བཅུ་གཉིས་ཀྱིས་ཁོ་རང་རྒྱལ་ཡོངས་རིག་གནས་ཚན་རྩལ་འཕྲོད་བསྟེན་གསུམ་གཞི་རིམ་དུ་སྐྱེལ་བའི་སྔོན་ཐོན་མི་སྒེར་ལ་བདམས་པ་དང་། 2020ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་སྔོན་ཐོན་མི་སྒེར་ལ་བདམས།
2023ལོར། གནམ་ལྷ་ཚེ་རིང་ལས་འཁྱུར་ངལ་གསོ་བྱས་རྗེས་ཡང་བསྐྱར་གདན་ཞུ་བྱས་པར་བརྟེན། ཁོ་རང་ཚེ་གཅིག་ལ་དགའ་ཞེན་ཆེ་བའི་གློག་བརྙན་སྟོན་པའི་བྱ་བར་ཡང་བསྐྱར་ཞུགས་པའི་སྐལ་བ་ལྡན་པར་གྱུར།
ལྷ་མོ་འཚོས་བསྒྱུར།