བོད་རིགས་ན་གཞོན་ཞིག་གི་ལོ་ངོ་བཅོ་བརྒྱད་རིང་གི་རྒྱུན་འཁྱོངས།
2024.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

བོད་རིགས་ན་གཞོན་ཞིག་གི་ལོ་ངོ་བཅོ་བརྒྱད་རིང་གི་རྒྱུན་འཁྱོངས།                              

---2024ལོའི་དུས་ཚིགས་དང་པོའི་མཚོ་སྔོན་གྱི་མི་བཟང་མ་ཎི་སྐྱབས་ཀྱི་གནས་ཚུལ་བཀོད་པ།

2020ལོར། རྒྱལ་ཡོངས་ཀྱི་ཡར་བརྩོན་ཡར་སེམས་ལྡན་པའི་ན་གཞོན་བཟང་པོ་ཞེས་པའི་མཚན་སྙན་ཐོབ།

2022ལོར། སྐབས་ཉེར་དྲུག་པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་བ་དགའ་ཐོབ།

2023ལོར། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ།

2024ལོར། མཚོ་སྔོན་ཞིང་ཆེན་གྱིས་དུས་ཚིགས་དང་པོའི་ལས་དཀར་གཏོང་ཕོད་ཅན་གྱི་མཚོ་སྔོན་གྱི་མི་བཟང་གི་མཚན་སྙན་ཐོབ།

མཚན་སྙན་མང་པོ་ཐོབ་པའི་མེ་གསོད་པ་དེའི་མིང་ལ་མ་ཎི་སྐྱབས་ཟེར་ཞིང་། ཁོ་ནི་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིས་ཁྲོན་ལྷོ་ལམ་མེ་འགོག་མེ་གསོད་རྒུད་སྐྱོབ་ས་ཚིགས་ཀྱི་མེ་གསོད་རྒུད་སྐྱོབ་འཛིན་གྲྭའི་འཛིན་དཔོན་དང་། རིམ་པ་གསུམ་པའི་མེ་འགོག་མེ་གསོད་ཀྱི་དཔོན་པོ་རེད།

微信截图_20240603062527

མེ་འགོག་མེ་གསོད་སྒྲིག་ཆས་ཞིག་གསོ་བྱེད་བཞིན་པ།

2006ལོར།མ་ཎི་སྐྱབས་མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་སྤྱི་ཁྱབ་རུ་ཁག་གི་མེ་འགོག་མེ་གསོད་འཐབ་མོ་བ་ཞིག་ཏུ་གྱུར་ཞིང་། ད་བར་དུ་ཁོས་སྔར་བཞིན་ཐེངས་དང་པོར་མེ་གསོད་དུ་སོང་བའི་རྣམ་པ་ཡིད་ལ་གསལ་བོར་དྲན་ཀྱིན་ཡོད་དེ། ཟི་ལིང་གྲོང་ཁྱེར་ཚ་འདམ་ལམ་གྱི་ཉིས་ཐོག་གི་ཁང་བ་ཞིག་ལ་མེ་ཤོར་བ་དང་། མེ་ལྕེ་དེ་འདྲ་ཆེ་རྒྱུ་མེད་རུང་། ཁང་བ་ནི་སྡོད་དམངས་རང་གིས་བརྩིགས་པ་ཡིན་པས་ཇུས་འགོད་ཚད་ལྡན་མིན་ལ་མེ་གསོད་རྒུད་སྐྱོབ་བྱེད་པར་དཀའ་ཁག་བཟོས་ཡོད།  ཡུལ་དངོས་ལ་ཐོན་རྗེས།མ་ཎི་སྐྱབས་ཀྱིས་མགྱོགས་མྱུར་ངང་འཐབ་གྲོགས་ཚོ་དང་མཉམ་དུ་མཐོ་གནོན་ཆུ་མདའ་བཟུང་ནས་མེ་འབར་བཞིན་པའི་ཕྱོགས་སུ་བསྐྱོད་པ་དང་། སྐབས་དེར། ལྷབ་ལྷབ་འབར་བའི་མེ་ལྕེ་དེ་ཐབ་ཚང་ནས་ཁང་ཀླད་ལ་འབར་ཞིང་། ཇ་ཁང་ནང་ལ་དུ་སྨུག་ལང་ལོང་འཐིབས་བཞིན་ཡོད།

ཚད་ལྡན་གྱི་སྒྲིག་སྲོལ་ལྟར་ན།མ་ཎི་སྐྱབས་ཀྱིས་འཐབ་གྲོགས་ཚོར་གཞོགས་འདེགས་བྱས་ནས་མེ་གསོད་དགོས། འཐབ་གྲོགས་ཚོས་མཐོ་གནོན་ཆུ་མདའ་ཡར་བཀྱགས་ནས་མེ་ལྕེར་ཕྱོགས་ཏེ་ཆུ་འཕོ་བའི་སྐབས་སུ། སྡོད་དམངས་ཤིག་གི་ཁ་པར་སྐུད་སྣེ་ལས་མེ་སྟག་འཕྲོས་ཤིང་། འགད་གཏོར་གྱི་སྒྲ་ཆེན་པོ་ཞིག་གྲག་ནས་མ་ཎི་སྐྱབས་ཀྱི་ལུས་ཡོངས་འདར་གསིག་གསིག་བྱས། སྐད་ཅིག་མ་དེར།མ་ཎི་སྐྱབས་ཀྱིས་མེ་འགོག་མེ་གསོད་བྱ་བའི་ཉེན་ཁའི་རང་བཞིན་དངོས་སུ་རྟོགས་པ་སྟེ། ཁོ་རང་དུས་དང་རྣམ་པ་ཀུན་ཏུ་འཆི་བདག་གི་མདུན་དུ་སླེབས་སྲིད།

ཐེངས་དང་པོར་མེ་གསོད་དུ་མངགས་པའི་མ་ཎི་སྐྱབས་ཀྱིས་གཞི་རྩའི་ནུས་རྩལ་གྱི་གལ་ཆེའི་རང་བཞིན་གསལ་བོར་རྟོགས་པར་མ་ཟད།ནུས་རྩལ་ཡག་པོར་སྦྱངས་ནས་རང་ཉིད་མཐོར་འདེགས་གཏོང་བའི་ཆོད་སེམས་དམ་པོར་བཅངས།

དེ་ནས་བཟུང་སྟེ།མ་ཎི་སྐྱབས་ཀྱིས་ཉིན་རེར་སྦྱོང་བརྡར་བྱས་ཚར་རྗེས་རང་འགུལ་ངང་གཞན་ལས་ལྷག་པའི་སྦྱོང་བརྡར་མང་པོ་བྱེད་ཀྱིན་ཡོད། མྱུར་དུ་ཚད་ལྡན་གྱི་མེ་འགོག་མེ་གསོད་པ་ཞིག་ལ་འགྱུར་ཆེད།མ་ཎི་སྐྱབས་ཀྱིས་ཕལ་ཆེར་ནུས་ཤུགས་ཡོད་ཚད་གཞི་རྩའི་ནུས་རྩལ་སྦྱོང་བརྡར་སྟེང་བཀོལ་བ་དང་། སྦྱོང་བརྡར་བྱེད་སྐབས་སུ་ཁོའི་ལུས་སྟེང་དུ་རྨ་ཁ་མང་པོ་ཞིག་བཏོད་ཡོད།    མ་ཎི་སྐྱབས་ལ་འདི་ལྟར་འབད་བརྩོན་བྱེད་དོན་ཅི་ཡིན་ཞེས་འདྲི་སྐབས། ཁོས་བློ་བརྟན་འགྱུར་མེད་སྒོས་བཤད་རྒྱུར།  མེ་འགོག་མེ་གསོད་དེ་ཚང་མའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། བྱང་ཆ་ལྡན་པའི་ནུས་རྩལ་ཡོད་ན་ད་གཟོད་ཐེངས་རེ་རེའི་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་ཐུབ་ཅེས་ཟེར།

微信截图_20240603062537

ལས་འགན་སྒྲུབ་བཞིན་པ།

མ་ཎི་སྐྱབས་ལ་ཤུགས་རྐྱེན་ཟབ་མོ་བཞག་པའི་རྒུད་སྐྱོབ་ལས་འགན་ནི།2020ལོའི་ཟླ1པར་ཟི་ལིང་གྲོང་ཁྱེར་ལྷོ་ལམ་ཆེན་མོའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ས་ངོས་རྡིབས་པའི་དོན་རྐྱེན་དེ་རེད།

དོན་རྐྱེན་འབྱུང་སྐབས།མ་ཎི་སྐྱབས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སྦྱོང་བརྡར་ལ་ཞུགས་བཞིན་ཡོད་ཅིང་།  རྒུད་སྐྱོབ་མི་སྣ་ཇེ་མང་དུ་གཏོང་བའི་བརྡ་འབྱོར་རྗེས། ཁོ་དང་མཉམ་དུ་སྦྱོང་བརྡར་ལས་འགན་ལ་ཞུགས་པའི་འཐབ་གྲོགས་ཚོ་མགྱོགས་མྱུར་ངང་ཕྱིར་ཟི་ལིང་དུ་ལོག

ཡུལ་དངོས་ལ་ཐོན་ནས་བལྟ་དུས།གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་སྟེ། གློག་ཐག་ལས་གཞན་ད་དུང་ས་དོང་ནང་དུ་ཆག་སྐྱོན་ཤོར་བའི་རང་འབབ་ཆུ་སྦུག་ཅིག་ཡོད་ལ། རང་འབབ་ཆུ་དེ་ཆུ་སྦུག་གི་གས་སྲུབས་བར་ནས་ཕྱིར་བཞུར་གྱིན་འདུག  ས་དོང་གི་ངོས་གཅིག་ལ་གསེག་ཚད་ངེས་ཅན་ལྡན་པ་དང་ངོས་གཅིག་གཟར་པོ་རེད། མ་ཎི་སྐྱབས་དང་འཐབ་གྲོགས་ཚོ་དོང་འོག་ཏུ་འབབ་དུས། ངོས་གཟར་པོའི་ས་རྡོ་ད་རུང་ལྷུང་བཞིན་ཡོད་པས་གནས་ཚུལ་ཧ་ཅང་ཚབས་ཆེན་རེད། མ་ཎི་སྐྱབས་མར་སྒུར་ཏེ་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མིའི་རྗེས་ཤུལ་འཚོལ་བཞིན་འདུག  དུས་ཚོད་ནི་ཚེ་སྲོག་ཡིན་ལ་མྱུར་ཚད་ཀྱིས་རེ་བ་མཚོན་གྱིན་ཡོད། མ་ཎི་སྐྱབས་ཀྱིས་རེམ། མགྱོགས་པོ་བྱོས་ཞེས་རང་གིས་རང་ལ་སྐུལ་མ་བྱེད་བཞིན།   བསྟུད་མར་དུས་ཚོད་བཅུ་ལྷག་གི་རིང་ལ་རྒུད་སྐྱོབ་བྱས་རྗེས་བྱ་བ་མཇུག་སྒྲིལ་ཞིང་།  མ་ཎི་སྐྱབས་ཏག་ཏག་གཟའ་འཁོར་གཅིག་གི་རིང་ལ་ཉལ་སར་ལྷུང་།

ཐེངས་རེ་རེའི་རྒྱུན་འཁྱོངས་དེ་མ་ཎི་སྐྱབས་ལ་མཚོན་ནས་བཤད་ན་སྦྱོང་བརྡར་དང་ཡར་སྐྱེད་ཐེངས་གཅིག་ཡིན། ལས་འགན་རེ་རེ་འགྲུབ་རྗེས་ཕྱོགས་བསྡོམས་བྱེད་པ་དང་། སློབ་སྦྱོང་བྱེད་ཐེངས་རེ་རེར་རང་ཉིད་མཐོར་འདེགས་གཏོང་དགོས། རྒུད་སྐྱོབ་བྱེད་སྐབས་ཆུར་རྐྱལ་ཤེས་དགོས་ལ། དེ་མ་ཤེས་ན་འབད་པས་སྦྱང་དགོས་ཤིང་། ནུས་ཁུངས་གསར་བ་དང་གློག་སྒུལ་འཕྲུལ་འཁོར་སོགས་ཐད་ཀྱི་གནོད་འཚེ་མང་པོ་འབྱུང་བཞིན་ཡོད་པར་བརྟེན། ལག་རྩལ་གསར་བ་སློབ་སྦྱོང་དང་རྒྱུས་ལོན་བྱེད་དགོས། མ་ཎི་སྐྱབས་ཀྱིས་བལྟས་ན། མེ་འགོག་མེ་གསོད་པས་རྒུད་སྐྱོབ་ཀྱི་ནུས་པ་ཁོང་དུ་ཆུད་ན།  ད་གཟོད་མིག་སྔའི་རྒུད་སྐྱོབ་ཁོར་ཡུག་ལ་བསྟུན་ནས་རྒུད་སྐྱོབ་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པར་འདོད།

ལོ་གཅིག་གི་དབྱར་ཁར།   ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུའུ་ཡི་ཁྱིམ་ཚང་ཞིག་ལ་འགལ་བ་བྱུང་ནས་བུད་མེད་ཅིག་གིས་བུ་བུ་མོ་གཉིས་ཀ་ཁྲིད་དེ་ཙོང་ཆུའི་ནང་དུ་ལྡིང་།  མ་ཎི་སྐྱབས་དང་འཐབ་གྲོགས་ཚོར་ཉེན་བརྡ་འབྱོར་རྗེས་ཡུལ་དངོས་སུ་སོང་བ་དང་། སྐབས་དེར་མ་བུ་གསུམ་པོ་ཙོང་ཆུའི་གཏིང་མི་ཟབ་སར་ཆུ་ཚོད་ཕྱེད་ཀ་ལྷག་ལ་ཆུར་སྦངས་ཤིང་། མ་ཎི་སྐྱབས་ཀྱིས་སྐེད་པར་བདེ་འཇགས་ཐག་པ་བཏགས་ནས་མ་བུ་གསུམ་པོའི་ཉེ་སར་བཅར་ཅི་ཐུབ་བྱས། ཙོང་ཆུའི་བཞུར་རྒྱུན་དྲགས་པར་བརྟེན། མ་ཎི་སྐྱབས་ཁྱར་ཁྱོར་ངང་མ་བུ་གསུམ་པོའི་ཉེ་སར་སླེབས་ནས་ཁོ་ཚོ་པང་དུ་བསྡམས།

མ་བུ་གསུམ་པོ་སྐྱོབ་ཐུབ་སོང་ལ། མ་ཎི་སྐྱབས་ལ་ཡང་ངེས་པར་དུ་ཆུར་རྐྱལ་ཤེས་དགོས་པའི་བསམ་ཚུལ་གསར་བ་ཞིག་སྐྱེ།

ཐོག་མར་ཆུར་རྐྱལ་ཚུལ་སྦྱོང་དུས།  ཆུ་མཐོང་ན་ཧ་ཅང་སྐྲག་སྣང་སྐྱེ་བ་དང་། རྐང་པ་གཉིས་ལ་ཚོར་བ་མི་འདུག མ་ཎི་སྐྱབས་ཀྱིས་ཆུར་རྐྱལ་ཤེས་དགོས་ཚེ། ཐོག་མར་འཇིགས་སྣང་ཁྱད་དུ་གསོད་དགོས་ཏེ། ཁོས་སེམས་ཐག་བཅད་ནས་ཐེངས་འགར་ཆུ་རྐྱལ་རྫིང་བུའི་ནང་དུ་འཛུལ་རྗེས། དབུགས་འབྱིན་རྔུབ་བྱེད་སྟངས་སྦྱོང་བའི་ཐབས་མཆོག་ཅིག་རྙེད་ཅིང་། མཇུག་མཐར་ཆུར་རྐྱལ་ཤེས་བ་རེད།

མ་ཎི་སྐྱབས་ཀྱི་སྒམ་ནང་དུ་འཕྲལ་བསྟུན་རྒུད་སྐྱོབ་ཡོ་བྱད་དང་བགྲོད་ལམ་དོན་རྐྱེན་འཕྲལ་བསྟུན་རྒུད་སྐྱོབ་ལག་རྩལ། ཐག་པའི་རྒུད་སྐྱོབ་ཐབས་རྩལ་སོགས་མེ་འགོག་མེ་གསོད་རྒུད་སྐྱོབ་དང་འབྲེལ་བའི་དཔེ་ཆ་མི་ཉུང་བ་ཞིག་བཞག་ཡོད་ཅིང་། འདི་ལྟར་རྒྱུན་ཆད་མེད་པར་སློབ་སྦྱོང་དང་སྦྱོང་བརྡར་བྱས་པར་བརྟེན།  མ་ཎི་སྐྱབས་ལ་འགྲན་རྩོད་བྱེད་ཐེངས་རེ་རེར་གདོང་གཏོད་པའི་སྤོབས་པ་དང་ནུས་པ་ལྡན་པར་གྱུར་ཅིང་། གྲོང་ཁྱེར་གྱི་འགྱུར་ལྡོག་ཁྲོད་དུ་རང་ཉིད་ཀྱི་མེ་འགོག་མེ་གསོད་རྒུད་སྐྱོབ་ཀྱི་འདུ་ཤེས་ཤིག་ཆགས།

པེ་ཅིང་དུ་ཟབ་སྦྱོང་བྱེད་བཞིན་པའི་མ་ཎི་སྐྱབས་ཀྱིས་བཤད་རྒྱུར། ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་ཧ་ཅང་རྩ་ཆེན་ཞིག་ཡིན་ཏེ། ང་རང་གི་མི་སྒེར་གྱི་བློ་སྦྱོང་དང་། རིག་གནས་ཆུ་ཚད། ལས་རིགས་ལག་རྩལ་ནུས་པ་མཐོར་འདེགས་གཏོང་བ་བཅས་ལ་ཕན་ཐོགས་ངེས་ཅན་ཡོད་ཟེར།

མེ་འགོག་མེ་གསོད་རྒུད་སྐྱོབ་བྱ་བར་ཞུགས་ནས་ཏག་ཏག་ལོ་ངོ་བཅོ་བརྒྱད་འགོར་བའི་རིང་། མ་ཎི་སྐྱབས་ཀྱིས་སྔར་བཞིན་ཐོག་མའི་ཕུགས་འདུན་ཡིད་ལ་བཅངས་ཏེ་མང་ཚོགས་ཀྱི་བདེ་སྡུག་དེ་བྱ་བ་གང་ལས་ཀྱང་གཙིགས་ཆེར་འཛིན་བཞིན་ཡོད།

ལྷ་མོ་འཚོས་བསྒྱུར།