བྲག་དཀར་རྩྭ་ཐང་སྟེང་གི་སྐལ་བཟང་མེ་ཏོག
2024.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

__2024ལོའི་དུས་ཚིགས་དང་པོའི་ཀྲུང་གོའི་མི་བཟང་ཀུན་བཟང་སྒྲོལ་མའི་གནས་ཚུལ་བཀོད་པ།

ཀུན་བཟང་སྒྲོལ་མ་དང་བྱིས་པ་རྣམས་ཀྱིས་དྲུག་གཅིག་ལ་རོལ་བཞིན་པ།

ཟླ6པའི་ཚེས9ཉིན། ཞོགས་པའི་ཉི་གཞོན་དལ་གྱིས་འཕགས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩེ་གོར་ཐང་གྲོང་རྡལ་བྲག་དཀར་སྡེ་བར་གསེར་ལམ་ལམ་གྱི་ཉི་འོད་འཕྲོས་འདུག  སྡེ་མི་རྣམས་སྒོར་མ་སོང་བའི་གླགས་དང་བསྟུན་ནས། ཀུན་བཟང་སྒྲོལ་མས་རང་འགུལ་གྱིས་ཞུན་ཧེ་རྫོང་མི་དམངས་ཁྲིམས་ཁང་ལ་འབྲེལ་བ་བྱས་ཏེ། དཔེ་གཞིར་བརྟེན་ནས་ཁྲིམས་ལུགས་བཤད་པའི་ལད་ཟློས་ཁྲིམས་ཁང་སྡེ་བར་བསྐྱོད་པའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།

རི་ལམ་དོག་ལ་ཀྱག་ཀྱོག་ཆེ་བ་དང་། འབར་འབུར་མང་ལ་ས་རྡུལ་ཚུབ་ཀྱིན་འདུག་པས་རྫོང་མཁར་ནས་ལམ་ལ་ཆས་ཏེ་སྤྱི་ལེ་སུམ་ཅུ་ལྷག་ཙམ་ལས་མེད་པའི་ལམ་དེ་ཆུ་ཚོད་གཅིག་ལྷག་ལ་འགྲོ་དགོས་ཤིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཐོན་མ་ཐག་ཏུ། རྒྱང་སྒྲོག་ནང་དུ་ཚོགས་འདུའི་བརྡ་རྒྱག་བཞིན་ཡོད་ལ། སྡེ་བའི་ཐང་ཆེན་དུ་འབྲོག་པ་མང་ཚོགས་མང་པོ་འཛོམས་འདུག ཁོ་ཚོ་ཀུན་བཟང་སྒྲོལ་མའི་མཐའ་སྐོར་ནས་བསྡད་ཡོད་ཅིང་། ནམ་རྒྱུན་ལྟར་ཁ་བརྡ་བྱས་ནས་འུར་མི་རྒྱག་པར་ནན་ཏན་སྒོས་སློབ་ཁྲིད་ལ་ཉན་ཡོད།

ཀུན་བཟང་སྒྲོལ་མས་གཙོ་བོ་གློག་འཕྲིན་དྲ་རྒྱའི་མགོ་སྐོར་སྔོན་འགོག་དང་བུད་མེད་ཀྱི་ཁེ་དབང་སྲུང་བ་སོགས་ལ་གཞིགས་ནས་ཁྲིམས་ལུགས་དྲིལ་སྒྲོག་ཞབས་ཞུ་ཧུར་ཐག་གིས་སྒྲུབ་པ་དང་། ཚང་མ་འདུག་སྟེགས་སྟེང་བསྡད་ནས་སྐབས་རེར་མགོ་བོ་ཡར་བཀྱགས་ཏེ་རྣ་བ་གླགས་ནས་ཉན་པ་དང་། ལན་རེར་ཡིན་པའི་བརྡ་ལ་མགོ་བོ་ལྕོག་ལྕོག་བྱེད་ཀྱིན་འདུག

ཀུན་བཟང་སྒྲོལ་མས་བཤད་རྒྱུར། གཞི་རིམ་གྱི་ཁྲིམས་འཛིན་ལས་བྱེད་པ་ཞིག་ཡིན་ཕྱིར། འབྲོག་པ་མང་ཚོགས་ཀྱི་བསམ་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་དགོས་སྟེ།  བརྩེ་བ་དྭངས་མོ་དང་ལྷག་བསམ་རྣམ་དག་བཅངས་ནས་ས་ཐག་རིང་བའི་སྡེ་བར་སོང་ཚེ། ད་གཟོད་མང་ཚོགས་ཀྱིས་ཅི་ཞིག་ལ་འདང་རྒྱག་བཞིན་ཡོད་པ་དང་། གང་ཞིག་ལ་རེ་ལྟོས་བྱེད་ཀྱིན་ཡོད་པ། ཅི་ཞིག་སྒྲུབ་བཞིན་ཡོད་པ་བཅས་གསལ་བོར་རྟོགས་ཐུབ་ཟེར།

ཞུན་ཧེ་རྫོང་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ལྟེ་བའི་ཁུལ་དུ་ཆགས་ཤིང་། རི་རྒྱུད་མཐོ་ལ་གཟར་བ་དང་། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ། རྨ་ཆུ་རི་གཤགས་ནས་ས་མཚམས་བརྒྱུད་དེ་བཞུར་གྱིན་ཡོད་པར་བརྟེན། ཁུལ་ཁོངས་ཀྱི་དགེ་མཚན་དང་སྐྱེ་ཁམས་ཀྱི་གོ་གནས་མངོན་གསལ་ཡིན། ཡིན་ན་ཡང་། རྨང་གཞིའི་སྒྲིག་ཆས་ཞན་ལ་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པས། ཞུན་ཧེ་ས་ཁུལ་ལ་མཚོན་ན་ཁྲིམས་འཛིན་གྱི་དགོས་མཁོ་དེ་ས་གནས་གཞན་པར་བསྡུར་ཚེ་དུས་སྐབས་གང་ཡིན་རུང་ཧ་ཅང་དགོས་གལ་ཆེ་ཤོས་སུ་གྱུར་ཡོད།

མང་ཚོགས་ཀྱི་དོན་དག་དེ་བྱ་བ་ཆུང་ཆུང་ཞིག་མིན། ཀུན་བཟང་སྒྲོལ་མས་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པ་ནི་མི་དམངས་མང་ཚོགས་བར་འགལ་བ་རྩོད་གཞི་དང་ཉེས་འགལ་སྤྱོད་ཚུལ་འབྱུང་བའི་རྩ་བའི་རྒྱུ་རྐྱེན་ཡིན་པ་གསལ་བོར་རྟོགས་ཡོད་དེ། འབྱུང་རྩ་ནས་འགལ་བ་དང་རྩོད་གཞི་སྔོན་འགོག་བྱེད་པ་དང་། སྤྱི་སྤྱོད་ཁྲིམས་ལུགས་ཀྱི་ཆེས་མཇུག་མཐའི་སྤྱི་ལེ་གཅིག་གི་བྱ་བ་ལེགས་པར་བསྒྲུབ་ཆེད། ཀུན་བཟང་སྒྲོལ་མ་མང་ཚོགས་ཀྱི་གྲས་སུ་ཞུགས་ཤིང་། ཐད་ཀར་ཁྱིམ་ཚང་དང་ཁྱིམ་མཚེས། གཉེན་སྒྲིག རྩྭ་ས་དང་རི་རྒྱུད་སོགས་དམངས་ཁྲོད་ཀྱི་རྩོད་གཞི་རིགས་བཞི་བརྒྱ་ལྷག་བར་འདུམ་བྱེད་པར་ཟབ་ཞུགས་བྱས་པ་དང་། འདུམ་འགྲིག་བྱུང་ཚད་བརྒྱ་ཆའི་གོ་དགུར་སླེབས་ཡོད། ཁོ་མོས་ཕམ་ཁར་མགོ་མི་སྒུར་བའི་ངར་ཤུགས་དང་སེམས་ཤུགས་ཀྱིས་ཉེ་འགྲམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། དུས་རབས་གསར་བའི་ཁྲིམས་འཛིན་ལས་བྱེད་པ་ཞིག་གི་འགན་འཁྲི་དང་ཁག་ཁུར་ལག་བསྟར་བྱེད་ཀྱིན་ཡོད།

2022ལོའི་ལོ་མཇུག་ཏུ། རུས་ཀྲའོ་ཅན་གྱི་བཟའ་ཚང་འཐོར་བའི་སྐྱེས་མ་ཞིག་ཁྲིམས་འཛིན་ཁང་ལ་ཡོང་ནས། ཁྱོ་ག་དང་གཉེན་འཐོར་བྱས་རྗེས་ཟི་ལིང་ནས་ཁོ་མོ་གཅིག་པུས་བྱིས་པ་གཉོར་སྐྱོང་བྱས་པ་དང་། བྱིས་པས་ད་བར་མཐོ་འབྲིང་འདོན་གྱིན་ཡོད་ལ། སློབ་རིན་དང་འཚོ་བའི་འགྲོ་གྲོན་ཅུང་ཆེ་བར་བརྟེན། བུད་མེད་ཀྲའོ་ལ་ཁག་ཁུར་གྱི་ནུས་པ་མེད་པས་ཁྱོ་ག་སྔོན་མར་ཐེངས་མང་པོར་གསོ་སྐྱོང་དངུལ་སྤྲོད་པའི་སྐུལ་མ་བྱས་ཀྱང་ཕ་རོལ་བོས་ཨ་ལན་མ་སྟེར་ཞེས་གནས་ཚུལ་ཡར་ཞུ་བྱས།

གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཀུན་བཟང་སྒྲོལ་མས་རང་འགུལ་ངང་བུད་མེད་ཀྲའོ་ཡི་ཁྱོ་ག་སྔོན་མར་འབྲེལ་བ་བྱས་ཏེ། ཕ་རོལ་བོར་ངང་རྒྱུད་རིང་པོས་ཁྲིམས་ལུགས་དང་གནས་ལུགས་བཤད་ཅིང་། ཁ་ཏ་སློབ་གསོ་བཏང་བས་ཟླ་རེར་དུས་ལྟར་འཚོ་བའི་འགྲོ་གྲོན་སྤྲོད་པར་མོས་མཐུན་བྱུང་བ་དང་། སྔར་ཁས་བླངས་པའི་སྒོར་ལྔ་བརྒྱ་དེ་སྒོར་སྟོང་གཉིས་ལ་ཇེ་མཐོར་བཏང་བ་རེད།

མང་ཚོགས་ཀྱིས་ཐོད་པར་གཉེར་མ་བསྡུས་ནས་སྡུག་ཡུས་འདོན་པ་དང་། གདོང་ལ་འཛུམ་གྱིས་ཁེངས་བཞིན་ཕྱིར་ལོག་སྐབས། ནམ་རྒྱུན་སེམས་ཧ་ཅང་སྐྱིད་པོ་འདུག་ཟེར།  ཀུན་བཟང་སྒྲོལ་མས་བལྟས་ན། ཁོ་མོས་བར་འདུམ་བྱས་པའི་རྩོད་གཞི་ཚང་མ་ཁྲིམས་ལ་བརྟེན་ནས་མི་བསྐྱངས་པ་དང་།  གནས་ལུགས་བཤད་ནས་མིར་ཁས་ལེན་བྱེད་དུ་བཅུག་ཅིང་།  བརྩེ་བས་མི་སེམས་སྒུལ་བར་འདོད་ཡོད།

ཀུན་བཟང་སྒྲོལ་མའི་བྱ་བའི་སྐོར་གླེང་སྐབས། སྡེ་ཁུལ་གྱི་ཡོ་བསྲང་བྱ་བ་མི་གླེང་ཐབས་མེད་རེད། སྡེ་ཁུལ་གྱི་ཡོ་བསྲང་བྱ་བ་ནི་ཕྱི་གྱང་མེད་པའི་བཙོན་ཁང་ནང་དུ་ཁྲིམས་སྐྱོང་སྤྱི་ཚོགས་ཁྲོད་ལོག་ལམ་ལ་སོང་བའི་དམིགས་བསལ་གྱི་ཚོགས་པ་ཡོ་བསྲང་བྱེད་རྒྱུ་དེ་ཡིན་ལ། བྱ་བའི་དཀའ་ཚད་བཤད་མ་དགོས་པ་ཞིག་རེད། ཁྲིམས་འཛིན་ཁང་གི་བུད་མེད་འགོ་བ་ཞིག་ཡིན་པའི་ཆ་ནས། ཀུན་བཟང་སྒྲོལ་མས་ཞི་དྲག་གཉིས་འཛོམས་དང་། ཁྲིམས་དང་གནས་ལུགས་མཉམ་འདྲེས། དོ་དམ་དང་རོགས་རམ་མཉམ་འཛིན་བཅས་བྱསཔ་རེད།

2021ལོའི་ལོ་མགོར། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལིས་ཆེ་གེ་མོས་འགྲིམ་འགྲུལ་ཆག་སྒོ་བསླངས་པའི་ཉེས་པར་ཁྲིམས་ཆད་ཕྱིར་འགྱངས་ཀྱི་ཆད་པ་བཅད་པ་དང་། ཡོ་བསྲང་བྱེད་སྐབས་ཀྱི་ཐོག་མའི་དུས་རིམ་ལ། ལིས་ཆེ་གེ་མོའི་འགུལ་སྐྱོད་སྟབས་བདེ་མིན་ཞིང་། སེམས་ཁམས་སྐྱིད་པོ་མིན་པར་མ་ཟད། སེམས་ཤུགས་ཉམས་ནས་བསྡད་ཡོད། ཀུན་བཟང་སྒྲོལ་མས་རྒྱུས་ལོན་ཞིབ་མོ་བྱས་རྗེས། ལིས་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་བརྩེ་དུང་ལ་གས་ཆག་ཤོར་ཞིང་། ཁྱིམ་ཚང་གི་ཆ་རྐྱེན་ཞན་ལ། ད་དུང་སྒོར་འབུམ་གཉིས་དང་ཁྲི་ལྔའི་དཔལ་འབྱོར་སྐྱིན་ཚབ་འཇལ་དགོས་ཕྱིར། ཁྱིམ་ཚང་གི་ཆ་རྐྱེན་སྔར་ལས་ཇེ་སྡུག་ཏུ་གྱུར།

ཀུན་བཟང་སྒྲོལ་མས་ཕྱོགས་མང་པོར་གྲོས་བྱས་རྗེས། ལིས་ཆེ་གེ་མོའི་སྡེ་ཁུལ་གྱི་སྤྱི་ཕན་ཞབས་ཞུའི་གོ་གནས་བླངས་ཤིང་། དེ་དང་མཉམ་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་སྲིད་སྡེ་ཁག་གིས་ལིས་ཆེ་གེ་མོར་གནས་སྐབས་རོགས་དངུལ་བྱིན་པ་རེད། གནོད་འཚེ་ཕོག་མཁན་ལ་ཐེངས་མང་པོར་འབྲེལ་འདྲིས་དང་གྲོས་མོལ་བྱས་རྗེས། སྐྱིན་ཚབ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཉིས་ལ་མར་བཅག་པར་མ་ཟད། ལིས་ཆེ་གེ་མོའི་ཆུང་མར་རོགས་རམ་བྱས་ནས་རྫོང་གཞིས་སྡོད་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་གཙང་སྦྲ་བྱེད་མཁན་གྱི་བྱ་བ་བཙལ་ཏེ། ལིས་ཆེ་གེ་མོའི་ཁྱིམ་ཚང་གི་དཔལ་འབྱོར་ཁག་ཁུར་ཇེ་ཡང་དུ་བཏང་ཞིང་། བཟའ་ཟླ་གཉིས་ཀྱི་བརྩེ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན།

ཁྲིམས་ལ་ཁྲིམས་ཀྱི་ཚད་ཡོད་པ་དང་། ཞབས་ཞུ་ལའང་བརྩེ་བས་ཕྱུག་ཡོད། ཀུན་བཟང་སྒྲོལ་མས་རང་ཉིད་ཀྱི་ལྷག་བསམ་རྣམ་དག་དང་ཞིབ་ཚགས་སྒོས་བྱ་བ་བསྒྲུབ་པའི་ཁྱད་ཆོས་བེད་སྤྱད་ཅིང་། བྱ་བའི་འགན་འཁྲི་ཁུར་སེམས་དྲག་པོས་གཞི་རིམ་གྱི་ཁྲིམས་འཛིན་བྱ་བར་ཞུགས་ནས་མང་ཚོགས་ཀྱི་འགལ་བ་རྩོད་གཞི་རིགས་སྣ་ཚོགས་ཐག་གཅོད་བྱས་པ་དང་། བྱ་བ་རེ་རེར་གཞི་འཛིན་ས་ཡོད་ལ། དོན་དག་རེ་རེར་མཇུག་འབྲས་ཡོད་པ། དོན་ཚན་རེ་རེ་དངོས་འབེབས་བྱས་ཤིང་། དོན་དག་རེ་རེ་ཐག་གཅོད་ཐུབ་པར་བྱས།

ལད་ཟློས་ཁྲིམས་ཁང་སྡེ་བར་བསྐྱོད་པའི་ཡུལ་དངོས་གནས་ཚུལ་བཞིན། བྲག་དམར་སྡེ་བའི་མཐའ་འཁོར་གྱི་རྩྭ་ཐང་སྟེང་དུ་སྐལ་བཟང་མེ་ཏོག་སྡུག་གུར་བཞད་ཡོད་ཅིང་། མང་ཚོགས་ཀྱིས་མཐའ་རུབ་ནས་བསྡད་ཡོད་པའི་ཀུན་བཟང་སྒྲོལ་མ་ནི་དེའི་ཁྲོད་ཀྱི་ཆེས་མཛེས་པའི་མེ་ཏོག་རྐང་གཅིག་པོ་དེ་ཡིན།

ལྷ་མོ་འཚོས་བསྒྱུར།