རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ།
2024.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་ཀྱི་འདྲེས་མཚམས་ཁུལ།

བསོད་བསོད(གཡས་ཀྱི་དང་པོ)དང་ཁོང་གི་ལས་གྲོགས་གཉིས་ཀྱིས་མཚོ་སྐྱ་རེངས་ཀྱི་ཉེ་འགྲམ་དུ་སྐོར་སྲུང་བྱེད་བཞིན་པ། 

དབྱར་ཟླ་དྲུག་པའི་ཟླ་མགོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཕང་བར། ལྗང་མདོག་གི་ལྭ་བ་སྲབ་མོ་ཞིག་མནབས་འདུག དགུང་སྔོན་པོ་དང་སྤྲིན་དཀར་གྱི་འདབ་མ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་ས་ཁུལ་གྱི་མཚོ་མོའི་ནང་དུ་ལྡོག་འཕྲོ་བྱས་ཡོད་ལ། དེར་སྙན་ངག་གི་བརྗོད་དོན་གྱིས་ཕྱུག་ཅིང་། རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཞོགས་པར། གཟུགས་པོ་རིང་ལ་ངོ་གདོང་ནག་པའི་བོད་རིགས་བུ་རྒོད་ཅིག་འཕྲུལ་རྟར་ཞོན་ནས་མཐའ་ཡས་པའི་རྩྭ་ཐང་གི་ཕྱོགས་སུ་རྒྱུགས་བཞིན་ཡོད་ལ། ཁོའི་ཉིན་གཅིག་གི་བྱ་བ་ཡང་མགོ་བརྩམས།

ཁོའི་མིང་ལ་བསོད་བསོད་ཟེར་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚལ་རྩེ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་རུ་གཙོ་ཡིན་ལ། སྐྱེ་ཁམས་ལྟ་སྲུང་རུ་ཁག་བཙུགས་མ་ཐག་དུ་རུ་ཁག་འདིའི་ནང་ཞུགས་ཤིང་། ད་ལྟའི་བར་སྐྱེ་ཁམས་ལྟ་སྲུང་རུ་ཁག་ནང་དུ་བྱ་བ་བསྒྲུབས་ནས་ལོ་བཅུ་གཉིས་འགོར་ཡོད། བསོད་བསོད་དང་མཚལ་རྩེ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་བ་བརྒྱ་དང་ཉེར་དྲུག་པོ་མི་རེས་ཆ་སྙོམས་ཀྱིས་ས་ཞིང་སྤྱི་ཆིང་དྲུག་བརྒྱ་བདུན་ཅུ་སྲུང་སྐྱོབ་བྱེད་ཀྱིན་ཡོད། ཁོ་ཚོ་མི་ཉི་ཤུ་ཚན་ཆུང་གཅིག་བྱས་ནས། ཉིན་རེར་ཆུ་ཚོད་བདུན་ལྷག་གི་རིང་སྐོར་སྲུང་བྱས་པ་དང་། སྐོར་སྲུང་ལམ་ཐག་སྤྱི་ལེ་བདུན་ཅུ་ལས་མི་ཉུང་ཞིང་། དཀའ་ཁག་གང་ལ་འཕྲད་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཡུལ་དང་པོར་བརྟན་སྲུང་བྱས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་ས་གཞི་འདིར་ཁོ་ཚོའི་ཞབས་རྗེས་བཞག་ཡོད།

མཚོ་སྐྱ་རེངས་ནི་རྨ་ཆུའི་འགོ་ཁུངས་ཀྱི་མཐོ་སྒང་གི་ཚྭ་མེད་མཚོ་གཉིས་ཀྱི་ཡ་གྱལ་ཡིན། བསོད་བསོད་ཀྱི་སྐོར་སྲུང་ཉིན་ཐོ་འབྲི་དེབ་མཐུག་པོ་དེའི་སྟེང་དུ་མཚོ་སྐྱ་རེངས་དང་འབྲེལ་ཡོད་ཀྱི་ནང་དོན་མང་པོ་བྲིས་འདུག་སྟེ། ཁོ་མཚོ་སྐྱ་རེངས་ཉེ་འཁོར་གྱི་རི་ཆུ་དང་རྩྭ་རྩི་ཤིང་ལ་ཧ་ཅང་ཆ་རྒྱུས་ཡོད།

ཟླ6པའི་ཚེས6ཉིན། གསར་འགོད་པ་བསོད་བསོད་ཀྱི་རྗེས་སུ་འབྲངས་ནས་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་མཚལ་རྩེ་སྡེ་བར་ཐོན་པ་དང་། ཁོ་དང་རུ་མི་རྣམས་ཀྱིས་གྲལ་དག་གཅིག་གྱུར་གྱི་ལས་ལྭ་ལྗང་ཁུ་དེ་གྱོན་ནས་ཉིནགཅིག་གི་སྐོར་སྲུང་བྱ་བའི་མགོ་བརྩམས། བསོད་བསོད་དགའ་སྤྲོའི་ངང་ཁོའི་འགྲམ་དུ་སྐོར་སྲུང་བྱེད་ཀྱིན་པའི་ལས་གྲོགས་མགོན་པོ་རྒྱལ་བོས་ནས།ཁྱོད་ཀྱིས་ལྟོས་དང་། མེ་ཏོག་ཆུང་ཆུང་སྨུག་པོ་འདི་དང་རྩི་ཤིང་ཐུང་ཤོས་འདི་དག་སྔོན་ཆད་ང་ཚོས་མཐོང་མ་མྱོང་ཞེས་ཟེར།

རྐང་འོག་གི་ས་ཆ་འདིའི་གནའ་དེང་གི་འགྱུར་ལྡོག་གླེང་སྐབས། བསོད་བསོད་ལ་ཚོར་བ་འདྲ་མིན་སྣ་ཚོགས་སྐྱེ་བཞིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་མ་བཙུགས་གོང་ལ། རྩྭ་ཐང་སྟེང་དུ་འཚོ་བའི་གད་སྙིགས་མང་པོ་གཡུགས་ཡོད་པས། ང་ལ་བྲེལ་བ་ལངས་ཏེ་ཁྱིམ་མི་དང་གྲོགས་པོ་རྣམས་སོང་ནས་གད་སྙིགས་འཐུ་བའི་བསམ་ཚུལ་སྐྱེ་བྱུང་། ༢༠༠༥ལོར། བསོད་བསོད་ཀྱིས་ཤ་ཉེ་གྲོགས་པོ་རྣམས་རྩ་འཛུགས་བྱས་ནས་རུ་མི་བཅུ་གཉིས་ཀྱིས་གྲུབ་པའི་གད་སྙིགས་གཙང་སེལ་གྱི་ཡན་ལག་རུ་ཁག་ཅིག་བཙུགས་པ་དང་། ལམ་ཐག་རིང་བས་ཉིན་འགའ་རེར་ཡུལ་ལ་ལོག་མི་ཐུབ་པར་བརྟེན།  ཁོ་ཚོས་ས་གཞི་གདན་ལ་བཏིང་ཞིང་ནམ་མཁའ་གོས་སུ་བཀླུབས་པ་དང་། རང་གིས་ཡོ་བྱད་དང་ཟ་མ་གྲ་སྒྲིག་བྱས་པ་རེད། བསོད་བསོད་ཀྱི་ལས་གྲོགས་ཆོས་གྲགས་ཀྱིས་བཤད་རྒྱུར། སྐབས་དེར། ང་ཚོ་ཕྱི་ལ་སོང་ནས་བཏུས་པའི་གད་སྙིགས་ཁུག་མ་འགའ་རེ་ཡོད་ཅིང་། རྩི་ཤིང་དང་སྲོག་ཆགས་ཀྱང་ད་བར་ནང་བཞིན་མང་པོ་མེད་ཅེས་ཟེར།

ད་ལྟའི་རྨ་ཆུའི་འགོ་ཁུངས་ས་ཁུལ་དུ་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྩྭ་ཐང་སྟེང་དུ་རྩི་ཤིང་རིགས་སྣ་ཚོགས་ཀྱིས་ཁེབས་ཤིང་། མཚོ་དང་མཚེའུ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས་མཚེའུ་སྟོང་ཕྲག་གི་མཛེས་ལྗོངས་ཡང་བསྐྱར་མིག་ལམ་དུ་བསྟར། མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས། རྩྭ་ཐང་སྟེང་དུ་གད་སྙིགས་གང་སར་གཡུགས་པའི་རྗེས་ཤུལ་བཙལ་དཀའ་བར་སྣང་། བསོད་བསོད་ཀྱིས་བཤད་རྒྱུར།  ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བར་བརྟེན། སྐྱེ་ཁམས་ལྟ་སྲུང་བ་རེ་རེར་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱའི་སྐྱེ་ཁམས་ཁ་གསབ་དངུལ་སྤྲོད་ཀྱིན་ཡོད་ལ། གང་སར་གཡུགས་པའི་གད་སྙིགས་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་འདུག  ང་ཚོའི་ཚན་ཆུང་གཅིག་གི་མི་ཉི་ཤུ་ལྷག་ཕྱི་རུ་སྐོར་སྲུང་བྱེད་དུ་སོང་ཚེ། ཚང་མས་ཉིན་གཅིག་ལ་གད་སྙིགས་ཁུག་མ་གཅིག་བསྡུ་གསོག་བྱེད་ཐུབ་ཟེར།

རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་འགོ་གཙོ་གཞོན་པ་དཔལ་མགོན་སྐྱབས་ཀྱིས་ངོ་སྤྲོད་བྱས་རྒྱུར། སྐྱེ་ཁམས་ལྟ་སྲུང་བའི་ལས་འགན་ནི་གད་སྙིགས་དང་སྦགས་བཙོག་དངོས་རྫས་གཙང་སེལ་བྱེད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ལྟ་ཞིབ་ཚད་ལེན་བྱེད་ཅིང་། རྩྭ་དང་སྔོ་ཁེབས་ཀྱི་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་པ། རྩྭ་ཐང་གི་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱེད་པ་དང་། རྩྭ་ས་དང་ནགས་ཚལ་ལ་མེ་སྐྱོན་འབྱུང་བར་སྔོན་འགོག་བྱེད་ཅིང་། སྒྲིག་འགལ་སྒོས་གསར་སྤེལ་བྱེད་པ་དང་ཕྱུགས་འཚོ་མི་ཆོག་སར་ཕྱུགས་འཚོ་བ། རི་དྭགས་ལྐོག་རྔོན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པར་མ་ཟད། སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་པ་དང་། དེ་ལས་གཞན་ཉིན་རེའི་སྐོར་ཞིབ་གནས་ཚུལ་ཟིན་ཐོར་འགོད་ནས་སྐོར་སྲུང་ཉིན་ཐོ་ཞིབ་མོ་ཞིག་འབྲི་དགོས་ཟེར།

གསར་འགོད་པ་བསོད་བསོད་ཀྱི་རྗེས་སུ་འབྲངས་ནས་ཡོང་སྐབས། གནས་གསར་བ་ཞིག་ཏུ་སླེབས་ཐེངས་རེར་བསོད་བསོད་ཀྱིས་ཁ་པར་བླངས་ནས་པར་རྒྱག་བཞིན་ཡོད་ལ། གསར་འགོད་པས་དེའི་དོན་རྟོགས་ཀྱིན་མི་འདུག བསོད་བསོད་ཀྱིས་འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐོར་སྲུང་བྱེད་པའིappཡིན་པ་དང་། མཐེབ་མོས་ཐེངས་གཅིག་མནན་ཚེ། ང་ཚོའི་ཉིན་གཅིག་གི་སྐོར་སྲུང་བྱ་བའི་གནས་ཚུལ་ཡར་བསྐུར་ཐུབ་པར་མ་ཟད། སྟེགས་བུ་འདིས་ང་ཚོས་སྐོར་སྲུང་བྱེད་པའི་དུས་ཚོད་དང་ལམ་ཐག་ཟིན་ཐོར་བཀོད་ཡོད་ཅིང་། སྐོར་སྲུང་བྱེད་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱས་ཡོད་ཅེས་ཟེར་བཞིན་དུ་སྔོན་ཏག་ཏག་ལ་ཕབ་ལེན་བྱས་པའི་འདྲ་པར་དགappསྟེང་ལ་བརྒྱུད་སྐུར་བྱས། ཉིན་རེར་ལག་བྲིས་བྱས་པའི་སྐོར་སྲུང་ཉིན་ཐོ་དང་བསྡུར་ཚེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐོར་སྲུང་བྱེད་པའིappབྱུང་བ་དེས་སྐྱེ་ཁམས་ལྟ་སྲུང་བའི་སྐོར་སྲུང་བྱ་བའི་ལས་ཆོད་མཐོར་འདེགས་བཏང་བར་མ་ཟད། སྐོར་སྲུང་གནས་ཚུལ་དུས་ཐོག་ཏུ་བརྒྱུད་སྐུར་བྱེད་པར་ཁག་ཐེག་བྱས་ཤིང་། སྐྱེ་ཁམས་ལྟ་སྲུང་བྱ་བ་རིག་ནུས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་བྱས།

བསོད་བསོད་ལ་རི་སྐྱེས་སྲོག་ཆགས་སྐྱོབ་པའི་ཐབས་ལམ་ཁྱད་པར་བ་ཞིག་ཡོད་དེ། 2023ལོའི་ཟླ11པར། བསོད་བསོད་དང་ལས་གྲོགས་རྣམས་སྐོར་སྲུང་ལ་འགྲོ་བའི་ལམ་བར་ནས་གནའ་བ་ཞིག་ལྕགས་རར་འཐོགས་ནས་སྐད་ཅོར་རྒྱག་བཞིན་པ་མཐོང་། ཁོས་མྱུར་མོར་རྒྱུན་བཀོལ་ཡོ་བྱད་ཁྱེར་ཡོང་ནས་ལས་གྲོགས་ཚོ་དང་མཉམ་དུ་གནའ་བ་བསྐྱབས་པ་རེད། འོན་ཀྱང་གནའ་བ་གནས་དེར་ལངས་ནས་བསྡད་ཅིང་། བསོད་བསོད་ཀྱིས་གནའ་བའི་ལུས་ཧྲིལ་བོར་ལྟ་ཞིབ་བྱས་རྗེས་རྐང་བ་གཡོན་པར་ཁྲག་མང་པོ་བཞུར་གྱིན་འདུག་ལ། རང་དབང་གིས་འགུལ་སྐྱོད་བྱེད་མི་ཐུབ་པས་ཁོས་ནམ་རྒྱུན་གྱི་ཐབས་མཆོག་ཡིད་ལ་དྲན། དེ་ནས། བསོད་བསོད་ཀྱིས་ཐོག་མར་རྡོ་ལེབ་རིང་བོ་ཞིག་དང་རང་གི་ལག་ཕྱིས་ཁྱེར་ཡོང་ནས་གནའ་བའི་རྨ་ཁར་དཀྲིས་ཤིང་། དེའི་རྗེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐོར་སྲུང་བྱེད་པའིappབཀོལ་ནས་ཡུལ་དངོས་ཀྱི་འདྲ་པར་སྟེགས་བུའི་སྟེང་དུ་ཡར་བསྐུར་བ་དང་། འབྲེལ་ཡོད་སྡེ་ཁག་གིས་རྒུད་སྐྱོབ་བྱེད་པར་སྒུག་ནས་བསྡད། བསོད་བསོད་ཀྱི་ལས་གྲོགས་ཆོས་གྲགས་ཀྱི་ཀུ་རེ་རྩེ་བཞིན་བཤད་རྒྱུར། ང་དང་བསོད་བསོད་གཉིས་ལ་ཐེངས་མང་པོར་གནས་ཚུལ་འདྲི་འདྲར་འཕྲད་མྱོང་བ་དང་། ཁོས་ཐེངས་རེ་རེར་ཐག་གཅོད་ནན་མོ་བྱེད་ཐུབ་པར་བརྟེན། ད་ལྟ་ང་ཚོའི་སྡེ་བའི་འབྲོག་ཁྱིམ་མང་པོ་ཞིག་གི་ཕྱུགས་ཟོག་ལ་རྨས་ཕོག་ཚེ་ཁོ་བཙལ་ནས་རོགས་བྱེད་དུ་འཇུག་བཞིན་ཡོད་དེ། ཁོ་ནི་ང་ཚོའི་ཕྱུགས་ཟོག་གི་སྨན་པ་ལྟ་བུར་གྱུར་ཡོད་ཅེས་ཟེར།

སྐྱེ་ཁམས་ལྟ་སྲུང་ནི་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་བྱ་བ་ཞིག་ཡིན་ཏེ། སྐྱེ་ཁམས་ཁ་གསབ་མ་དངུལ་མེད་རུང་། ང་སྔར་བཞིན་ཐེ་ཚོམ་མེད་པར་སྐྱེ་ཁམས་ལྟ་སྲུང་བའི་རུ་ཁག་ནང་དུ་ཞུགས་སྲིད་དེ། འདི་ནི་ང་ཚོའི་མི་རབས་ནས་མི་རབས་བར་གཞིས་ཆགས་སའི་གནས་མཆོག་ཡིན་པའི་རྐྱེན་གྱིས་སོ།། སེམས་འདུན་ཅི་ཞིག་ཡོད་པའི་སྐོར་གླེང་སྐབས། བསོད་བསོད་ཀྱིས་བཤད་རྒྱུར། ང་ཚོའི་སྡེ་བའི་ཁྱིམ་ཚང་རེ་རེར་སྐྱེ་ཁམས་ལྟ་སྲུང་བ་གཅིག་རེ་ཡོད་པ་དང་། སྐྱེ་ཁམས་ལྟ་སྲུང་བའི་རུ་ཁག་རྒྱ་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། ང་ལ་རིག་གནས་ཤེས་བྱ་སྔར་ལས་མང་པོ་སྦྱངས་འདོད་ཡོད་དེ། འདི་ལྟར་བྱས་ཚེ། གསར་དུ་ཞུགས་པའི་ཁོངས་མིས་ལྟ་སྲུང་བྱེད་པའི་ནུས་པ་མགྱོགས་མྱུར་ངང་རྒྱུས་ལོན་ཐུབ་པར་རོགས་རམ་དང་སྣེ་སྟོན་བྱེད་ཐུབ་པར་མ་ཟད། དེ་དང་མཉམ་དུ། ངས་ཀྱང་རྩོམ་ཡིག་རེ་འགའ་བྲིས་ནས་དྲིལ་སྒྲོག་བྱེད་ཐབས་བརྒྱུད་དེ་མི་མང་པོར་ངའི་ཕ་ཡུལ་རྒྱུས་ལོན་བྱེད་དུ་འཇུག་ཐུབ།  ང་དང་ལས་གྲོགས་ཚོས་སེམས་ཤུགས་ཡོད་ཚད་བཀོལ་ནས་སྐོར་སྲུང་བྱེད་པ་དང་། ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། གཙང་ཆབ་སྔོན་མོ་ཤར་དུ་བཞུར་བར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་ཟེར།

ལྷ་མོ་འཚོས་བསྒྱུར།