--2024ལོའི་དུས་ཚིགས་དང་པོའི་མཚོ་སྔོན་གྱི་མི་བཟང་དབང་རྡོར་གྱི་གནས་ཚུལ་བཀོད་པ།
དབང་རྡོར(གཡས་ཀྱི་དང་པོ)དང་ལས་གྲོགས་རྣམས་ཀྱིས་རྩྭ་སའི་རྩོད་གཞིར་ཡུལ་དངོས་ནས་རྟོག་ཞིབ་བྱེད་ཀྱིན་པ།
ཟླ་ལྔ་བའི་མཐོ་སྒང་གི་རི་ཀླུང་གིས་ལྗང་མདོག་ལྭ་བ་མནབས་མགོ་བརྩམ་མོད། འོན་ཀྱང་ནམ་ཟླར་འགྱུར་ལྡོག་ཆེ་བས། མཐོ་སྒང་གི་རི་ཁུལ་དུ་སོང་ན་སྔར་བཞིན་འཁྱགས་སིབ་སིབ་ཀྱི་སྣང་བ་སྟེར། ཟླ5པའི་ཚེས31ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་འདུམ་འགྲིག་པ་དབང་རྡོར་གྱིས་གཞུང་སྒྲུབ་ཁང་དུ་ལས་གྲོགས་གཉིས་དང་མཉམ་དུ་ཟླ2པའི་ཚེས4ཉིན་བྱུང་བའི་རྩྭ་སའི་གྱོད་གཞིར་གྲོས་བསྡུར་བྱེད་ཀྱིན་འདུག
རྩྭ་ས་རྩོད་གླེང་འབྱུང་རྐྱེན་ནི་སོག་རུ་ཡུལ་ཚོའི་ལྕམ་སྡེ་བའི་འབྲོག་པ་ཆོན་ཆེ་གེ་མོ་དང་རྡོ་ཆེ་གེ་མོའི་བར་རྩྭ་ས་དབྱེ་མཚམས་ལ་བརྟེན་ནས་འགལ་བ་བྱུང་ཞིང་། ཕྱོགས་གཉིས་ཀྱི་རྩོད་པའི་མཚམས་ཆད་རྒྱུ་མེད་པས། སོག་རུ་ཡུལ་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་རེ་ཞུ་ཕུལ། རེ་ཞུ་ཡི་གེ་འབྱོར་རྗེས། དབང་རྡོར་དང་ཡུལ་ཚོའི་ཆེད་བསྐོས་འདུམ་འགྲིག་པ་འགའ་མྱུར་དུ་དོན་དག་བྱུང་ས་ཡོང་ནས་འདུམ་འགྲིག་བྱས།
ཡུལ་དངོས་སུ་འབྱོར་རྗེས། དབང་རྡོར་གྱིས་ད་བར་འགན་ཁུར་ཡོད་པ་དང་སྔོན་ཆད་འགན་འཁུར་བའི་སྡེ་བའི་ལས་བྱེད་པ་ཚང་མ་གཅིག་ཏུ་བསྡུས་ནས། འགལ་བའི་ཕྱོགས་གཉིས་ཀྱི་རྩ་བའི་གནས་ཚུལ་ལ་རྒྱུས་ལོན་གང་ལེགས་བྱས་ཤིང་། ་་་་་ཁྱིམ་ལ་སོང་ནས་ཕྱོགས་གཉིས་ཀྱི་བསམ་འཆར་ལ་ཉན། ཉིན་གཅིག་གི་རིང་ལ་ཞིབ་བཤེར་བྱས་པ་བརྒྱུད། ཆོན་ཆེ་གེ་མོ་དང་རྡོ་ཆེ་གེ་མོ་གཉིས་ཀྱི་རྩྭ་ས་འབྲེལ་ཡོད་ཅིང་། ལོ་མགོར། ཆོན་ཆེ་གེ་མོས་རང་གི་རྩྭ་སའི་འགྲམ་དུ་ལྕགས་དྲ་བརྒྱབ་མེད་པ་མཐོང་ནས་སྒེར་སེམས་སྐྱེས་ཏེ། ཁོ་ཚང་གི་ལྕགས་དྲ་ཤར་ཕྱོགས་སུ་སྤྱི་ལེ་འགར་ནུར་བ་དང་། ནམ་རྒྱུན་ཡུལ་ཚོ་གཞན་པར་གཞིས་སྡོད་བྱས་ཡོད་པའི་རྡོ་ཆེ་གེ་མོ་ཁོ་ཚང་གི་རྩྭ་སར་བལྟ་རུ་ཡོང་དུས་ལྕགས་དྲ་བརྒྱབ་ཡོད་པ་མཐོང་བས། ཁོང་ཁྲོ་མེ་ལྟར་འབར་བཞིན་ཆོན་ཆེ་གེ་མོ་ཚང་ལ་རྒྱུག་ནས་རྒྱུ་མཚན་དྲིས་ཤིང་། དེར་བསྟུན་ནས་ཕན་ཚུན་བར་འགལ་བ་བྱུང་བ་རེད།
དབང་རྡོར་གྱིས་ཁྱེད་གཉིས་སྡེ་བ་གཅིག་གི་ཡིན་པས། རྗེས་ཕྱོགས་ཕན་ཚུན་བར་རོགས་རམ་བྱེད་དགོས་ས་མང་པོ་ཡོད་པ་དང་། ད་དུང་ལོ་གསར་ཐོན་ལ་ཉེ་བར་བརྟེན། དོན་དག་ཆུང་ཆུང་ཞིག་གིས་ལོ་གསར་བའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་དགོས་དོན་མེད་ཟེར་ཞིང་། དཔེ་འཇོག་གཟུགས་འགོད་དང་གནས་ལུགས་བཤད་བཤད་མཐར། འདུམ་འགྲིག་བྱས་པའི་ཉིན་གསུམ་པར་ཆོན་ཆེ་གེ་མོས་རང་ལ་གྱོང་གུད་ཐེབས་པ་ཤེས་ནས་རང་སྐྱོན་ཁས་ལེན་ནས་སྒེར་གྱིས་བཙུགས་པའི་ལྕགས་དྲ་ལེན་པར་འཐད་པ་བྱུང་། དེའི་རྗེས། ཕྱོགས་གཉིས་ཀྱི་འགལ་བ་བར་འདུམ་གྱི་གྲོས་ཆོད་ཡི་གེ་མིང་རྟགས་བཀོད་ཅིང་། ཕན་ཚུན་ལག་འཇུ་བྱས་ནས་འཆམ་མཐུན་བྱུང་།
ཟླ་བཞི་ལྷག་འགོར་རྗེས། སྔར་གྱི་རྩོད་གཞི་ཐག་གཅོད་བྱས་མོད། འོན་ཀྱང་མིག་སྔར་ཁྱིམམ་ཚང་གཉིས་བར་གྱི་འབྲེལ་བ་ག་འདྲ་ཡིན་ནམ། བར་འདུམ་གྲོས་ཆོད་ལག་བསྟར་བྱས་ཡོད་དམ། གནད་དོན་འདི་དག་ནམ་རྒྱུན་དབང་རྡོར་གྱི་སེམས་ལ་འཁོར་བཞིན་ཡོད་པས། ཁོ་ཡང་བསྐྱར་ཐེངས་གཅིག་ལ་འཚམས་འདྲིར་འགྲོ་རྒྱུའི་ཐག་བཅད། དབང་རྡོར་དང་ལས་གྲོགས་ཚོ་དོ་བདག་གི་ཁྱིམ་ལ་ཡོང་བ་ན། ད་བར་དོ་བདག་གཉིས་པོས་ཀུ་རེ་རྩེ་ཞོར་ཁ་བརྡ་བྱས་ནས་བསྡད་ཡོད་ལ། སྔར་གྱི་འགལ་བ་དང་རྩོད་གཞི་སེམས་ནས་བརྗེད་ཟིན། རྡོ་ཆེ་གེ་མོས་དགའ་སྤྲོའི་ངང་ནས་བཤད་རྒྱུར། འདུམ་འགྲིག་པ་དབང་རྡོར་གྱིས་ཉིན་གསུམ་གྱི་རིང་ལ་བར་འདུམ་དང་ཁ་ཏ་བྱས་པར་བཀའ་དྲིན་ཆེ། ངེད་ཁྱིམ་ཚང་གཉིས་ཀ་འདུམ་འགྲིག་གི་མཇུག་འབྲས་ལ་ཡིད་ཚིམ་ཡོད། ད་བར་ཁྱིམ་ཚང་གཉིས་ཀས་འབྲེལ་འདྲིས་བྱས་པ་ཧ་ཅང་བཟང་ཞིང་ནམ་རྒྱུན་མཉམ་དུ་ཁ་བརྡ་བྱས་ནས་བསྡད་ཡོད་པར་མ་ཟད། དོན་དག་ཡོད་དུས་ཕན་ཚུན་ལ་རོགས་བྱས་པ་ཡིན་ཟེར་ཞོར་བསྟོད་པའི་མཐེ་བོང་སྒྲེང་།
དབང་རྡོར་ནི་སོག་རུ་ཡུལ་ཚོའི་འབྲིང་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཡིན་ལ། སོག་རུ་ཡུལ་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་འདུམ་འགྲིག་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད་པ་དང་། ཏང་ལོ་བཅུ་བཞི་ཡིན་ཞིང་། 2022ལོར་ཞིང་ཆེན་ཡོངས་ཀྱི་ཆེས་མཛེས་པའི་འདུམ་འགྲིག་པར་བདམས་པ་དང་། 2023ལོར་རྒྱལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པ་དཔེ་བཟང་ཅན་དུ་བདམས་ཤིང་། 2024ལོར་དུས་ཚིགས་དང་པོའི་མཚོ་སྔོན་གྱི་མི་བཟང་དུ་བདམས་པ་རེད།
དགུན་ཕར་ལ་སྐྱེལ་ནས་དབྱར་ཚུར་ལ་བསུ་བའི་དུས་ཚིགས་གང་ཡིན་རུང་། ཁོ་ནམ་ཡང་འགལ་བ་དང་རྩོད་གཞི་འདུམ་འགྲིག་གི་ལས་ཡུལ་དང་པོ་བསྐྱོད་ཅིང་། འདུམ་འགྲིག་བྱ་བར་ཞུགས་པའི་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ། འགལ་བ་དང་རྩོད་གཞི་རིགས་མི་འདྲ་བ་བཞི་བརྒྱ་ལྷག་འདུམ་འགྲིག་བྱས། དབང་རྡོར་གྱིས་བཤད་རྒྱུར། ངས་འདུམ་འགྲིག་བྱེད་པའི་དགོངས་པ་ནི་འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་པ་དང་། འགལ་བ་བྱུང་མ་ཐག་ནས་ཐག་གཅོད་བྱེད་པ་དེ་ཡིན་ཞིང་། ངས་རྒྱུན་འཁྱོངས་བྱས་པའི་རྩ་དོན་ནི་འདྲ་མཉམ་དྲང་བཞག་ཡིན་ཟེར།
ལོ་འགའི་ཡར་སྔོན་ལ། དབང་རྡོར་གྱི་མ་སྤུན་ནུ་བོ་ཞིག་གཉེན་འཐོར་སྐྱིན་ཚབ་མ་དངུལ་གྱི་རྐྱེན་གྱིས་ཆུང་མ་སྔོན་མ་དང་རྩོད་པ་བྱུང་ཞིང་། དེར་མཐུད་ནས་སོག་རུ་ཡུལ་ཚོའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་བར་འདུམ་བྱེད་པའི་རེ་ཞུ་ཕུལ་བ་དང་། དབང་རྡོར་ནི་འགལ་བ་འདུམ་འགྲིག་བྱེད་པའི་དང་ལེན་མཁན་ཡིན་པས། མ་སྤུན་ནུ་བོས་དབང་རྡོར་བཙལ་ནས་འདུམ་འགྲིག་བརྒྱུད་རིམ་ཁྲོད་ཁོ་ལ་ཕྱོགས་ཞེན་བྱེད་པ་དང་ཁེ་ཕན་ཐོབ་ཏུ་འཇུག་དགོས་པའི་རེ་བ་བཏོན་པར་མ་ཟད། དོན་དག་འགྲུབ་རྗེས་ཁོ་ལ་སྒོར་མོ་བྱིན་ནས་བཀའ་དྲིན་ཞུ་ངེས་ཡིན་པར་བཤད། དབང་རྡོར་གྱི་སྐད་ཆ་དེ་གོ་རྗེས་ཁོང་ཁྲོ་ལངས་ཞོར་དུ་བཤད་རྒྱུར། ང་ནི་ཏང་ཡོན་ཞིག་ཡིན་པར་མ་ཟད་ཆེད་བསྐོར་འདུམ་འགྲིག་པའང་ཡིན་པས། ང་ལ་ཏང་གཤིས་དང་རང་གི་རྩ་དོན་ཡོད། དེར་བརྟེན། ཁྱོད་དང་གཉེན་ཉེའི་འབྲེལ་བ་ཡོད་རུང་ཕྱོགས་ཞེན་བྱེད་མི་སྲིད་ལ། ཁྱོད་ལ་ཕྱོགས་ཞེན་བྱས་ན་ཇི་ལྟར་འདྲ་མཉམ་བྱེད་རྒྱུ་ཟེར། མ་སྤུན་ནུ་བོས་སྐད་ཆ་དེར་ཉན་རྗེས་ཁོང་ཁྲོ་ཟ་བཞིན་ཕྱིར་ཡུལ་ལ་ལོག་སོང་།
དབང་རྡོར་གྱི་མ་སྤུན་ནུ་མོ་མཆོག་གསུམ་སྒྲོན་གྱིས་བཤད་རྒྱུར། ངའི་ཕུ་བོ་དབང་རྡོར་དོན་དག་འདི་འདྲ་མང་པོར་འཕྲད་མྱོང་ཞིང་། དོན་དག་གང་ལ་འཕྲད་ཀྱང་ཁོས་ཞི་ལྷོད་སྒོས་ཕྱོགས་ལྷུང་མེད་པར་ཐག་གཅོད་བྱེད་ཐུབ་པ་དང་། ལོ་ངོ་འདི་དག་གི་རིང་ལ་ཁོས་ཐོག་མཐའ་བར་གསུམ་གྱི་ཁུལ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་དེ་འདུམ་འགྲིག་གི་མགོ་རྩོམ་སར་བརྩི་བཞིན་ཡོད།
ཟླ་བཞི་བའི་ཟླ་སྟོད་ལ། དབང་རྡོར་གྱིས་བུ་ལོན་ལ་བརྟེན་ནས་འགལ་བ་བྱུང་བའི་འདུམ་འགྲིག་བྱ་བ་དང་ལེན་བྱས། དོན་དག་འབྱུང་རྐྱེན་ནི་སོག་རུ་ཡུལ་ཚོའི་འབྲོག་པ་དགེ་ཆེ་གེ་མོས་སྔོན་ཆད་ཞའེ་ཆེ་གེ་མོས་སྒོར་ཁྲི་གཅིག་དང་སྟོང་བརྒྱད་གཡར་མོད། ཕྱོགས་གཉིས་ཀྱི་གཏན་འཁེལ་བྱས་པའི་དངུལ་བུན་འཇལ་བའི་དུས་ཚད་ལ་བརྒལ་ནས་ལོ་གསུམ་འགོར་ཡང་ཞའེ་ཆེ་གེ་མོས་དངུལ་བུ་མ་འཇལ། སྐབས་དེར་དགེ་ཆེ་གེ་མོའི་ཨ་མར་ནད་ཕོག་ནས་སྨན་ཁང་དུ་སྡོད་པར་མྱུར་དུ་སྒོར་མོ་དགོས་པས། དགེ་ཆེ་གེ་མོ་སོང་ནས་ཞའེ་ཆེ་གེ་མོ་བཙལ་ཏེ་དངུལ་བུན་འཇལ་དགོས་ཚུལ་བཤད་པ་དང་། ཞའེ་ཆེ་གེ་མོས་ཁ་གཡར་ས་བཙལ་ནས་འགྲོ་ཁུལ་བྱས་ཏེ་དངུལ་བུན་འཇལ་རྩིས་མ་བྱས་པའི་ཕྱིར། དགེ་ཆེ་གེ་མོ་ཁོང་ཁྲོ་ལངས་ནས་ཞའེ་ཆེ་གེ་མོའི་སྟེང་ལ་ལག་འགུལ་བ་དང་། ཞའེ་ཆེ་གེ་མོར་རྨས་སྐྱོན་ཆུང་ངུ་ཞིག་ཕོག དབང་རྡོར་གྱིས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཐེ་ཚོམ་ཅི་ཡང་མེད་པར་རང་གི་བསགས་དངུལ་སྒོར་ཁྲི་གཅིག་དང་སྟོང་གསུམ་དང་ལྔ་བརྒྱ་དེ་དགེ་ཆེ་གེ་མོར་གཡར། དེ་དང་མཉམ་དུ། དབང་རྡོར་གྱིས་ཧུར་ཐག་སྒོས་དོ་བདག་ཕྱོགས་གཉིས་པོར་འབྲེལ་འདྲིས་དང་བར་འདུམ་བྱས་པ་དང་། མཐའ་མཇུག་ཞའེ་ཆེ་གེ་མོས་དགེ་ཆེ་གེ་མོའི་མ་སྒོར་ཁྲི་གཅིག་དང་སྟོང་བརྒྱད་ཕྱིར་སྤྲོད་རྒྱུར་འཐད་པ་བྱུང་བར་མ་ཟད། དགེ་ཆེ་གེ་མོས་རྡུང་རྡེག་བྱས་པའི་འགན་འཁྲི་བདའ་འདེད་མི་བྱེད་པའི་ཚུལ་བསྟན་ཞིང་། ཁོ་གཉིས་ཀས་ལག་འཇུ་བྱས་ནས་འཆམ་མཐུན་བྱུང་ཏེ། ཡང་བསྐྱར་འདུམ་འགྲིག་བྱུང་།
སོག་རུ་ཡུལ་ཚོའི་ཆེད་བསྐོས་འདུམ་འགྲིག་པ་རྒྱལ་མཚན་གྱིས་བཤད་རྒྱུར། དབང་རྡོར་ནི་ང་ཚོའི་འདུམ་འགྲིག་རུ་ཁག་གི་གཙོ་ཤུགས་དམག་ཡིན་ལ། ནམ་རྒྱུན་འགལ་བ་དང་རྩོད་གཞི་བར་འདུམ་བྱེད་སྐབས། ཁོས་ཁུངས་སྣེ་འོས་འཚམ་བཙལ་ནས་མགོ་རྩོམ་པར་མ་ཟད། དངོས་ཡོད་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། དཔེ་འཇོག་པ་དང་གསལ་བཤད་བྱེད་པ། ངང་རྒྱུད་རིང་པོས་འབྲེལ་འདྲིས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འགལ་བའི་ཕྱོགས་གཉིས་ཀར་ཡང་བསྐྱར་ཞིབ་གྲོས་བྱས་པ་རེད། ཁོའི་དམིགས་བསལ་ཅན་གྱི་འགལ་བ་བར་འདུམ་བྱེད་ཐབས་དེར་ང་ཚོའི་སོག་རུ་ཡུལ་ཚོའི་མི་དམངས་རྣམས་ཀྱིས་ཁས་ལེན་གང་ལེགས་བྱས་པ་དང་། དེ་མིན་ཁྱིམ་མཚེས་ཡུལ་ཚོ་དང་རྫོང་ཡོངས་ནས་གདེང་འཇོག་མཐོན་པོ་གནང་བཞིན་ཡོད་པར་མ་ཟད། ང་ཚོ་ཚང་མས་ཁོ་དམིགས་དཔེར་བརྩིས་ཡོད་ཟེར།
དབང་རྡོར་གྱིས་བཤད་རྒྱུར། ངའི་ཐོག་མའི་སེམས་འདུན་ནི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་ལ་ལེགས་སྐྱེས་འབུལ་འདོད་པ་དེ་ཡིན། འདུམ་འགྲིག་གི་བྱ་བ་འདི་ཁྲིམས་མཐུན་ལུགས་མཐུན་ཡིན་དགོས་པ་དང་། ངེས་པར་དུ་ནན་ཏན་སྒོས་བསྒྲུབ་དགོས་པ་ལས་གཡོ་ཟོལ་གྱིས་སྒྲུབ་ཁུལ་བྱེད་པའི་རྣམ་འགྱུར་འཛིན་མི་ཉན། མང་ཚོགས་ཀྱི་ཁེ་ཕན་དེ་དོན་དག་ཆུང་ཆུང་མིན་ཏེ། འགལ་བ་བྱུང་མ་ཐག་ནས་ཐག་གཅོད་བྱེད་པ་དང་། དུས་ནམ་ཡང་མང་ཚོགས་ལ་འདང་བརྒྱབ་ཚེ། ད་གཟོད་མང་ཚོགས་ཀྱི་འདུམ་འགྲིག་པ་བཟང་པོ་བྱེད་ཐུབ་ལ། མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་ཀྱང་བྱེད་ཐུབ།
ལྷ་མོ་འཚོས་བསྒྱུར།