མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བ་ནོར་ལུག་ཁ་ཁར་འཚོ་བའི་དུས་རིམ་དུ་སླེབས་པ་དང་། འབྲོག་དམངས་ལྷ་མགོན་ཚེ་རིང་ལུག་ཁྱུའི་རྗེས་སུ་དེད་དེ་ལྕི་བ་འཐུས་ནས། ཨོང་ལྕི་ཐོན་ཁུངས་ཅན་དང་འཁོར་རྒྱུག་ཅན་དུ་བེད་སྤྱོད་བྱས་པ་དང་། ཨོང་ལྕི་་གོ་ཆོད་དངོས་རྫས་སུ་བསྒྱུར།
ལྷ་མགོན་ཚེ་རིང་གིས་བཤད་རྒྱུར། དབྱར་གཞུང་ནི་རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས་ཤིག་ཡིན་ན་ཡང་། གུང་ཧོ་རྫོང་གི་འབྲོག་པ་མང་ཚོགས་ལ་ མཚོན་ནས་བཤད་ན་ཡིད་མུག་པའི་དུས་ཚོད་ཞིག་ཡིན་པ་སྟེ། ཁོ་ཚོས་ཉར་གསོག་བྱས་པའི་ལྕི་བ་ཏུན་དྲུག་ཅུ་དུས་ཡུན་རིང་བོར་ཕུང་གསོག་བྱས་ནས་བཞག་ན། མི་སྡོད་ཁོར་ཡུག་ལ་གནོད་བྱེད་པ་མ་ཟད། རྩྭ་ས་སྦས་གནོན་བྱས་འཇོག འབྲོག་པ་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཆེད་དང་། ཕ་ཡུལ་གྱི་ནོར་ལུག་གི་ལྕི་བ་མང་བའི་ཐོན་ཁུངས་མང་བར་བསམ་གཞིགས་བཏང་ནས། ལྷ་མགོན་ཚེ་རིང་གིས་ཁྱིམ་ཚང་གི་ཕྱུགས་ར་བཙུགས་པ་དང་། ཆེད་ལས་དཔུང་སྡེ་མངགས་ནས་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་དུ་སོང་ནས་ནོར་ལུག་གི་ལྕི་བ་ཕྱིར་བསྡུ་བེད་སྤྱོད་བྱས་ཏེ། ནོར་ལུག་གི་ལྕི་བ་དེ་རྒྱུ་ནོར་རུ་འགྱུར་བར་བྱས།
2006ལོར། ལྷ་མགོན་ཚེ་རིང་གིས་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་ཕ་ཡུལ་དང་ཁ་བྲལ་ཏེ་ཞིང་ཆེན་གྱི་ཕྱི་རུ་ཞོར་ལས་ལ་སོང་བ་དང་། སྔ་གཞུག་ཏུ་སི་ཁྲོན་དང་ཀན་སུའུ། བོད་ལྗོངས་སོགས་ས་ཆར་སོང་ནས་ཟ་ཁང་གི་ཞབས་ཞུ་པ་དང་སྣུམ་སྣོན་མཁན། དྲ་རྒྱ་འཐེན་མཁན་སོགས་ཀྱི་ལས་ཀ་གཉེར།
2014ལོར། ལྷ་མགོན་ཚེ་རིང་ཀོང་ཏུང་དང་ཧྥུའུ་ཅན། ཧུའུ་པེ། ཧྲན་ཞི། ཧི་པེ་སོགས་ཞིང་ཆེན་དགུའི་གྲོང་ཁྱེར་ཉི་ཤུ་རུ་སོང་ནས་ཚོང་རར་རྟོག་ཞིབ་དང་བརྟག་དཔྱད་བྱས། ལོ་དེའི་ཟླ་དགུ་པར། ཡང་བསྐྱར་ཐའེ་གོ་དང་བལ་བོ་སོགས་ས་ཆར་སོང་ནས་བརྟག་དཔྱད་སློབ་སྦྱོང་བྱས། རྟོག་ཞིབ་དང་ཚོང་རར་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཁོས་འཕེལ་རྒྱས་ཀྱི་དམིགས་འབེན་མི་རིགས་རིག་གནས་ཐོན་ལས་ཕྱོགས་སུ་གཏན་ཁེལ་བྱས།
མཐོ་འབྲིང་གི་ཡོན་ཚད་མ་གཏོགས་མེད་པའི་དབང་གིས། ལྷ་མགོན་ཚེ་རིང་གིས་ཀུང་ཟི་ལ་བདག་གཉེར་དོ་དམ་བྱེད་པ་དང་ཐོན་རྫས་ཚོང་ར་རུ་ངོ་སྤྲོད་བྱེད་པ། དཔུང་སྡེའི་འཇོན་མི་སྐྱེད་སྲིང་བྱེད་པ་སོགས་ཕྱོགས་ནས་མ་དངུལ་མི་འདང་བ་དང་ཉམས་མྱོང་མེད་པ། མི་ཤུགས་མི་འདང་བ་སོགས་ཀྱི་དཀའ་ཁག་ལ་ཐུག
ཡིན་ན་ཡང་སེམས་ཤུགས་བརྟན་པོ་ཞིག་གིས། ཁོས་ཤེས་བྱ་གསར་བ་སློབ་སྦྱོང་བྱས་པ་དང་། རང་ཉིད་ཀྱི་མི་འདང་ས་ཁ་གསབ་བྱས་ལ། ལས་སྐྲུན་གསོ་སྦྱོང་དང་ལས་སྐྲུན་གྲུབ་འབྲས་འགྲེམ་སྟོན། ལས་སྐྲུན་འགན་ལེན་དངུལ་བུན་སོགས་ཀྱི་ཁེ་ལས་ལ་རོགས་བྱེད་པ་དང་ཁེ་ལས་ཀྱི་དཀའ་ཁག་སེལ་བའི་སྲིད་ཇུས་སོགས་ལ་རྒྱུས་ལོན་ཟབ་མོ་བྱས། ལྷ་མགོན་ཚེ་རིང་གིས་བཤད་རྒྱུར། སློབ་སྦྱོང་བྱེད་པ་བརྒྱུད་དེ། ངའི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་། དེར་བརྟེན། ང་རང་མཚོ་ལྷོ་ཁུལ་ན་གཞོན་ཁེ་ལས་དོ་དམ་མི་སྣའི་ཧང་ཀྲིག་གསོ་སྦྱོང་འཛིན་གྲྭ་དང་མཚོ་ལྷོ་ཁུལ་ཁེ་ལས་འབྲིང་ཆུང་ཉོ་ཚོང་ཆེད་དོན་ཧྲང་ཧའེ་གསོ་སྦྱོང་འཛིན་གྲྭ་སོགས་ལ་ཞུགས་པ་ཡིན་ཟེར། ལག་རྩལ་དང་སྤུས་ཚད་དོ་དམ་དམ་འཛིན་བྱེད་པ་བརྒྱུད་དེ། ལྷ་མགོན་ཚེ་རིང་གིས་མཚོ་ལྷོ་ཁུལ་ནོར་བུ་སུམ་འཛོམས་བོད་ཀྱི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དང་མཚོ་ལྷོ་ཁུལ་གུང་ཧོནོར་བུ་སུམ་འཛོམས་ཁྱིམ་ཚང་ཕྱུགས་ར་གཉིས་བདག་གཉེར་བཟང་བོ་བྱས་པ་དང་། མི་རིགས་ཀྱི་གྱོན་ཆས་དང་ཤ་སྐམ། འོ་ལེབ། རང་ཁོལ་རྒྱ་ཁོག་སོགས་ཐོན་རྫས་སྣ་བཅུ་དྲུག་སྤེལ་ལ། དངོས་བཀོལ་རིགས་གསར་ཆེད་ཁེ་གཉིས་ཡིག་ཐོག་སྙན་ཞུ་བྱས་པ་དང་། ནོར་བུ་སུམ་འཛོམས་ཀྱི་ཚོང་རྟགས་ཐོ་འགོད་བྱས།
གུང་ཧོ་ནོར་བུ་སུམ་འཛོམས་ཁྱིམ་ཚང་ཕྱུགས་རས་ས་ཆ་མུའུ་བཅུ་ལྷག་ཟིན་པ་དང་། ཆ་སྡེབས་ཀྱི་ནོར་ལུག་གསོ་སྤེལ་ར་བ་དང་ཞིང་ལས་ཐོན་རྫས་ལས་སྣོན་ཁུལ། མཛོད་ཁང་། བསིལ་སྐམ་ལས་སྣོན་ཁང་། ས་མེད་འདེབས་གསོའི་ཆ་སྡེབས་སྒྲིག་ཆས་སོགས་བཙུགས་ཡོད་ལ། འདེབས་གསོ་དང་གསོ་སྤེལ། ལས་སྣོན། ཐུམ་རྒྱག་ཉོ་ཚོང་དང་དངོས་ཟོག་སྐྱེལ་འདྲེན་བཅས་གཞི་གཅིག་ཅན་གྱི་ཐོན་སྐྱེད་ཕྲེང་འབྲེལ་བཙུགས་པ་དང་། འབྲོག་ཁྱིམ་དང་ཕྱུགས་ར། ཀུང་ཟི་བཅས་མཉམ་འབྲེལ་བྱས་པའི་བདག་གཉེར་རྣམ་པ་སྤྱད་དེ། ཞིང་ཁ་ནས་མང་ཚོགས་ཀྱི་ཟས་ཅོག་སྟེང་བར་གྱི་ཐོན་སྐྱེད་བཟོ་སྐྲུན་སྐྱེལ་འདྲེན་ཐོན་ལས་ཕྲེང་འབྲེལ་གྲུབ་པར་བྱས།
ལྷ་མགོན་ཚེ་རིང་གིས་གསར་འགོད་པར་བཤད་པ་ལྟར་ན། ཁྱིམ་ཚང་གི་ཕྱུགས་རས་གཙོ་བོར་ནོར་ལུག་གི་ལྕི་ལུད་ཀྱི་འབར་རྫས་ཐོན་སྐྱེད་བྱེད་པ་དང་། ནོར་ལུག་གི་ལྕི་ལུད་ཧྲུག་ཆག་གཏོང་བ་དང་སྲོ་སྐམ་བྱེད་པ། སྐྱེལ་འདྲེན་བྱས་ནས། མཇུག་མཐར་གནོན་རྡུང་འཕྲུལ་ཆས་ཀྱིས་གནོན་བཙིར་རྒྱག་པ་བརྒྱུད་དེ་འབར་རྫས་རྡོག་རིལ་གྲུབ་པར་བྱས། སྐྱེ་དངོས་འབར་རྫས་དེ་དག་གི་ཕན་ནུས་མཐོ་བ་དང་། འབར་སླ་ཞིང་གནོད་ལྡན་རླུང་གཟུགས་ཕྱིར་གཏོང་ཚད་ཉུང་བ་མ་ཟད། ཉར་གསོག་བར་སྟོང་གྲོན་ཆུང་བྱེད་ཐུབ་པ་དང་། སྐྱེལ་འདྲེན་བྱེད་བདེ་བ་དང་ཚིག་རོ་ད་དུང་ཕྱིར་བསྡུས་ནས་ལུད་རྫས་བྱེད་ཆོག་ལ། ཁ་ཐོར་དྲོད་འདོན་དང་རོང་འབྲོག་དམངས་ཀྱིས་ཁྱིམ་སྤྱོད་བྱེད་ཆོག བྱེད་ཐབས་དེས་རྡོ་སོལ་དཀོན་པའི་ཐད་ནུས་ཁུངས་བེད་སྤྱོད་ཀྱི་ལམ་བུ་གསར་བ་གསར་འབྱེད་བྱས་པ་དང་། རོང་འབྲོག་དམངས་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་། གྲོང་གསེབ་དར་སྤེལ་གཏོང་བ། སྐྱེ་ལྡན་སྙིགས་རོའི་བཙོག་བཟོ་བཅོས་སྐྱོང་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན། དེ་དང་མཉམ་དུ། ཁེ་ལས་སུ་ལས་ཀ་གཉེར་ན་སྡེ་བའི་ནང་གི་སྡེ་དམངས་སྐོར་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས།
ད་ལོའི་ལོ་སྟོད་དུ། ཚའེ་ཧྥུའུ་པོ་ཁྱིམ་ཚང་ཕྱུགས་ར་མཚོ་ལྷོ་ཁུལ་ལས་སྐྲུན་སྐྱེད་སྲིང་དངོས་སྦྱོང་ར་བ་རུ་བཅའ་སྡོད་བྱས་པ་དང་། ར་བའི་ཁུལ་གྱིས་མཛུབ་སྟོན་རོགས་རམ་འོག ལྷ་མགོན་ཚེ་རིང་གི་བདག་གཉེར་དོ་དམ་འདུ་ཤེས་མཐོར་འདེགས་སོང་བ་དང་། ལས་སྒྲུབ་ལས་སྐྲུན་གྱི་ངར་སེམས་དང་རང་འགུལ་རང་བཞིན། རང་རྟོགས་རང་བཞིན་རྒྱུན་མ་ཆད་པར་ཇེ་ཆེར་བཏང་།
ལྷ་མགོན་ཚེ་རིང་གིས་ལྕི་ལུད་རྒྱུ་ནོར་རུ་བསྒྱུར་བར་མ་ཟད། ད་དུང་གུང་་ཧོ་རྫོང་གི་ཁྱད་དུ་འཕགས་པའི་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱད་དེ། ཡུལ་ཐོན་ཁྱད་ལྡན་ཐོན་རྫས་སྣ་མང་ཞིབ་སྤེལ་བྱས།
སྲིད་གཞུང་གི་རྒྱབ་སྐྱོར་འོག ལྷ་མགོན་ཚེ་རིང་གི་ཀུང་ཟིས་ཞིབ་སྤེལ་བྱས་པའི་བསིལ་སྐམ་སྐམ་ཤ་དང་འོ་ལེབ། རང་ཁོལ་རྒྱ་ཁོག་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་མཚོ་འགག་འགྲམ་གཉིས་ཀྱི་ཞ་མིན་རིག་གནས་ཐོན་ལས་འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་སྐབས་བདུན་པ་དང་། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མུའུ་སི་ལེན་ཟས་རིགས་འགྲེམ་སྟོན་གྲོས་ཚོགས། རྒྱུད་གཅིག་ལམ་གཅིག་ཟས་རིགས་འགྲེམ་སྟོན་གྲོས་ཚོགས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་གྲོས་ཚོགས་ཉོ་ཚོང་དངུལ་གཏོང་སྦྲེལ་མཐུན་ཚོགས་འདུ་སྐབས་དྲུག་པ་སོགས་རྒྱལ་ཁབ་ཕྱི་ནང་གི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་བྱ་འགུལ་ལ་ཞུགས་པ་དང་། མཚོ་ལྷོ་ཁུལ་མི་རིགས་ཁྱད་ལྡན་ཐོན་རྫས་སྟེགས་བུ་སྔར་ལས་ཆེན་པོ་དང་ཚོང་རར་ངོ་སྤྲོད་བྱས། དེའི་སྐབས་སུ། ཁེ་ལས་ཀྱིས་མཐའ་འཁོར་གྲོང་གསེབ་ཀྱི་ངལ་རྩོལ་པ་བཅུ་དགུ་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས་པ་དང་། མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་གཉིས་ལྷག་ལ་སླེབས་ཡོད།
རང་ཉིད་ཕྱུག་པོར་འགྱུར་བའི་ཞོར་དུ། ལྷ་མགོན་ཚེ་རིང་གིས་ཕ་ཡུལ་ལ་རོགས་ཁྲིད་བྱེད་པའི་སེམས་པ་ཁྱེར་ནས། སྤྱི་ཕན་ལས་དོན་ཁྲོད་ཞུགས་ཏེ། སྔ་གཞུག་ཏུ་སློབ་གསོ་རོགས་སྐྱོར་དང་ནད་ལྕི་མོའི་རོགས་སྐྱོར། ཁོར་ཡུག་སྲུང་སྐྱོབ། ལོ་ལོན་ལ་གཟིགས་སྐྱོང་བྱེད་པ། མི་རིགས་རིག་གནས་ངོ་སྤྲོད་སོགས་ཀྱི་བྱ་འགུལ་སྤེལ་ནས། དཀའ་ཁག་ཡོད་པའི་མང་ཚོགས་ལ་དངོས་སྒོར་ཁྲི་བཅུ་ལྷག་གིས་རོགས་སྐྱོར་བྱས།