ལྷག་བསམ་རྣམ་དག་གིས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱས།
2024.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ལས་བྱེད་མི་སྣས་རྩྭའི་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ། 

ཞོགས་པར། ནགས་རྩྭ་ལྟ་སྲུང་བ་མགོན་པོས་ཞོགས་པའི་མཚམས་སྤྲིན་གདོང་གིས་བསུས་ཤིང་། རྟ་ལ་ཞོན་ནས་རྟ་བོ་ཡུལ་ཚོ་རི་རྒྱུད་སྡེ་བའི་ཉེ་འགྲམ་གྱི་རི་ཁུག་ཏུ་བསྐྱོད། ནགས་རྩྭ་ལྟ་སྲུང་བ་ཞིག་ཡིན་པའི་ཆ་ནས། ཁོའི་ཉིན་རྒྱུན་གྱི་བྱ་བ་ནི་ཕ་ཡུལ་གྱི་ས་གཞི་འདིར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།

ཉེ་ཆར། དབྱར་དུས་ཆར་ཆུ་འབབ་ཚད་ཆེ་བས། རྨ་ཆེན་རྫོང་རྟ་བོ་ཡུལ་ཚོའི་རྐྱང་ཆེན་ལྟ་སྲུང་ས་ཚིགས་ཀྱི་ནགས་རྩྭ་ལྟ་སྲུང་བ་ཞིག་ཡིན་པའི་ཆ་ནས། མགོན་པོས་ལམ་བར་ནས་ཆུ་ལོག་སྔོན་འགོག་དང་རི་ཉུལ་བ་སོགས་ཀྱི་ཉེན་ཁར་དོ་སྣང་བྱས་ཏེ། ཁོས་མཐོང་བའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཁ་པར་གྱིappབརྒྱུད་ནས་ལྟ་སྲུང་ས་ཚིགས་ལ་བསྐུར་དགོས།

རྨ་ཆེན་རྫོང་དུ་མགོན་པོ་ལྟ་བུའི་ནགས་རྩྭ་ལྟ་སྲུང་བ་སྟོང་ཉིས་དང་དྲུག་བརྒྱ་ལྷག་ཡོད་པ་དང་། དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་། ཁོ་ཚོས་ཉེན་ཟོན་སྐོར་ཞིབ་དང་དྲ་རྒྱ་ཅན་གྱི་དོ་དམ་བྱེད་ཐབས་བརྒྱུད་དེ། ས་གནས་དེ་གའི་མང་ཚོགས་འཚོ་གནས་བྱེད་སའི་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

སྐོར་ཞིབ་བྱ་བ་ལས་གཞན། མགོན་པོས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་བྱ་བའི་འགན་ཁུར་ཡོད།  ཁོས་ནམ་རྒྱུན་གད་སྙིགས་རིགས་དབྱེ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། རྩྭ་སའི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རྒྱུ་ཆ་ཁྱེར་ནས་སྡེ་བ་རེ་རེ་དང་སྲང་ལམ་རེ་རེ་བརྒྱུད་དེ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དོན་སྙིང་དྲིལ་སྒྲོག་བྱས། ལོ་མང་པོའི་རིང་ལ་རྒྱུན་འཁྱོངས་བྱས་མཐར་ཕན་འབྲས་གང་ལེགས་བླངས་ཡོད་པ་དེ། མི་རྣམས་རྩྭ་ཐང་དུ་སོང་ནས་སྤྲོ་བསང་བྱ་འགུལ་སྤེལ་རྗེས། ཕྱིར་ལོག་ཁར་གད་སྙིགས་ཁྱེར་ནས་འགྲོ་བ་དང་། སྲོག་ཆགས་ལ་རྨས་སྐྱོན་ཕོག་ཡོད་པ་མཐོང་ཚེ་སྐྱོབ་རོགས་བྱེད་ངེས།

རྨ་ཆེན་རྫོང་ནགས་རྩྭ་ལྟ་སྲུང་ས་ཚིགས་ཀྱི་མགོ་གཙོ་ཀུན་བཟང་གིས་བཤད་རྒྱུར། སྲུང་སྐྱོབ་ས་ཚིགས་ལ་ཉིན་རེར་རྩྭ་སར་གད་སྙིགས་ཡོད་མེད་དང་རི་ཉུལ་བའི་གནས་ཚུལ་སོགས་ཀྱི་བརྡ་འཕྲིན་དུས་ཐོག་ཏུ་འབྱོར་བས་མང་ཚོགས་ཀྱི་སྡོད་གནས་བདེ་འཇགས་གནད་དོན་ཚང་མ་དུས་ལྟར་རྒྱུས་ལོན་བྱེད་ཐུབ་ཟེར། དེའི་ཕྱིར། རྨ་ཆེན་རྫོང་གིས་སྐྱེ་ཁམས་སླར་གསོ་དང་། ལྟ་སྲུང་སྐོར་ཞིབ། དྲིལ་སྒྲོག་ཐད་ཤུགས་བསྣན་ཏེ། ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།

2022ལོའི་སྔོན་ལ། དྭངས་ལག་ཡུལ་ཚོ་འགུ་ཡ་སྡེ་བར་གསེག་ཚད་ཏུའུ25ཡན་གྱི་ས་ནག་མི་ཉུང་བ་ཞིག་ཡོད་མོད། རྒྱལ་ཁབ་ཀྱི་ས་ནག་བཅོས་སྐྱོང་ལས་གཞི་ས་གནས་དེ་གར་དངོས་འབེབས་བྱས་ཤིང་། སྐྱེ་ཁམས་སླར་གསོ་བྱས་རྗེས། ད་ལྟ་རྩྭ་ས་སླར་གསོ་བྱས་པའི་གནས་ཚུལ་ལེགས་པོ་རེད། ཀུན་བཟང་ཡང་བསྐྱར་འགུ་ཡ་སྡེ་བར་བཅར་འདྲིར་ཡོང་དུས། ས་གནས་དེའི་འབྲོག་པ་ཞིག་གིས་ཁོའི་ལག་པ་དམ་པོར་འཇུས་ནས་དགའ་སྤྲོ་ཆེན་པོས་བཤད་རྒྱུར། སྐྱེ་ཁམས་སླར་གསོ་བྱས་རྗེས་རྩྭ་ས་ཇེ་བཟང་དུ་སོང་བ་དང་། ཁོ་ཚང་གི་བེའུ་ཚང་མ་སྲོག་ཉེན་ལས་ཐར་སོང་ཟེར། མ་གཞི། སྔོན་ཆད་དགུན་ཁ་སླེབས་མ་ཐག་ཏུ་རྩྭ་ས་མི་འདང་བས། འབྲོག་པ་རྣམས་ཀྱིས་ནམ་རྒྱུན་ཕྱུགས་ཟོག་རི་ཁུལ་དུ་དེད་ནས་འཚོ་བཞིན་ཡོད་མོད། རི་ཁུག་ཏུ་བཙས་པའི་བེའུ་རྣམས་ལ་གཅན་གཟན་གྱི་འཇིགས་པ་ཐེབས་སླ་བོ་ཡོད།  རྩྭ་ས་སླར་གསོ་བྱས་པ་དང་རྩྭ་ཕྱུགས་དོ་མཉམ་བྱུང་རྗེས། ནོར་ལུག་དེ་ཕྱུགས་ཟོག་གསོ་གནས་ལས་རྒྱང་དུ་འདེད་མི་དགོས་ཤིང་། བཟའ་བཅའ་འདང་ངེས་ཡོད་ལ་དུས་བསྟུན་གྱིས་སྲུང་སྐྱོབ་བྱས་པས། བདེ་འཇགས་ངང་དགུན་སྐྱེལ་ཐུབ་པ་དང་། འདི་ནི་ར་བསྐོར་ནས་འགོག་གསོ་བྱས་པའི་ལེགས་ཆ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལྟེ་བའི་ཁུལ་གྱི་རྩྭ་ས་སླར་གསོ་བྱེད་དཀའ་བས། རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་མཐུད་སྒོས་སྐྱེ་ཁམས་སླར་གསོ་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས། རྨ་ཆེན་རྫོང་ནང་ཁུལ་གྱི་ས་ནག་གྲམ་པ་མུའུ་ས་ཡ་གསུམ་ལྷག་དང་གསེག་ཚད་ཏུའུ་ཉེར་ལྔ་ཡན་གྱི་ས་ནག་མུའུ་དྲུག་ལྷག་རིམ་གྱིས་མེད་པར་བཏང་ཡོད། ཀུན་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་བར་ས་ནག་གྲམ་པ་རྒྱ་ཆེན་པོ་མཐོང་རྒྱུ་མེད་པར་གྱུར་ལ། ས་ནག་གྲམ་པ་ཆུང་གྲས་དག་མུ་མཐུད་དུ་བཅོས་སྐྱོང་བྱེད་ཀྱིན་ཡོད་ཟེར།

ཉེ་སྔོན་ནི་རྩྭ་ས་སླར་གསོ་བྱ་བའི་དུས་སྐབས་གལ་ཆེ་ཤོས་དེ་ཡིན་པས། ཀུན་བཟང་གིས་སེམས་ཤུགས་ཡོད་ཚད་རྩྭ་ས་སླར་གསོའི་ཐད་ལ་བཀོལ་བ་སྟེ། ཉིན་རེ་རེར་ར་བསྐོར་བ་དང་ལས་གཞི་བསྒྲུབ་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་སོགས་ཚར་རྒྱུ་མེད་པའི་ལས་ཀ་མང་པོ་ཡོད། སླར་གསོ་ས་ཚིགས་མང་ཆེ་ཤོས་དེ་བཅའ་སྡོད་ཁུལ་དང་ཐག་ཧ་ཅང་རིང་བས། ཆེས་ཐག་རིང་སའི་ས་ཚིགས་སུ་སོང་ནས་བྱ་བ་བསྒྲུབ་དགོས། དེར་བརྟེན། ཁོ་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་ལམ་ལ་ཆས་ཚེ་ཕྱི་ཉིན་སྐྱ་རེངས་ཤར་དུས་ད་གཟོད་ཕྱིར་བཅའ་སྡོད་ཁུལ་ལ་ལོག་ཐུབ། སྐོར་བཤེར་ལམ་བར་དུ་དཀའ་ཁག་ཇི་འདྲ་ཆེ་རུང་། ཁོ་ཚོས་རྩྭ་ས་སླར་གསོ་བྱེད་པའི་ཆོད་སེམས་ལ་ནམ་ཡང་འགྱུར་བ་མི་འདུག

ན་ནིང་དགུན་ཁར། ཀུན་བཟང་གི་ལས་གྲོགས་འགའ་ཨ་མྱེས་རྨ་ཆེན་ཉེ་འགྲམ་གྱི་ལས་གཞི་ལག་བསྟར་གནས་ཚུལ་ལ་བལྟ་རུ་སོང་བ་དང་། ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་ལམ་ལ་ཆས་ནས་ཕྱི་དྲོ་སླེབས་རུང་། ཁ་པར་ལ་ཉན་མཁན་གཅིག་ཀྱང་མ་བྱུང་བས། ཀུན་བཟང་གིས་ལས་གྲོགས་ཚོར་དོན་དག་བྱུང་བར་དོགས་ནས་རླངས་འཁོར་དང་མི་སྣ་མངགས་ཏེ་ཁོ་ཚོ་འཚོལ་དུ་སོང་། ཉིན་གཉིས་པའི་སྐྱ་རེངས་ཀྱི་ཆུ་ཚོད་གཉིས་པའི་སྟེང་། ཁོ་ཚོས་རྟ་བོ་ཞོལ་མའི་གངས་འདབས་ཀྱི་འཁོར་རྗེས་ལ་བརྟེན་ནས་ན་འདམ་དུ་ལུས་པའི་ལས་གྲོགས་ཚོ་བཙལ་ནས་རྙེད་བྱུང་།   མ་གཞི། དགུན་ཁར་གངས་འདབས་ཉེ་འཁོར་གྱི་སྤྱི་ལེ་འགའ་ལྷག་གི་སར་མི་གཅིག་ཀྱང་མེད་ལ། རླངས་འཁོར་གྲམ་པར་ལུས་པ་དང་། ཁ་པར་ལ་བརྡ་རྟགས་མེད་ཅིང་། ཉེ་འཁོར་དུ་རྒུད་སྐྱོབ་བྱེད་མཁན་གཅིག་ཀྱང་མེད་པས། གལ་ཏེ་དུས་ལྟར་འཚོལ་ཞིབ་མ་བྱས་ཚེ་བློ་ཡིད་ལས་འགོངས་བའི་མཇུག་འབྲས་ཚབས་ཆེན་འབྱུང་སྲིད། ཀུན་བཟང་གིས་ཁོ་ཚོས་ཉིན་རེ་རེར་གནམ་གཤིས་ལ་འགྲན་བསླངས་ནས་དུས་ཚོད་དམ་འཛིན་བྱེད་བཞིན་ཡོད་ཟེར།

ཀུན་བཟང་གིས་བལྟས་ན། རྩྭ་ཐང་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད་ལ། མང་ཚོགས་རྣམས་ཀྱིས་འཚོ་བའི་གད་སྙིགས་གང་སར་འདོར་བའི་སྣང་ཚུལ་མཐོང་རྒྱུ་མེད་པར་གྱུར་ཅིང་། རང་བྱུང་རྩྭ་སར་གད་སྙིགས་རིག་རྒྱུ་མེད་པ་དང་། རི་སྐྱེས་སྲོག་ཆགས་གང་སར་མཐོང་ཐུབ་པ་སྟེ། དཔེར་ན་འདབ་ཆགས་བྱའི་རིགས་དང་། རྐྱང་།  དྲེད་མོང་། དགོ་བ་སོགས་སྔར་ལས་ཇེ་མང་དུ་གྱུར་ལ། མཐོང་དཀའ་བའི་ཁྲུང་ཁྲུང་སྐེ་ནག་ལྟ་བུའང་དབྱར་དགུན་དུས་ཚིགས་གཉིས་སུ་རྩྭ་ཐང་དུ་འཕུར་ཡོང་ངེས།

སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དེ་ནགས་རྩྭ་ལྟ་སྲུང་བ་རྣམས་ཀྱིས་དཀའ་ཚེགས་མྱངས་པར་རག་ལས་ཤིང་། ཁོ་ཚོ་རི་ལུང་བརྒྱུད་ནས་ལ་ལུང་བསྐྱོད་ཅིང་། གོམ་པ་རེ་རེས་ལ་མོ་བརྒལ་ནས་རྩྭ་དང་རྩི་ཤིང་ལ་སྲུང་སྐྱོང་བྱས། ཁོ་ཚོར་ཀུན་གྱིས་དོ་སྣང་བྱེད་ཀྱིན་མེད་རུང་ལྷག་བསམ་རྣམ་དག་གིས་རང་ཉིད་འཚོ་གཞེས་བྱེད་སའི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱས་པ་དང་། འགན་འཁྲིའི་བསམ་པས་སྐྱེ་ཁམས་དཔལ་ཡོན་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཡོད།

ལྷ་མོ་འཚོས་བསྒྱུར།