དང་བླངས་པ་དབང་ཆེན་ཕ་བུ་གཉིས།
2024.08.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

རྒད་པོ་དབང་ཆེན་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་སྒོ་བྱང་གཙང་མར་ཕྱི་བཞིན་པའི་རྣམ་པ།

ང་ཚོའི་ཉེ་འཁོར་གྱི་ཆེས་སྤྱིར་བཏང་གི་མི་རེ་འགས་རང་གི་ལག་ཟུང་ལ་བརྟེན་ནས་དྲང་ནུས་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། ཁོ་ཚོས་གླེང་རིན་མེད་པའི་བྱ་བ་ཆུང་ཆུང་བསྒྲུབ་ནས་ང་ཚོའི་འཚོ་བར་དྲོད་འཁོལ་ཚད་མེད་སྦྱིན་ཡོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཧི་ཞིས་སྲང་ལམ་བྱང་རྒྱུད་སྡེ་ཁུལ་གྱི་སྨུག་པ་ལ་སྒང་གཞིས་ཀའི་རྒན་པོ་དབང་ཆེན་དང་ཁོའི་བུ་མིག་དམར་གཉིས་ནི་རང་ནུས་ལ་བརྟེན་ནས་གཞན་སེམས་ལ་དྲོད་འཁོལ་སྦྱིན་པའི་ཆེས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྐྱེས་བུ་གཉིས་ཡིན།

ལོ་ངོ་བདུན་གྱི་རིང་ལ་སྲང་ལམ་གྱི་སྤྱི་སྤྱོད་སྒྲིག་ཆས་ཕྱི་བརྡར་བཏང་།

གཟུགས་པོ་རིང་རྒྱུ་མེད་ལ་ཁོག་སྟོད་ཅུང་སྒུར་ཡོད་པའི་རྒད་པོ་ཞིག་ནམ་རྒྱུན་ན་གོར་མོ་གྲོང་ཁྱེར་ཡཱན་ཆོ་བྱང་ལམ་གྱི་རྐང་བགྲོད་ལམ་བརྒྱུད་ནས་འགྲོ་བཞིན་ཡོད་ཅིང་། ཁོས་ལག་པ་གཅིག་གིས་རས་ཁུག་ཅིག་བཟུང་ཡོད་ལ། ལག་པ་ཡ་གཅིག་གི་ནང་དུ་ལག་ཕྱིས་འགའ་བཟུང་སྟེ། གད་སྙིགས་སྒམ་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་སྒོ་བྱང་སོགས་ཕྱི་བཞིན་འདུག ཁོ་ནི་མཚོ་བོད་གཞུང་ལམ་ཡན་ལག་ཅུའུ་ནག་ཆུའི་གཞུང་ལམ་ས་མཚམས་ཀྱི་ལམ་ཞིག་གསོ་བྱེད་མཁན་གྱི་ལས་འཁྱུར་ལས་བཟོ་པ་སྟེ་ལོ་དོན་བདུན་ལ་བུད་པའི་ཏང་ཡོན་དང་བླངས་པ་དབང་ཆེན་རེད།

ན་གོར་མོ་གྲོང་ཁྱེར་ཧི་ཞིས་སྲང་ལམ་གྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཅིན་ཅིན་གྱིས་བཤད་རྒྱུར། ང་ཚོས་རྒད་པོ་ཞིག་གིས་སྲང་ལམ་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱི་བྱང་བུ་ཕྱི་བཞིན་པ་མཐོང་བྱུང་། སྤྱིར་རྒད་པོ་དེ་ནི་ཁོར་སྲུང་ལས་བཟོ་བ་ཞིག་རེད་འདོད་མོད། འོན་ཀྱང་ཁོས་ཁོར་སྲུང་ལས་བཟོ་བའི་གཅིག་གྱུར་ལྭ་བ་གྱོན་མི་འདུག རྗེས་ནས་ད་གཟོད་ཁོ་ནི་ཏང་ཡོན་རྒན་པ་ཞིག་ཡིན་པ་ཤེས་སོང་ཟེར། 2017ལོར། རྒད་པོ་དབང་ཆེན་ལས་འཁྱུར་ངལ་གསོ་བྱས་རྗེས། རང་གི་བུ་དང་བུ་མོའི་རྗེས་འབྲངས་ནས་ན་གོར་མོ་གྲོང་ཁྱེར་ནས་འཚོ་བ་རོལ་ཞིང་། ཁོམ་རྒྱུ་མེད་པའི་རྒད་པོ་ཁོར་མཚོན་ནས་བཤད་ན། ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་འཚོ་བ་དེ་བྲོ་བ་མེད་པ་ཞིག་ཏུ་གྱུར་ཡོད། ཞོགས་པར་འཆམ་འཆམ་ལ་འགྲོ་བའི་སྐབས་སུ། རྒད་པོ་ཁོང་གིས་ཡཱན་ཆོ་བྱང་ལམ་རྒྱུད་ཀྱི་ལྗང་སྒྱུར་ར་བར་གད་སྙིགས་གཡུགས་ཡོད་པ་མཐོང་ནས་རང་འགུལ་གྱིས་བཏུས་ཏེ་གད་སྙིགས་སྒམ་དུ་བླུགས་བ་དང་། ལོ་ངོ་བདུན་གྱི་རིང་ལ་གད་སྙིགས་འཐུ་བའི་རྒྱུན་བསྐྱངས་པ་རེད།

ཡུན་རིང་མ་འགོར་བར། རྒད་པོ་དབང་ཆེན་གྱིས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་སྒོ་བྱང་དང་གད་སྙིགས་སྒམ་གྱི་སྟེང་རྒྱུན་དུ་རྡུལ་ཆགས་ཡོད་པས་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་མི་ལེགས་པ་ཐེབས་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་ས་ཚིགས་སུ་སྤྱི་སྤྱོད་རླངས་འཁོར་ལ་སྒུག་པའི་མང་ཚོགས་ངལ་གསོ་བྱེད་པར་སྟབས་བདེ་པོ་མེད་པ་རྟོགས།

དེའི་རྗེས་ནས་བཟུང་། རྒད་པོ་དབང་ཆེན་ལ་བྱ་བ་གཅིག་ཇེ་མང་དུ་སོང་ཡོད་དེ། ནམ་རྒྱུན་གད་སྙིགས་འཐུ་བ་ལས་གཞན། ཁོང་ཉིན་རྒྱུན་ཕྱི་ལ་འགྲོ་སྐབས་ལག་ཕྱིས་གཙང་མ་འགའ་ཁྱེར་ནས་གད་སྙིགས་སྒམ་དང་། སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་སྒོ་བྱང་དང་འདུག་སྟེགས། ལུས་སྦྱོང་ཡོ་བྱད་སོགས་སྤྱི་བའི་རྨང་གཞིའི་སྒྲིག་ཆས་གཙང་མར་ཕྱི་རྒྱུ་དེ་རེད།

རྒད་པོ་ཁོང་ན་གོར་མོ་གྲོང་ཁྱེར་སྨུག་པ་ལ་སྒང་གཞིས་ཀར་བསྡད་ཡོད་ལ། ཁོའི་ནམ་རྒྱུན་གྱི་འགྲུལ་བཞུད་ལམ་ཐིག་ནི་སྨུག་པ་ལ་སྒང་གཞིས་ཀ་ནས་ནཱ་ཁྲུ་ཐའེ་གཞིས་ཀ་དང་། དེ་ནས་ཧི་ཞི་ཁུལ་གྱི་ཟ་ཁང་ཞིག་ནས་ཟ་མ་ཟོས་རྗེས་སྔར་ལམ་བརྒྱུད་ནས་ཕྱིར་ཡུལ་ལ་ལོག་རྒྱུ་དེ་རེད། ཉིན་རེ་ནས་ཉིན་རེ་དང་ལོ་རེ་ནས་ལོ་རེར་ཁོས་བྱ་བར་མཚམས་བཞག་མ་མྱོང་། ལམ་དེའི་མཚམས་ཀྱི་ཁོར་སྲུང་ལས་བཟོ་པས་བཤད་རྒྱུར། ཁོས་གཞན་པར་འབྲེལ་འདྲིས་མང་པོ་མི་བྱེད་མོད། འོན་ཀྱང་ནམ་རྒྱུན་ཁོང་གིས་ནན་ཏན་སྒོས་གད་སྙིགས་སྒམ་གཙང་མར་ཕྱི་བཞིན་པའི་རྣམ་པ་མཐོང་ཚེ་ཚང་མར་སེམས་འགུལ་ཐེབས་སུ་བཅུག་ཡོད།

ཁྱིམ་སྲོལ་ལེགས་པོས་འཚོ་བར་དྲོད་འཁོལ་སྦྱིན།

རྒད་པོ་དབང་ཆེན་ནི་ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ཁོའི་བྱ་བའི་སྤྱོད་སྟངས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཁྱིམ་གྱི་བུ་བུ་མོར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཀྲང་ཅིན་ཅིན་གྱིས་བཤད་རྒྱུར། མིག་དམར་ནི་ང་ཚོའི་སྲང་ལམ་གཞུང་དོན་ཁང་གིས་བདམས་པའི་ཧི་ཞིས་མི་བཟང་ཡིན་ལ། རྗེས་ནས་ད་གཟོད་བློ་མཐུན་མིག་དམར་ནི་རྒད་པོ་དབང་ཆེན་གྱི་བུ་ཡིན་པ་ཤེས། སྤྱིར་མིག་དམར་ནི་མཚོ་བོད་ལྕགས་ལམ་ཡན་ལག་ཅུའུ་སྨུག་པ་ལ་སྒང་གཞུང་ལམ་ཞིག་གསོ་ས་མཚམས་ཀྱི་ལས་བཟོ་པ་ཕལ་བ་ཞིག་ཡིན་ཞིང་། 2022ལོར། ལོ43ལ་བུད་པའི་མིག་དམར་གྱིས་ན་གོར་མོ་གྲོང་ཁྱེར་དུ་ངལ་གསོ་བྱེད་བཞིན་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དུས་སྐབས་སུ། ཁོ་རང་འགུལ་གྱིས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བླངས་པའི་རུ་ཁག་གི་གྲས་སུ་ཞུགས་ཤིང་། 2022ལོའི་ཟླ8པར། མིག་དམར་ཁོ་རང་སྡེ་ཁུལ་ནང་གི་དང་བླངས་པ་ཞིག་ཏུ་གྱུར།

སྐབས་དེར་ང་ཚོའི་སྲང་ལམ་བྱང་རྒྱུད་སྡེ་ཁུལ་གྱི་ཀྲུའུ་རིན་གྱིས་ང་ལ་ཁ་པར་བཏང་ནས་དང་བླངས་པ་ཞིག་ལ་གློ་བུར་དུ་སྙིང་ནད་ཕོག་སོང་ཟེར། མིག་དམར་སྨན་ཁང་དུ་སྐྱེལ་སྐབས། ང་ཚོས་ད་གཟོད་ཁོ་ནི་རྒད་པོ་དབང་ཆེན་གྱི་བུ་ཡིན་པ་ཤེས་བྱུང་། སྟབས་ལེགས་པ་ཞིག་ལ་ཁོ་རང་མྱུར་སྐྱོབ་བྱས་ནས་ཉེན་ཁ་ལས་ཐར་སོང་། མིག་དམར་གྱི་ལུས་པོ་དྲག་སྐྱེད་བྱུང་རྗེས། སྡེ་ཁུལ་གྱི་ལས་བྱེད་མི་སྣས་ཁོར་སྙིང་ནད་ཡོད་པ་ཅིའི་ཕྱིར་ང་ཚོར་མ་བཤད་པ་ཡིན། འདི་ལྟར་བྱས་ན་ཧ་ཅང་ཉེན་ཁ་ཆེ་བ་རེད་ཟེར་དུས། མིག་དམར་གྱིས་གལ་ཏེ་ངས་ཁྱེད་ཚོར་སྙིང་ནད་ཡོད་པ་བཤད་ཚེ། ཁྱེད་ཚོས་ང་སྡེ་ཁུལ་གྱི་དང་བླངས་པ་བྱེད་དུ་འཇུག་རྒྱུ་མ་རེད་བསམ་པ་ཡིན་ཞེས་བཤད་དུས་དེར་ཡོད་ཚང་མར་སེམས་འགུལ་ཐེབས།

དུས་དེ་ནས་བཟུང་། སྡེ་ཁུལ་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་དེ་མིག་དམར་གྱི་སྲུང་བྱའི་གདམས་ངག་ཏུ་གྱུར། ཁོས་རྒྱུན་དུ་སྡེ་ཁུལ་གཅིག་ཏུ་གཞིས་ཆགས་ཡོད་པ་ཚང་མ་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ལ། ཚང་མས་ཕན་ཚུན་རོགས་རམ་དང་འཆམ་མཐུན་མཉམ་གནས་བྱས་ཚེ། ད་གཟོད་འཚོ་བའི་ཁྲོད་དུ་བརྩེ་བས་ཁེངས་སྲིད་ཅེས་བཤད་ཀྱིན་ཡོད།

ལྷ་མོ་འཚོས་བསྒྱུར།