ཟླ་བ་རྒྱལ་མཚན་གྱིས་ཡུལ་སྐོར་བར་ནོར་ཤའི་ཤ་སྐམ་འོས་སྦྱོར་བྱེད་ཀྱིན་པའི་རྣམ་པ།
ཉེ་སྔོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རོང་བོ་ལྷ་དཀར་ཁྱད་ལྡན་ཕྱུགས་ཐོན་དངོས་རྫས་ཆེད་འཚོང་ཚད་ཡོད་ཀུང་ཟིའི་ནོར་ཤའི་ཤ་སྐམ་ཐོན་སྐྱེད་ལས་སྣོན་བཟོ་གྲྭའི་ནང་དུ་སོང་ནས་བལྟས་ཚེ། དེར་ཡོད་པའི་ནོར་ཤའི་ཤ་སྐམ་དག་མདོག་ལེགས་ཤིང་བཅུད་ལྡན་པ་ཞིག་ཏུ་སྣང་།
ལས་སྣོན་བཟོ་གྲྭའི་ནང་དུ་བྲེལ་མྱུར་ཆེ་ལ་གོ་རིམ་ལྡན་པའི་སྣང་ཚུལ་འདི་འདྲ་ཞིག་ཡོད་དེ། ལས་བཟོ་པ་རྣམས་ཀྱིས་ལས་ལྭ་གྱོན་ཞིང་། ལ་ལས་བྱང་ཆ་ལྡན་པའི་སྒོ་ནས་སྐམས་ཤ་གསར་བ་ཆེ་ཆུང་མེད་པར་གཏུབས་ཀྱིན་ཡོད་ལ། ལ་ལས་བྲོ་རྫས་འདེབས་སྦྱོར་བྱས་ནས་བྲོ་བ་ཞིམ་པོ་ཞིག་ཁྱབ་འདུག
ཕྱིར་ཕ་ཡུལ་དུ་ལོག་ནས་ཀུང་ཟི་བཙུགས་པའི་བརྒྱུད་རིམ་གླེང་སྐབས། ཀུང་ཟིའི་འགན་ཁུར་མི་སྣ་ཟླ་བ་རྒྱལ་མཚན་གྱིས་ཕ་ཡུལ་ནི་ནམ་ཡིན་རུང་ཆེས་དྲོད་འཁོལ་ལྡན་ས་དང་ཁ་འབྲལ་མི་ཐུབ་པའི་གནས་དེ་རེད་ཟེར།
ཟླ་བ་རྒྱལ་མཚན་ནི་འབྲོག་ཁུལ་ནས་འཚར་ལོངས་བྱུང་བས། ཆུང་དུས་ནས་བཟུང་ཕ་ཡུལ་གྱི་ཟས་མཆོག་ལ་དགའ་བར་མ་ཟད། ལྷག་པར་དུ་ནོར་ཤའི་ཤ་སྐམ་གྱི་དམིགས་བསལ་བྲོ་བར་དུངས་བ་ཆེན་པོ་ཡོད།
ཁོང་གི་ཕ་ཡུལ་རྩེ་ཁོག་རྫོང་གི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ། ཆུ་རྩྭ་ཧ་ཅང་མོད་པས། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོས་ནོར་ལུག་རྒྱུད་སྤེལ་ལ་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད། རང་བྱུང་ཁོར་ཡུག་ལེགས་པས་གནས་འདི་ནས་ཐོན་སྐྱེད་བྱས་པའི་སྐམས་ཤ་ཞིམ་པར་མ་ཟད་བཅུད་ལྡན་པས། ནོར་ཤའི་ཤ་སྐམ་བཟོ་བའི་རྒྱུ་ཆ་མཆོག་ཏུ་གྱུར་བ་ཞིག་རེད། ཡིན་ཡང་། ས་ཁམས་གནས་ཡུལ་ཅུང་ཐག་རིང་ལ་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་སྟབས། སྤུས་ཀ་ལེགས་པའི་སྐམས་ཤའི་ཐོན་ཁུངས་དེ་གསར་འབྱེད་དང་བེད་སྤྱོད་ལེགས་པོ་བྱེད་ཐུབ་ཀྱིན་མེད། 2016ལོར། ཟླ་བ་རྒྱལ་མཚན་གྱིས་ཕྱིར་ཕ་ཡུལ་དུ་ལོག་ནས་ཀུང་ཟི་འཛུགས་རྒྱུའི་ཐག་བཅད་པ་དང་། རང་གིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕ་ཡུལ་གྱི་ནོར་ཤའི་ཤ་སྐམ་དེ་ཁྲོམ་རར་ཁྱབ་གདལ་གཏོང་རྒྱུའི་སེམས་ཐག་བཅད།
ལས་གཏོད་བགྲོད་ལམ་ནི་ཀྱག་ཀྱོག་ལྡན་པ་ཞིག་ཡིན་ཏེ། མ་རྩ་གསོག་འཇོག་བྱེད་པའི་ཆེད་དུ། ཟླ་བ་རྒྱལ་མཚན་ལ་ལུང་མང་པོར་སོང་བ་དང་། གཉེན་ཉེ་གྲོགས་པོར་ཚོའི་ལག་ནས་སྒོར་མོ་བསྐྱིས་ཤིང་། ལས་གཏོད་རོགས་སྐྱོར་དངུལ་བུན་རེ་ཞུ་བརྒྱབ་པས། ད་གཟོད་མ་རྩ་འདང་ངེས་ཤིག་གསོག་ནས་ལས་གཏོད་ཀྱི་གོམ་པ་དང་པོ་སྤོས་པ་རེད།
དེར་མཐུད་ནས་ལག་རྩལ་ཐད་དཀའ་གནད་བྱུང་བ་སྟེ། ནོར་ཤའི་ཤ་སྐམ་བཟོ་རྩལ་དེ་སྲོལ་རྒྱུན་གྱི་ཐབས་ལམ་ཞིག་ཡིན་མོད། འོན་ཀྱང་ཀུན་གྱིས་དགའ་བསུ་ཐོབ་པའི་ཐོན་རྫས་སྤུས་ལེགས་ཤིག་བཟོ་བ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། ཟླ་བ་རྒྱལ་མཚན་གྱིས་ཕུལ་བྱུང་ལག་རྩལ་ཁོང་དུ་ཆུད་ན། ད་གཟོད་ཁྲོམ་རའི་འགྲན་རྩོད་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་ཐུབ་པ་གསལ་བོར་རྟོགས་ཡོད། དེར་བརྟེན། ཁོས་ནོར་ཤའི་ཤ་སྐམ་གྱི་སྲོལ་རྒྱུན་བཟོ་རྩལ་ལ་ཞིབ་འཇུག་བྱས་ཤིང་། བྱེད་ཐབས་དང་ཐབས་ཤེས་འདྲ་མིན་སྣ་ཚོགས་འཚོལ་ཞིབ་དང་ཚོད་ལྟ་བྱས།
ཟླ་བ་རྒྱལ་མཚན་གྱིས་ཕ་ཡུལ་གྱི་སྐམས་ཤ་ལེགས་ཤོས་བདམས་ནས་ནོར་ཤའི་ཤ་སྐམ་བཟོ་བའི་རྒྱུ་ཆ་བྱས། སྐམས་ཤ་བཀྲུས་ནས་དུག་སེལ་བྱས་རྗེས། ཆེ་ཆུང་མེད་པར་གཏུབས་པ་དང་། རང་རང་གི་དགའ་ཕྱོགས་ལྟར་ཚྭ་དང་གཡེར་མ་སོགས་བྲོ་རྫས་བཏབ་ནས་བསྙལ་ཞིང་། སྐམས་ཤའི་བྲོ་བ་ཇེ་ཞིམ་དུ་གཏོང་ཆེད། དེ་བསྙལ་བའི་དུས་ཚོད་བཅུ་གཉིས་ཡན་ཡིན་དགོས། བསྙལ་བའི་བརྒྱུད་རིམ་ཁྲོད། དུས་ལྟར་སྐམས་ཤ་ཡར་སློག་མར་སློག་བྱས་ནས། སྐམས་ཤ་དུམ་བུ་རེ་རེར་བྲོ་བ་ཞིམ་པོ་ཡོང་བར་ཁག་ཐེག་བྱེད་དགོས།
སྐམས་ཤ་བསྙལ་ཚར་རྗེས། སྐམས་ཤའི་ཤ་སྐམ་གྱི་ལས་རིམ་དུ་སླེབས་པ་དང་། འདིའང་ཆེས་འགག་རྩའི་ལས་རིམ་ཞིག་རེད། ཟླ་བ་རྒྱལ་མཚན་གྱིས་རང་བྱུང་བསིལ་སྐམ་དང་འཕྲུལ་ཆས་ཀྱིས་སྐམ་པ་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད།
རྩེ་ཁོག་རྫོང་གི་སྤུས་ལེགས་འབྲི་གཡག
རྩེ་ཁོག་རྫོང་གི་མཁའ་དབུགས་དྭངས་ཤིང་གཙང་ལ། ནམ་ཟླ་འོས་འཚམ་ཡིན་པས། རང་བྱུང་བསིལ་སྐམ་བརྒྱད་རིམ་ཁྲོད། སྐམས་ཤའི་དུམ་བུ་རེ་རེ་སྲ་མོར་ཆགས་ཤིང་བྲོ་བ་ལྡན་པ་ཞིག་ཏུ་གྱུར་ཡོད། འཕྲུལ་ཆས་ཀྱིས་སྐམ་པ་ནི་དེང་རབས་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་དྲོད་ཚད་དང་བརླན་ཚད་ཚོད་འཛིན་ནན་མོ་བྱས་པ་དེ་རེད། སྲོ་སྐམ་འཕྲུལ་ཆས་ནང་གི་སྐམས་ཤ་དུམ་བུ་རེ་རེའི་ཆུའི་འདུས་ཚད་ཇེ་ཉུང་དུ་གྱུར་ཞིང་། དེ་དང་མཉམ་དུ། ཚད་ཆེས་ཆེ་བའི་སྒོ་ནས་སྐམས་ཤའི་འཚོ་བཅུད་དང་བྲོ་བ་སྲུང་འཛིན་བྱས་ཡོད། འཕྲུལ་ཆས་ཀྱིས་སྐམ་པ་དེས་ཐོན་སྐྱེད་ལས་ཕྱོད་སྔར་ལས་མཐོར་འདེགས་བཏང་ཞིང་། ཐོན་རྫས་ཀྱི་བརྟན་བརླིང་རང་བཞིན་དང་གཅིག་གྱུར་རང་བཞིན་ལ་ཁག་ཐེག་བྱས་ཡོད། བསིལ་སྐམ་བྱེད་ཐབས་གཉིས་ཀ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། སྲོལ་རྒྱུན་བཟོ་རྩལ་གྱི་ཉིང་བཅུད་སོར་འཇོག་བྱས་པར་མ་ཟད་དེང་རབས་ཚན་རྩལ་གྱི་དགེ་མཚན་ཡང་འདོན་སྤེལ་བྱས་ཡོད།
བསིལ་སྐམ་བྱས་པ་བརྒྱུད། སྐབས་དེའི་ནོར་ཤའི་ཤ་སྐམ་ལ་བྲོ་བ་ཞིམ་པོ་ལྡན། ཟླ་བ་རྒྱལ་མཚན་གྱི་གདོང་ལ་ང་རྒྱལ་གྱིས་ཁེངས་བཞིན་ངས་ནོར་ཤའི་ཤ་སྐམ་གྱི་ཐུམ་སྒྲིལ་ཇུས་འགོད་བྱས་ནས། ཕ་ཡུལ་གྱི་མཛེས་ལྗོངས་དང་རིག་གནས་ཀྱི་གཞི་རྒྱུ་ནང་འཇུག་བྱས་པར་མ་ཟད། ཐོན་རྫས་ཐོན་སྐྱེད་བྱེད་དུས་དང་སྤུས་སྲུང་དུས་ཡུན། བྲོ་རྫས་སྡེབ་སྦྱོར་རེའུ་མིག་དང་ཟས་རིགས་བེད་སྤྱོད་བྱེད་ཐབས་སོགས་ཀྱི་ཆ་འཕྲིན་གསལ་བོར་བཀོད་དེ། འཛད་སྤྱོད་པས་ཉོ་བ་དང་བེད་སྤྱོད་བྱེད་པར་སྟབས་བདེ་བཟོས།
སྤུས་ཀ་ལེགས་ཤིང་ཁྱད་ཆོས་ལྡན་པའི་བཟོ་རྩལ་ལ་བརྟེན། ཟླ་བ་རྒྱལ་མཚན་གྱིས་ཐོན་སྐྱེད་བྱས་པའི་ནོར་ཤའི་ཤ་སྐམ་ལ་ས་གནས་དེ་གར་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད། དེ་བཞིན་ཉོ་ཚོང་ཐབས་ལམ་རྒྱ་བསྐྱེད་ཆེད། ཁོ་རང་ཧུར་ཐག་གིས་འོས་སྦྱོར་བྱ་འགུལ་སྣ་ཚོགས་ལ་ཞུགས་ཀྱིན་ཡོད།
ལས་གཏོད་བགྲོད་ལམ་སྟེང་། ཟླ་བ་རྒྱལ་མཚན་གྱིས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་བརྗེད་ཀྱིན་མེད་དེ། ཁོས་གསོ་སྤེལ་ཁྱིམ་ཚང་ལ་ལག་རྩལ་ཐད་ཀྱི་མཛུབ་སྟོན་དང་གསབ་ཁྲིད་བྱས་ནས། ཁོ་ཚོར་རོགས་བྱས་ཏེ་གསོ་སྤེལ་ཆུ་ཚད་ཇེ་མཐོ་དང་སྐམས་ཤའི་སྤུས་ཀ་ཇེ་ལེགས་སུ་བཏང་བར་མ་ཟད། གསོ་སྤེལ་ཁྱིམ་ཚང་བར་དུ་འབྲི་གཡག་ཉོ་ཚོང་གི་གན་རྒྱ་བཞག་ནས། ཉོ་ཚོང་གི་དཀའ་གནད་ཐག་གཅོད་བྱས་ཤིང་། ཁོ་ཚོའི་ཡོང་འབབ་འཕར་བར་རོགས་རམ་བྱས།
ནོར་ཤའི་ཤ་སྐམ་གྱི་དྲི་ཞིམ་གང་སར་ཁྱབ་ཅིང་། ཕ་ཡུལ་ལ་བཅངས་པའི་བརྩེ་བ་བརྗེད་ཐབས་མེད། ཟླ་བ་རྒྱལ་མཚན་གྱིས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ན་གཞོན་རྣམས་ཀྱི་ཁག་ཁུར་དང་འགན་འཁྲི་མངོན་པར་བྱས་ཤིང་། ཕ་ཡུལ་གྱི་འཕེལ་རྒྱས་ཐད་གསོན་ཤུགས་དང་རེ་བ་གསར་བ་སྦྱིན་ཡོད། ཟླ་བ་རྒྱལ་མཚན་གྱིས་ན་གཞོན་རྣམས་ཀྱིས་ཕ་ཡུལ་གྱི་འཕེལ་རྒྱས་སྐོར་ལ་དོ་ཁུར་བྱེད་པ་དང་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་འཇོག་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།