“དུས་ཚོད་བརྒྱད་ཀྱི་སྟེང་ཐོག་ཁང་གི་མདུན་དུ་འཛོམས་དགོས། དེ་རིང་འགྲོ་དགོས་པའི་ས་ཆ་ཐག་རིང་ཞིང་སྤྱི་ལེ200ལྷག་ཡོད་པས། ང་ཚོ་སྔ་མོ་ནས་ལམ་ལ་ཆས་དགོས། མང་ཚོགས་ལ་སྒུག་ཏུ་འཇུག་མི་རུང་།”སྔ་དྲོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ལིའུ་ཡན་ཐིང་གིས་སྐད་འཕྲིན་ཚོགས་པའི་ནང་དུ་ཚང་མར་སྐུལ་མ་བྱེད་ཀྱིན་འདུག
“གོ་སོང་།”“གོ་སོང་།”ཞེས་གཅིག་རྗེས་གཉིས་མཐུད་དུ་ལན་སློག་རྗེས། ཚང་མ་ལམ་ལ་ཆས་མགོ་བརྩམས་པ་དང་། དུས་ཚོད་བདུན་དང་སྐར་མ་ལྔ་ཅུའི་སྟེང་། ཚང་མས་སྒྲིག་ཆས་འཁྱེར་ནས་མཉམ་གཅིག་ཏུ་འཛོམས།
ཟླ8པའི་ཚེས25ཉིན། ལིའུ་ཡན་ཐིང་དང་ལས་གྲོགས་ཚོ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དུ་སོང་ནས། ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་སྐོར་སྐྱོད་ནད་བརྟག་བྱས་ཏེ། རྨང་གཞི་ནད་རིགས་ཚགས་བཤེར་བྱས། སྡོམ་མདའ་གྲོང་རྡལ་གྱི་མཚོ་ངོས་མཐོ་ཚད་ཆ་སྙོམས་ཀྱིས་སྨི4500ཡིན་པས། ཁོ་ཚོར་མཚོན་ནའང་དཀའ་ཁག་ཆེ།
ལིའུ་ཡན་ཐིང་གིས་བཤད་རྒྱུར། “སྡོམ་མདའ་གྲོང་རྡལ་ལ་ང་རང་ཐེངས་དང་པོར་སོང་བ་མིན་པས་རྫ་དུག་ཡོད་པ་ཤེས་མོད། ས་གནས་དེའི་ཆ་རྐྱེན་ཞན་པ་དང་། འབྲོག་པ་ཚོའང་ཐར་ཐོར་དུ་བསྡད་ཡོད་པས། གལ་སྲིད་ང་ཚོ་སྒོ་ཁྱིམ་དུ་ཞབས་ཞུ་སྒྲུབ་ཏུ་མ་སོང་ཚེ། ཁོ་ཚོའི་མི་ཉུང་བ་ཞིག་སྨན་ཁང་དུ་ནད་བརྟག་བྱེད་པར་ཡོང་དཀའ་ལ། ནད་ཀྱང་ཇེ་ལྗིད་དུ་འགྲོ་བར་མ་ཟད། ད་དུང་སྨན་བཅོས་བྱེད་པའི་དུས་ཚོད་བཟང་པོ་ཤོར་ཉེན་ཡང་ཆེ”ཟེར།
འདི་ལྟ་བུའི་འགན་བབས་ནད་བརྟག་བྱ་འགུལ་ནི་ལིའུ་ཡན་ཐིང་གིས་ཟླ་རེར་རྩ་འཛུགས་བྱེད་ཀྱིན་ཡོད། དུས་ཚོད་ཡོད་ཚེ། གཟའ་མཇུག་ཡིན་ཡང་གཡུ་སྐེ་གྲོང་རྡལ་དང་རྫ་སྟོད་གྲོང་རྡལ་སོགས་ཐག་རིང་བའི་འབྲོག་ཁུལ་དུ་སྨན་བཅོས་དང་སྨན་རྫས་སྐྱེལ་བཞིན་ཡོད། རྩྭ་ཐང་དུ་ཟ་མ་ཟ་བ་དང་ཞང་སྲིད་གཞུང་དུ་གནས་ཚང་གཡོར་བ། ལམ་གྱི་གངས་དང་འཁྱགས་རོམ་གཙང་ཕྱག་བྱེད་པ་བཅས་ནི་རྒྱུན་ལྡན་དུ་གྱུར་ཡོད།
ལིའུ་ཡན་ཐིང་གིས་བཤད་རྒྱུར། “འབྲོག་པའི་ཁྱིམ་དུ་འགན་བབས་ནད་བརྟག་ཞབས་ཞུ་མཁོ་སྤྲོད་དང་། གནས་ཁེལ་རོགས་སྐྱོར་ཡུན་ཕན་ནང་རྐྱེན་བཙུགས་པ་དེས། རོང་འབྲོག་པའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས‘སྨན་བཅོས’བྱེད་ཐུབ་པ་བྱུང་”ཟེར།
ཡུས་ཧྲུའུ་གྲོང་ཁྱེར་ཧ་ཤུལ་ཞང་གངས་རི་སྡེ་བའི་སྡེ་མི་ཚེ་རིང་རྡོ་རྗེ་ཡིས“ཡོན་ཀྲང་ལིའུ་རྒྱུན་དུ་ང་ཚོར་རོགས་རམ་བྱེད་དུ་ཡོང་བ་དང་། ངང་རྒྱུད་རིང་པོའི་ངང་ནད་རྟགས་འདྲི་བརྩད་བྱེད་པར་མ་ཟད། ང་ཚོའི་དོགས་གཞི་སེལ་ཀྱིན་ཡོད། ཁོ་ཚོར་དངོས་གནས་བཀའ་དྲིན་ཆེ”ཟེར།
ལིའུ་ཡན་ཐིང་ལ་ད་དུང་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡོད། དེ་ནི་པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་ལྔ་བའི་སྨན་བཅོས་རུ་འདྲེན་པ་དང་ཐུན་རིན་སྨན་ཁང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་རུ་གཙོ་རེད།
ལིའུ་ཡན་ཐིང་གིས་བཤད་རྒྱུར། “2022ལོའི་ཟླ7པར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་གཏད་རོགས་སྐྱོར་གྱི་འབོད་སྐུལ་དང་ལེན་བྱས་ཏེ། ང་རང་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་དུ་ཡོང་ནས་ཡོན་ཀྲང་གི་འགན་ཁུར། དེ་ནི་རྩ་འཛུགས་ཀྱིས་ང་ལ་ཡིད་ཆེས་བྱས་པ་རེད། གནས་འདིར་ཐོན་ཚེ་ངེས་པར་དུ་ས་གནས་ཀྱི་མང་ཚོགས་ལ་བྱ་བ་བསྒྲུབ་དགོས”ཟེར།
ཡུས་ཧྲུའུ་ལ་ཐོག་དང་པོར་སླེབས་ཚེ། ལིའུ་ཡན་ཐིང་གིས་རྫ་དུག་གི་དཀའ་ངལ་བསལ་ཏེ། མགྱོགས་མྱུར་གྱིས་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་ལས་འགན་ལྕི་མོ་འཁུར་བ་རེད། ལིའུ་ཡན་ཐིང་ནི་པེ་ཅིན་ཐུན་རིན་སྨན་ཁང་གི་ཏང་ཨུའི་ཨུ་ཡོན་དང་སྒྲིག་ཆས་ཆ་འཕྲིན་པུའུ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པ་དང་། ཡུས་ཧྲུའུ་ལ་སླེབས་རྗེས། ཁོ་རང་བྱ་བ་སྒྲུབ་པར་མ་བྲེལ་བར། དུས་ཚོད་མང་པོ་ཞིག་བཀོལ་ནས“ཁྱིམ་གྱི་གནས་ཚུལ”ལ་རྒྱུས་ལོན་བྱས།
ལིའུ་ཡན་ཐིང་གིས་དུས་ཚོད་ངེས་ཅན་ཞིག་ལ་བརྟག་ཞིབ་བྱས་པ་བརྒྱུད། ས་གནས་ཀྱི་རོང་འབྲོག་མང་ཚོགས“ནད་སྟོན་དཀའ་བ”དང“སྨན་པ་ཉུང་བ”སོགས་ཀྱི་དཀའ་གནད་ལ་འཕྲད་འདུག་པ་རྟོགས། ལིའུ་ཡན་ཐིང་གིས་བཤད་རྒྱུར།“‘ནད་གཞི’ཡང་དག་པར་རྙེད་ཚེ་ད་གཟོད་གནད་དུ་ཁེལ་བའི་སྒོ་ནས‘སྨན་ཐོ་བྲིས་ཤིང་སྨན་བྱིན་ཆོག’”ཟེར།
དེ་ནས་ལིའུ་ཡན་ཐིང་གིས་མང་ཚོགས་ཀྱི་སྨན་བཅོས་བྱེད་པའི་གནད་འགག་ལ་དམིགས་པ་དང་། ནད་པས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་ཆེད། ཁོས་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས“རིན་མེད་ཐོ་འགོད”ལག་བསྟར་བྱེད་པར་སྐུལ་འདེད་དང་། མང་ཚོགས་ཀྱི་སྨན་བཅོས་བྱེད་པའི་གོ་རིམ་སྟབས་བདེ་དང་སྨན་བཅོས་དུས་ཚོད་ཉུང་འཕྲི་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་ལ་སྟབས་བདེ་བསྐྲུན། དུས་མཚུངས་སུ། པེ་ཅིན་གྱི་ཐོན་ཁུངས་ཧུར་ཐག་གིས་མཐུན་སྦྱོར་བྱས་དང་། ལྷན་སྐྱེས་སྙིང་ནད་བྱུང་བའི་བྱིས་པར་རིན་མེད་ཞིབ་བཤེར་མཁོ་སྤྲོད་བྱས་ཏེ། གཤགས་བཅོས་བྱེད་པར་འཚམ་པའི་བྱིས་པ་དུག་ཐོག་ཏུ་པེ་ཅིན་ལ་བསྐྱལ་ནས་སྨན་བཅོས་བྱེད་པར་ཁེག་ཐེག་བྱས།
གཞན་ད་དུང་ལིའུ་ཡན་ཐིང་གིས་ས་གནས་སྨན་ཁང་གི་རིག་ཚན་འཛུགས་སྐྲུན་འཐུས ་ཚང་དང་འཇོན་མི་གསོ་སྐྱོང་སྟོབས་ལྡན། དེ་མིན་ཁྱབ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཇེ་དྲག་གཏོང་བ་སོགས་ཕྱོགས་ལ་དམིགས་པ་དང་། ཁོས“སྨན་ཁང་གིས་ཚན་ཁག་འགན་ལེན་བྱེད་པའི”མ་དཔེ་ལ་བརྟེན་ནས་རིག་ཚན་འཛུགས་སྐྲུན་དང་འཇོན་མི་གསོ་སྐྱོང་གཅིག་འདོམས་མཐུན་སྦྱོར་བྱེད་པ། ཕོ་བཤེར་ལྟེ་གནས་དང་ཁོང་ནད་ཚན་ཁག་གསུམ་གསར་དུ་བཙུགས་པ། ཁོང་ནད་ཚན་ཁག་ལྟེ་གནས་དང་ཕྱི་ནད་ཚན་ཁག་ལྟེ་གནས་སྒྲིག་འཛུགས་བྱས་ནས་རིག་ཚན་འཕེལ་རྒྱས་གཏོང་བར་གཅིག་འདོམས་བྱེད་པ། མོ་ནད་ཚན་ཁག་དང་བཙའ་སྐྱེ་ཚན་ཁག་རིམ་པ་གཉིས་པའི་རིག་ཚན་དུ་བསྒྱུར་པ། ཁུལ་ནང་ཁུལ་དུ་ཆེད་མཁས་སྒོ་བསྟེན་དང་མཐོ་སྒང་སྒོ་བསྟེན་ཐོག་མར་བཙུགས་ཏེ། ལག་རྩལ་གསར་པ་དང་ལས་གཞི་གསར་པ་ཧུར་ཐག་གིས་མགོ་བརྩམས།
ད་ལྟ། ལིའུ་ཡན་ཐིང་གིས་སྣེ་ཁྲིད་འོག སྨན་ཁང་གིས་ཁུལ་རིམ་པའི་ལག་རྩལ་གསར་པ་དང་ལས་གཞི་གསར་པ42ཁ་གསབ་བྱས་པ་དང་། ལས་བཟོ་བ20དང་རོགས་སྐྱོར་ཆེད་མཁས་པའི་བར་ལ་དགེ་སློབ་ཀྱི་གྲོས་གཞི་བཞག་ཅིང་། འཇོན་མི་དཔུང་སྡེ་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་བྱས་ཏེ། ཕྱོགས་བསྡུས་ཞབས་ཞུ་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། 2023ལོར། སྨན་བཅོས་ཡོང་སྒོ་དུས་མཉམ་དང་བསྡུར་ན74%འཕར་ཞིང་སྒོར་དུང་ཕྱུར1.28ལ་སླེབས་ཏེ། སྒོར་དུང་ཕྱུར1གི་ལོ་རྒྱུས་ཀྱི་འགག་ཆེན་དེ་ལས་བརྒལ། སྒོ་བསྟེན་ཁང་གི་ནད་པ་མི་ཐེངས69%འཕར་བ་དང་། སྨན་ཁང་ནས་བུད་པའི་ནད་པ་མི་ཐེངས67.5%འཕར་ལ། ནད་ཁྲི་བེད་སྤྱོད་ཚད་རྒྱུན་མཐུད་སྒོས85%ཡན་སྲུང་འཛིན་བྱས་པར་མ་ཟད། གཤགས་བཅོས་ནད་པ་མི་ཐེངས167%ལ་སླེབས་པ་དང་། རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་ཀྱིས56%ཟིན།
ད་ལྟ། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་རྒྱུན་ཆད་མེད་པར་མང་ཚོགས་ཀྱི་ཉིན་རྒྱུན་འཕར་བའི་སྨན་བཅོས་ཞབས་ཞུའི་དགོས་མཁོའི་རྗེས་བསྙེགས་ཏེ། མང་ཚོགས་ཀྱི་སྨན་བཅོས་ཉམས་ལེན་དང་སྨན་བཅོས་ཐོན་ཁུངས་མངོན་གསལ་གྱི་ཇེ་མཐོར་སོང་།
ལིའུ་ཡན་ཐིང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རྒྱུན་དུ“བསམ་པ་རྣམ་དག་གིས་དོན་དངོས་སྒྲུབ་དགོས་ཚུལ”ཁ་ནས་མི་འདོར་བ་དང་། ལོ་གཉིས་ཀྱི་ནང་དུ། ཁོའི་རང་ནུས་ཅི་ཡོད་སྒོས་ཆེད་ལས་ཤེས་བྱས་ས་གནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། བདེ་ཐང་རོགས་སྐྱོར་བྱ་བ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། གངས་ལྗོངས་མཐོ་སྒང་དུ་ལང་ཚོ་ཕངས་མེད་དུ་བཏང་། ཁོའི་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་ཤེས་བྱ་དང་ཉམས་མྱོང་གནས་འདིར་བསྐྱུར་ནས། ངལ་རྩོལ་དང་རྔུལ་ཆུས་ཡུས་ཧྲུའུ་ཡི་མི་རིགས་མཐུན་སྒྲིལ་དང་འཕྲོད་བསྟེན་ལས་དོན་ལ་རྒྱུན་མི་ཆད་པའི་གསོན་ཤུགས་བསྩལ།
ལིའུ་ཡན་ཐིང་གིས་བཤད་རྒྱུར། “ལོ་གཅིག་གི་རྗེས་སུ་ང་རང་ཕྱིར་བུད་འགྲོ། ཚད་ཡོད་པའི་དུས་ཚོད་འདིའི་ནང་དུ་ངས་མུ་མཐུད་དུ་འབད་བརྩོན་བྱེད་ངེས། བློ་གཅིག་སེམས་གཅིག་གིས་ནད་པར་ཞབས་ཞུ་སྒྲུབ་པ་དང་། ཤུགས་གང་ཡོད་ཀྱིས་སློབ་མའི་སྐྱེད་སྲིང་བྱ་བ་ལེགས་པོར་སྒྲུབ་པ། བསླབ་པའི་ཤེས་བྱ་དང་རྩལ་ནུས་ཡུས་ཧྲུའུ་རུ་བསྐྱུར་ཏེ། ཡུས་ཧྲུའུ་ཡི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བྱས་རྗེས་འཇོག་རྒྱུ་ཡིན”ཟེར།
རྩོམ་སྒྲིག་པ། འབྲུག་མོ།