ཟླ་བཅུ་པའི་ཚེས་བཅུའི་ཉིན། སྟོན་གྱི་རང་དམངས་རྣམ་པར་གསལ། སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་བོད་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ། ནད་བརྟག་ཏུ་ཡོང་བའི་མི་རྣམས་གྲལ་བསྟར་རིང་པོར་བསྒྲིགས་འདུག མདུན་སྟེགས་ཀྱི་སྨན་བཅོས་མཛུབ་སྟོན་ནད་ཞབས་པས། “ད་སྐབས་ཉིན་རེ་བཞིན་ནད་པ་ཤིན་ཏུ་མང་པོ་ས་ཕྱོགས་ཡར་མར་ནས་བོད་སྨན་ཁང་འདིར་ཡོང་སྟེ་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད”ཟེར།
མི་རབས་ནས་མི་རབས་སུ་མཐོ་སྒང་དུ་འཚོ་བ་རོལ་བའི་རིགས་སོ་སོའི་མང་ཚོགས་ཀྱིས་རང་བྱུང་དང་ནད་རིགས་མང་པོར་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད་ཕུན་སུམ་ཚོགས་པའི་ཉམས་མྱོང་བསགས་ཏེ། ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་རིག་སྨན་བཅོས་ཀྱི་མ་ལག་ཅིག་གྲུབ་ཡོད།
ནང་ཆེན་རྫོང་བདེ་ཐང་འཕྲོད་བསྟེན་ཅུའུ་ཡི་ཅུའུ་ཀྲང་རྣམ་རྒྱལ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནང་ཆེན་རྫོང་བོད་སྨན་ཁང་ནི1986ལོར་གསར་དུ་བཙུགས་ཤིང་། ལོ་ངོ40ལྷག་གི་འཛུགས་སྐྲུན་བརྒྱུད་དེ། རིམ་གྱིས་སྨན་བཅོས་དང་བདེ་སྲུང་། སློབ་ཁྲིད། བོད་སྨན་ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་སྣ་འཛོམས་རང་བཞིན་གྱི་མི་རིགས་སྨན་ཁང་ཞིག་ཏུ་གྱུར་ཡོད། ལོ་ངོ་མང་པོའི་རིང་ལ། བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་སྨན་རྫས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་གཞོལ་ཏེ། རྒྱུན་ཆད་མེད་པར་བོད་སྨན་ཞིབ་འཇུག་གསར་བཟོ་དང་སྨན་བཅོས་བྱེད་ཐབས་རྒྱ་བསྐྱེད་ཅིང་། རིགས་སོ་སོའི་མང་ཚོགས་ལ་སེམས་ཞིབ་མོའི་ཞབས་ཞུ་འདོན་སྤྲོད་ཀྱིས་མི་རིགས་ས་ཁུལ་གྱི་གཞི་རྩའི་སྨན་བཅོས་ཆ་རྐྱེན་དང་འཕྲོད་བསྟེན་ཁོར་ཡུག་སོགས་མངོན་གསལ་གྱི་ལེགས་བཅོས་བྱུང་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བ་དང་ནང་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྨན་བཅོས་མི་སྣའི་སྟོབས་ཤུགས་ཕུལ་ཡོད།
སྒོ་བསྟེན་སྨན་བཅོས་ཁང་དུ་ཡོན་ཀྲང་ཤེས་རབ་ཀྱིས་ཉིན་རྒྱུན་ནད་བརྟག་རྒྱུན་འཁྱོངས་བྱས་ཏེ། ཕུན་སུམ་ཚོགས་པའི་ནད་ཐོག་ཉམས་མྱོང་ལ་བརྟེན་ནས་ལྷོད་གཡེང་སྤུ་ཙམ་མི་བྱེད་པར་བློ་ཞིབ་མོས་ནད་པའི་རྩ་ལ་བརྟག་པ་དང་གཟབ་ནན་གྱིས་བརྟག་དཔྱད་བྱེད་བཞིན་འདུག ཁོས“ལྕེ་ཅུང་ཟད་བསྣོར་དང་། ལྕེ་ལ་བད་ཀན་མཐུག་པོ་ཆགས་འདུག……”ཟེར།
རྣམ་རྒྱལ་ཚེ་བརྟན་གྱིས་བཤད་རྒྱུར། “ཤེས་རབ་ནི་ང་ཚོའི་གནས་འདིའི‘གསེར་གྱི་མིང་བྱང’ལྟ་བུ་ཡིན། ཉིན་གཅིག་ལ་ཆེས་མང་དུས་ནད་པ་དྲུག་ཅུ་ཙམ་ལ་བརྟག་བཅོས་བྱེད་ཀྱིན་ཡོད་པ་དང་། ནད་པ་མང་ཆེ་ཤོས་ནི་ཁོང་གི་སྙན་གྲགས་གོ་སྟེ་ཡོང་བ་འབའ་ཞིག་རེད”ཟེར།
སྔ་དྲོ་རིང་མོ་བྲེལ་བས་བསྐྱལ་བའི་ཤེས་རབ་ཀྱིས་བཤད་རྒྱུར། ཆུང་དུས་ནང་ཆེན་རྫོང་སྐྱིད་ཆུ་ཞང་དུ་གཉོམ་ལག་རྒྱས་པའི་ཤེས་རབ་ལ། བོད་སྨན་ཐད་དུ་ཁོ་རང་གི་གོ་བ་ལེན་སྟངས་དང་དུང་བ་ཞིག་ཡོད། “ང་རང་ལོ་ན་ཤིན་ཏུ་ཆུང་དུས། ཨ་ཕ་ལགས་རྒྱུན་དུ་ན་བཞིན་ཡོད། འོན་ཀྱང་ཁྱིམ་གྱི་འཁོས་ཀ་ཞན་པའི་དབང་གིས་ནད་བཅོས་བྱེད་ཐུབ་ཀྱིན་མེད། མང་ཆེ་བ་སྨན་པ་ཚུར་ཡོང་སྟེ་ལྟ་བ་ཙམ་ཡིན། དེའི་རྐྱེན་གྱིས་སྐབས་དེ་ནས་བཟུང་ང་ལ་སྨན་པ་ཞིག་བྱེད་འདོད་ཀྱི་བསམ་པ་ཡོད”ཟེར།
དམའ་འབྲིང་སློབ་མཐར་ཕྱིན་རྗེས། ཤེས་རབ་ཀྱིས་བོད་སྨན་ལག་ལེན་བྱེད་འགོ་བརྩམས་ཤིང་། ཉིན་རྒྱུན་སློབ་གྲྭ་གྲོལ་ནས་ལས་བྱ་བྲིས་ཚར་རྗེས་སྡེ་བའི་ནང་གི་སྨན་པའི་ཁྱིམ་དུ་སོང་སྟེ་སློབ་སྦྱོང་དང་སྨན་ངོས་འཛིན། བློར་འཛིན་པ་སོགས་བྱས། གཞན་གྱི་སྣང་ངོར་ཤིན་ཏུ་སུན་སྣང་ཆེ་བའི་ལས་ཀ་ཞིག་ཡིན་ནའང་། ཤེས་རབ་ཀྱིས་དགའ་དད་སྤྲོ་གསུམ་གྱིས་སློབ་སྦྱོང་བྱས། འབད་པའི་འབྲས་བུ་ཆུད་མ་གཟན་པར་ཤེས་རབ་ཀྱིས་འདོད་དོན་ལྟར་ཆེད་སྦྱོང་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་གསོ་བ་རིག་པའི་ཆེད་ལས་བདམས།
“མི་ཚུལ་ལྡན་ཞིག་བྱེད་ན་རྩ་བ་བརྗེད་མི་རུང་བ་དང་། འཇོན་ནུས་ཤིག་འབྱོར་ཚེ་ཕ་ཡུལ་བརྗེད་མི་རུང་།”ཞེས་པའི་ཨ་ཕའི་སློབ་སྟོན་འདི་ནི་ཤེས་རབ་ཀྱིས་ནམ་ཡང་ཡིད་ལ་བཅངས་ནས་ཡོད། སློབ་མཐར་ཕྱིན་རྗེས། ཤེས་རབ་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཕྱིར་ནང་ཆེན་དུ་ལོག་ཅིང་ནང་ཆེན་བོད་སྨན་ཁང་དུ་ཡོང་བ་རེད།
ལོ་འགའི་རིང་གི་ནད་ཐོག་ལག་ལེན་བརྒྱུད་རྗེས། ཤེས་རབ་ཀྱིས་རང་གི་ཆུ་ཚད་དེ་ལ་ཚད་ཡོད་པའི་བསམ་པ་སྐྱེས། 2020ལོར། དར་མའི་མཐོ་རྒྱུགས་བླངས་ཏེ་ཤེས་རབ་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་སོང་སྟེ་སློབ་སྦྱོང་བྱས། ལོ་ངོ3རིང་གི་འབད་བརྩོན་བརྒྱུད་ནས་ཆེད་ལས་ཆུ་ཚད་སྔར་བས་མཐོར་འདེགས་བྱུང་།
ཤེས་རབ་ཀྱིས་བཤད་རྒྱུར། “སྔོན་ཆད། ངས་སྦྱངས་པའི་ཤེས་བྱ་སྣ་མང་ཡང་གནད་ཟིན་པ་མེད། འོན་ཀྱང་ལོ་ངོ་འདི་གསུམ་རིང་གི་མ་ལག་ལྡན་པའི་སློབ་སྦྱོང་གིས་ང་ལ་བོད་སྨན་ལ་ངོས་ཟིན་གསར་པ་བསྐྱེད་བྱུང”ཟེར།
ད་ལྟ། ཤེས་རབ་ཀྱི་སྣེ་ཁྲིད་འོག་ཏུ། ནང་ཆེན་བོད་སྨན་ཁང་གི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་ཅིང་མགྱོགས།
ཤེས་རབ་ཀྱིས་བཤད་རྒྱུར། “2023ལོར། ང་ཚོས་ཁམས་གསོ་ཚན་ཁག་དང་ནད་རིགས་སྔོན་འགོག་ཚན་ཁག་བཙུགས་པ་དང་། ཁམས་གསོ་ཚན་ཁག་ནི་བོད་ལུགས་གསོ་རིག་གི་ཤེས་རབ་དང་དེང་རབས་ཁམས་གསོའི་ལག་རྩལ་མཉམ་འདྲེས་བྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་ཚན་ཁག་ཅིག་ཡིན། ཁམས་གསོ་ཚན་ཁག་ཏུ་རྩལ་ནུས་འཛོམས་པའི་ཆེད་ལས་ཀྱི་དཔུང་སྡེ་ཞིག་ཡོད་ཅིང་། དེར་བོད་སྨན་ཆེད་མཁས་རྒན་པས་སྣེ་ཁྲིད་ཅིང་བོད་ལུགས་གསོ་རིག་གི་ཁྱད་མཚར་གཞུང་ལུགས་སྤྱོད་པ་དང་། རྩྭ་སྨན་དང་སྐམ་ཁབ། མེ་བུམ་སོགས་ཀྱི་སྲོལ་རྒྱུན་གྱི་བཅོས་ཐབས་སྣ་མང་ལ་བརྟེན་ནས། མིའི་ལུས་ཀྱི་རླུང་ཁྲག་ལེགས་པོར་བསྙམས་ནས། ལུས་ཁམས་ཀྱི་རང་སོས་ནུས་ཤུགས་མཐོར་འདེགས་བྱེད་པར་སྐུལ་བ་ཡིན། དུས་མཚུངས་སུ། སྔོན་ཐོན་གྱི་ཁམས་གསོའི་སྒྲིག་ཆས་དང་ལག་རྩལ་ཧུར་ཐག་གིས་ནང་འདྲེན་བྱས་ཤིང་། ཚན་རིག་གི་ཐབས་ཤེས་སྤྱད་དེ་ནད་པའི་ལུས་པོ་སླར་སོས་བྱེད་རོགས་ཀྱིས་ནད་པའི་ཁམས་གསོའི་ཕན་ནུས་སྔར་བས་མཐོར་འདེགས་བཏང་བ་ཡིན། ནད་རིགས་སྔོན་འགོག་ཚན་ཁག་ནི་ནད་རིགས་བརྟག་བཅོས་བྱེད་པའི་དུས་མཚུངས་སུ་ནད་རིགས་གསོ་བཅོས(ཚོད་འཛིན)བྱེད་པའི་ཚན་ཁག་ཅིག་ཡིན་ལ། དེ་ནི་སྔོན་འགོག་དང་གསོ་བཅོས། བདེ་སྲུང་བཅས་གཞི་གཅིག་ཡིན་པའི་སྣ་འཛོམས་རང་བཞིན་གྱི་ནད་ཐོག་སྨན་བཅོས་ཀྱི་ཚན་ཁག་ཅིག་སྟེ། མང་ཚོགས་ལ‘ནད་མི་འབྱུང་བ་དང་། ནད་འབྱུང་ཚད་ཇེ་ཉུང་དུ་གཏོང་བ། ནད་དལ་མོར་འབྱུང་བ། ནད་བསྐྱར་དུ་མི་འཕར་བ’ལ་དམིགས་པ་ཞིག་ཡིན། ཚན་ཁག་འདི་གཉིས་ཀྱི་འཕེལ་རྒྱས་ཀྱིས་སྔར་བས་ཀྱང་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན”ཟེར།
ཡིག་སྒྱུར་བ། འབྲུག་མོ།