—མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་བྱས་རྗེས་སྐོར་གྱི་བསྟུད་འགོད་ལེ་ཚན་ལས་གཡང་མོ་སྐྱིད་ཀྱི་གནས་ཚུལ་བཀོད་པ།
གཡང་མོ་སྐྱིད་ཀྱིས་སློབ་མའི་ཁྱིམ་དུ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
2024ལོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་དང་། 2023ལོར་ཁུ་ནུའི་སློབ་གསོའི་སློབ་ཁྲིད་ཤེས་ལྡན་མི་སྣའི་ཁྲོད་བདམས་པ་དང་། 2018ལོར“མཚོ་སྔོན་ལ་སེམས་འགུལ་ཐེབས་པའི་མི་སྣའི”གཟི་བརྗིད་མཚན་སྙན་ཐོབ། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཆ་ཚང་སློབ་འབྲིང་གཉིས་པའི་དགེ་རྒན་གཡང་མོ་སྐྱིད་ནི་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་པ་ཞིག་ཡིན་པར་མ་ཟད། སློབ་མ་རྣམས་ཀྱིས་ཨ་མ་གཡང་མོ་ཞེས་འབོད་ཀྱིན་ཡོད།
ཏ་ཐུང་རྫོང་དུ་རྒྱ་རིགས་དང་ཧུའེ་རིགས། ཧོར་རིགས་སོགས་མི་རིགས31ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱིས་མི་གྲངས་བསྡོམས་འབོར་གྱི53%ཟིན་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་གཡང་མོ་སྐྱིད་ཀྱི་འབད་བརྩོན་འོག ཕུལ་བྱུང་གི་ཁྱིམ་ཚང་སློབ་གསོའི་ཞིབ་འཇུག་ཟབ་སྦྱོང་དཔུང་ཁག་ཅིག་བཙུགས་པ་དང་། ཁྱིམ་ཚང་སློབ་གསོའི་ཆེད་མཁས་པའི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། མི་རིགས་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་ཁྱབ་ཁོངས་སུ་ཁྱབ་གདལ་གཏོང་ཆོག་པ་དང་། དཔྱད་གཞིར་འཛིན་ཆོག་པའི་རྣམ་པ་དང་། ཐབས་ལམ། ཉམས་མྱོང་བཅས་འཚོལ་ཞིབ་བྱས།
“ཨ་མ”ཞེས་པའི་འབོད་སྐད་དེ་ལས་ཡོད་ཚད་རྟོགས་ཐུབ།
“ཕུགས་བསམ་གྱི་སློབ་ཆེན་དུ་རྒྱུགས་འཕྲོད་པ་ནི་ཁྱེད་ཀྱི་ཐུགས་ཁུར་དང་ལྟ་རྟོག་གནང་བར་ཁ་འབྲལ་ཐབས་མེད། ངས་སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རྗེས་ཕྱོགས་ཁྱེད་དང་འདྲ་བའི་མི་ཞིག་བྱ་རྒྱུ་ཡིན”ཞེས་དང་། “ཁྱེད་ནི་ང་ལ་མཚོན་ན་ཨ་མ་ངོ་མ་མིན་རུང་རྒྱུན་ལྡན་འཚོ་བའི་ཁྲོད་ཨ་མ་དངོས་དང་འདྲ།”“ཨ་མ་གཡང་མོ་ལགས། ཁྱེད་ཀྱིས་དུས་ནམ་ཡང་ང་ལ་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ”ཞེས་གཡང་མོ་སྐྱིད་ཀྱི་ལག་ཁྱེར་ཁ་པར་ལ་ལྟ་སྐབས། དྲན་འཆར་ཚང་མའི་རྒྱབ་ཏུ་མི་སེམས་འགུལ་བའི་གཏམ་རྒྱུད་རེ་ཡོད།”
ཧུའེ་རིགས་བུ་མོ་ཅོན་ཅོན་གྱིས་ཆུང་དུས་ནས་སྤོ་བོ་དང་རྨོ་བོ་གཉིས་དང་མཉམ་དུ་དཀའ་ཚེགས་ཆེན་པོས་འཚོ་བ་རོལ་བཞིན་ཡོད། ཅོན་ཅོན་དམའ་འབྲིང་ལོ་རིམ་གཉིས་པ་འགྲིམ་སྐབས་གཡང་མོ་སྐྱིད་དང་འཕྲད། ཅོན་ཅོན་གྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་ཤེས་རྗེས་གཡང་མོ་སྐྱིད་ཅོན་ཅོན་གྱི་ཁྱིམ་དུ་ཡོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། སྐྱོན་ཤོར་བའི་གློག་ཐབ་དང་ཆུ་འཛིར་པའི་སླ་ང་། འོད་མི་འཚེར་བའི་གློག་བཅས་མཐོང་སྐབས་གཡང་མོ་སྐྱིད་ཀྱིས་བྱིས་པ་དེར་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད།
ཉིན་གཉིས་པར། གཡང་མོ་སྐྱིད་ཀྱིས་གློག་ཐབ་དང་སླ་ང་ཉོས་ནས་ཅོན་ཅོན་གྱི་ཁྱིམ་དུ་སོང་། སྐབས་དེ་ནས་བཟུང་ཁོ་མོས་ཅོན་ཅོན་ལ་ལྟ་རྟོག་བྱེད་པའི་རྒྱུན་ཆད་མྱོང་མེད། གཡང་མོ་སྐྱིད་ཀྱིས་ཟླ་རེར་གླ་ཕོགས་ཁྲོད་ནས་སྒོར500བླངས་ནས་སློབ་མ་ཅོན་ཅོན་གྱི་ལག་ཏུ་སྤྲད་དེ་ཁོ་མོར་སློབ་ཡོན་སྤྲོད་རོགས་བྱས། ཟླ་བ་ཁ་ཤས་འགོར་རྗེས་ཅོན་ཅོན་གྱི་ཁྱིམ་དུ་འབྲས་དང་། ཕྱེ། སྣུམ་སོགས་བསྐྱལ་བ་དང་། ལོ་གསར་དང་དུས་ཆེན་སྐབས་སུ་བྱ་སྒོང་དང་ཤ་སོགས་བསྐྱལ་བ་མ་ཟད། དུས་ཚིགས་བརྗེ་བའི་སྐབས་སུ་ཡང་ཅོན་ཅོན་ལ་གྱོན་ཆས་གསར་པ་ཉོ་བཞིན་ཡོད། “ཐེངས་ཤིག་ལ་ངས་འཐག་ཚར་བའི་བལ་ལྭའི་སྟོད་ཐུང་ཅོན་ཅོན་ལ་ཕྱིན་པ་དང་། ཁོ་མོས་ལུས་ལ་གྱོན་ནས་དགའ་སྤྲོའི་ངང་མེ་ལོང་ལ་ལྟ་བཞིན་དུ་གློ་བུར་དུ་ཡོང་ནས་ང་ལ་འཐམ་འཁྱུད་བྱས་ཏེ་ཨ་མ་ཞེས་བོས།” གཡང་མོ་སྐྱིད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་བཤད་རྒྱུར། 2022ལོར་མཚོ་སྔོན་ཞིང་ཆེན་རིག་གནས་ཚན་ཁག་གི་ཨང167པའི་སྦྱངས་འབྲས་ཐོག་ནས་ཧྲའན་ཞིས་དགེ་ཐོན་སློབ་ཆེན་ལ་རྒྱུགས་འཕྲོད་ཅིང་། ཁོ་མོས“ཨ་མ་གཡང་མོ་ལགས”ལ་སློབ་སྦྱོང་བྱས་ནས་མི་དམངས་ཀྱི་དགེ་རྒན་ཞིག་བྱ་རྒྱུའི་སེམས་ཐག་བཅད།
སོག་རིགས་སློབ་མ་ཡན་ཡན་གྱི་ཕ་མ་གཉིས་ཐག་ཧ་ཅང་རིང་པའི་ཞིན་ཅང་དུ་ཞོར་ལས་སུ་སོང་ཡོད་པ་དང་། དུས་ཡུན་རིང་པོའི་ནང་སྤུན་ཉེའི་བརྩེ་སེམས་ཚོར་མི་ཐུབ་པའི་ཡན་ཡན་གྱི་གཤིས་རྒྱུད་ཇེ་ལྷོད་དུ་སོང་བ་དང་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཇེ་ཞན་དུ་སོང་། མཐོ་གསུམ་གྱི་སྐབས་སུ། གཡང་མོ་སྐྱིད་ཀྱིས་ཡན་ཡན་ཁྲིད་ནས་རང་ཁྱིམ་དུ་བསྡད། ཉིན་གཅིག་གི་ཟས་ཐུན་གསུམ་དང་ལོ་གཅིག་གི་དུས་བཞིར་གཡང་མོ་སྐྱིད་ཀྱིས་ཡན་ཡན་གྱི་བཟའ་བཏུང་དང་འགྲོ་འདུག སློབ་སྦྱོང་བཅས་ལ་ལྟ་རྟོག་བྱས། 2010ལོའི་མཐོ་རྒྱུགས་ཀྱི་སྐབས་སུ། ཡན་ཡན་གྱིས་ཕུལ་བྱུང་གི་སྦྱངས་འབྲས་ལས་ཀྲུང་པེ་སློབ་ཆེན་དུ་རྒྱུགས་འཕྲོད། ལོ28ཀྱི་སློབ་ཁྲིད་འཚོ་བའི་ཁྲོད། གཡང་མོ་སྐྱིད་ཀྱིས་མི་རིགས་མི་འདྲ་བ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བྱིས་པ9རང་ཁྱིམ་དུ་ཁྲིད་ནས་སློབ་སྦྱོང་དང་འཚོ་བར་རོགས་རམ་བྱས་པ་དང་། ལོ་ངོ་མང་པོའི་རིང་། གཡང་མོ་སྐྱིད་ཀྱི་ཁྱིམ་དུ་མོའི་བུ་མོས་མིང་བཏགས་པའི“སློབ་མའི་འགྲུལ་ཁང”ཞེས་པའི་ཉལ་ཁང་དེ་བེད་མེད་དུ་ལུས་མ་མྱོང་། གཡང་མོ་སྐྱིད་ཀྱིས་བྱིས་པ་མང་པོ་ཞིག་གི་ལས་དབང་ལ་འགྱུར་ལྡོག་འབྱུང་དུ་བཅུག་པ་དང་། ཁོ་ཚོ་སློབ་ཆེན་དང་སྤྱི་ཚོགས་སུ་བསྐྱོད་དེ་ཏང་ཡོན་ལས་བྱེད་པ་དང་། མི་དམངས་ཀྱི་དགེ་རྒན། ཁེ་ལས་ཀྱི་རྐང་འཛིན་པར་གྱུར་ཡོད།
གཅེས་སེམས་ནམ་ཡང་ཉམས་པ་མེད་པར་མི་རིགས་ཀྱི་བརྩེ་བ་ཆེན་པོ་མཚོན་པར་བྱས།
གཡང་མོ་སྐྱིད་ཀྱི་རྒྱབ་རྟེན་ཀ་བ་ནི་ཁོ་མོའི་ཁྱོ་ག་ཡིན་པ་དང་། ཁྱིམ་དུ་མི་སྣ་གསར་པ་ཐོན་སྐབས་ཁོ་མོའི་ཁྱོ་གས་རྟག་ཏུ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པར་མ་ཟད། མཉམ་དུ་བྱིས་པར་ལྟ་རྟོག་བྱེད་པའི་འགན་འཁུར་གྱིན་ཡོད།
ལོ་དེར། སེམས་ཞིབ་མོ་ཡིན་པའི་གཡང་མོ་སྐྱིད་ཀྱིས་གྲང་ངར་ཆེ་བའི་དགུན་ཁར་སློབ་སྡོད་སློབ་མ་ཐོ་ཐོའི་ལྭ་བ་སྲབ་མོ་ཡིན་པ་དང་། རྐང་པར་རྐང་མཛུབ་བུད་པའི་ལྷམ་ཧྲུལ་གྱོན་ཡོད་པ་མཐོང་། དེ་ནས་ཁོ་མོས་སློབ་མ་དེའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཐའོ་ཐའོ་ཚང་ནི་ཞིང་སྡེ་ན་ཡོད་ལ། ཨ་མ་དུས་ཡུན་རིང་བོར་ནད་བྱུང་ཞིང་ཁྱིམ་ཚང་ཧ་ཅང་དབུལ་བོ་ཡིན་པ་ཤེས། གཡང་མོ་སྐྱིད་ཀྱིས་ཐའོ་ཐའོ་རང་ཁྱིམ་དུ་སྡོད་དུ་འཇུག་རྒྱུའི་སེམས་ཐག་བཅད། དེ་ནས་ཐའོ་ཐའོ་ཁོ་མོ་ཚང་དུ་ལོ་གསུམ་ལ་བསྡད་པ་དང་། གཡང་མོ་སྐྱིད་དང་ཁོ་མོའི་ཁྱོ་གས་ཐའོ་ཐའོ་ཡི་ལྭ་བ་བཀྲུ་བ་དང་ཟ་མ་གཡོས་སྦྱོར་བྱེད་པ། གོན་པ་དང་ལྷམ་ཉོ་བ་བཅས་བྱས་ནས་སེམས་ཞིབ་མོས་གཉོར་སྐྱོང་བྱས། གཡང་མོ་སྐྱིད་ཀྱི་ཁྱོ་གས་བཤད་རྒྱུར།“ངའི་བྱིས་པས་ཡང་ཟ་མ་ཟ་དགོས་པས། ཁོ་ཁྱིམ་དུ་ཡོང་བ་ནི་ཟ་ཐུར་ཆ་གཅིག་ཁ་སྣོན་དགོས་པ་ཙམ་རེད”ཟེར།
ཐའོ་ཐའོ་ཡིས་གཡང་མོ་སྐྱིད་ལ་བྲིས་པའི་འཕྲིན་ཡིག་ནང་བཤད་རྒྱུར། “ཁྱེད་ཀྱི་བཟའ་མི་ཚང་མས་ང་ལ་ལྟ་སྐྱོང་གནང་བར་ཐུགས་རྗེ་ཆེ། ང་ལ་མཚོན་ནས་བཤད་ན། ཁྱེད་ནི་ཨ་མ་ངོ་མ་མིན་རུང་ཨ་མ་དངོས་དང་འདྲ”ཟེར།
གཡང་མོ་སྐྱིད་ཀྱིས་རྒྱུན་དུ་ཁོམ་ལོང་གི་དུས་ཚོད་སྤྱད་དེ་བལ་ལྭའི་སྟོད་གོས་བསླས་ནས་དྭ་ཕྲུག་དང་། གཞིས་སྲུང་བྱིས་པ། དབུལ་ཕོངས་ཀྱི་བྱིས་པ་བཅས་ལ་སྟེར་གྱིན་ཡོད། དུས་ཡུན་རིང་པོ་སོང་རྗེས་ཁོ་མོའི་ཤུགས་རྐྱེན་འོག་སློབ་མའི་ཁྱིམ་བདག་དང་། གྲོགས་པོ་དང་ལས་རོགས། སྤྱི་ཚོགས་ཐོག་གི་གཅེས་སེམས་མི་སྣ་བཅས་གཅིག་རྗེས་གཉིས་མཐུད་ངང་མི་རིགས་མི་འདྲ་བའི“ཨ་མ”གཡང་མོ་སྐྱིད་ཀྱི་ཁྱིམ་དུ་མཉམ་འཛོམས་བྱས་ཏེ། བྱིས་པ་དབུལ་པོར་བལ་ལྭ་འཐག་པའི་གཏམ་རྒྱུད་དེ་ས་གནས་དེ་གའི་གཏམ་བཟང་ཞིག་ཏུ་གྱུར།
ལོ་ངོ་མང་པོའི་རིང་། གཡང་མོ་སྐྱིད་ཀྱིས་གཅེས་སེམས་མི་སྣའི་ཁྲོད་དཔལ་འབྱོར་ཐད་དཀའ་ངལ་ཡོད་པ་དང་དོན་དག་ཆེན་པོ་བྱུང་བའི་ཁྱིམ་ཚང་གི་བྱིས་པར་རོགས་རམ་བྱེད་མཁན་བཙལ་ནས། བསྡོམས་པའི་སློབ་མ330ལྷག་ཙམ་ལ་རོགས་སྐྱོར་མ་དངུལ་སྒོར་འབུམ་བརྒྱད་ལྷག་གྲབས་གསོག་ཐུབ་ཡོད།
ཏ་ཐུང་རྫོང་གི་ཀུན་སྤྱོད་སློབ་གསོའི་གཡང་མོ་སྐྱིད་ཀྱི་ལས་སྒྲུབ་ཁང་དུ་སྐྱོད་སྐབས། གྱང་ལྡེབས་སུ་དམར་མདངས་བཀྲ་བའི་གོས་དར་བཀལ་ཡོད་པ་དང་།“ནད་གདོན་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་སེམས་ཀྱིས་ཁེངས། གཅེས་སེམས་དང་དྲོད་སྐྱིད་ནམ་ཡང་གནས”དང“དགེ་རྒན་གྱི་བརྩེ་སེམས་ཟབ་མོར་རྫོགས་མཐའ་མེད”ཅེས་པ་སོགས་གོས་དར་མང་པོའི་རྒྱབ་ཏུ་མི་སེམས་འགུལ་བའི་གཏམ་རྒྱུད་རེ་མཐོང་ཐུབ།
གཡང་མོ་སྐྱིད་ཀྱི་ལས་སྒྲུབ་ཁང་དེ2016ལོར་བཙུགས་པ་དང་། ད་ལྟ་ཁོངས་མི58ཡོད་པ་དང་དེ་དག་མི་རིགས་མི་འདྲ་བ་རེད། ལས་སྒྲུབ་ཁང་བཙུགས་པ་ནས་བཟུང་། བློ་རྩེ་གཅིག་སྒྲིམ་ངང་མི་སྣ་གསོ་སྐྱོང་གི་རྣམ་པ་གསར་པར་ཞིབ་འཇུག་བྱས་ཏེ། དགེ་རྒན་གྱིས་སློབ་མར་སློབ་གསོ་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་མའི་བྱ་སྤྱོད་གོམས་གཤིས་དང་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པ། ཁྱིམ་བདག་དང་ཁྱིམ་ཚང་གི་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ་བཅས་ནས་འགོ་བཙུགས་ཏེ། སློབ་མའི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དང་བདེ་སྐྱིད་ཀྱི་འཚོ་བ་གཉེར་སྐྱོང་བྱེད་པའི་ནུས་པ་གསོ་སྐྱོང་བྱས།
གཡང་མོ་སྐྱིད་ཀྱིས་བཤད་རྒྱུར།“ལས་སྒྲུབ་ཁང་གི་ཁོངས་མི་ཚང་མར་རང་འཁྲིའི་ལས་ཀ་ཡོད་པ་དང་། འབད་བརྩོན་ཧུར་ཐག་བྱས་ནས་སློབ་གསོའི་བརྩེ་སེམས་གཅིག་ཏུ་འདུས་ཏེ། ཐོབ་ཆ་མི་བསམ་པ་དང་ངལ་བ་འཛེམ་མེད་ཀྱིས་སློབ་གསོའི་ལས་དོན་ཆེད་འབད་འཐབ་བྱེད་ཀྱིན་ཡོད”ཟེར།
བྱམས་བརྩེའི་སྒྲོག་འགྲེལ་བྱས་ནས་ཀུན་སེམས་གཅིག་ཏུ་སྒྲིལ།
“དགེ་རྒན་གཡང་མོ་ལགས། འཆད་ཁྲིད་ལ་ཉན་རྗེས་མྱོང་ཚོར་ཟབ་མོ་བྱུང་། ཁྱིམ་བདག་ཞིག་ཡིན་པའི་ངོས་ནས་སྐབས་རེར་བྱ་བ་ཡག་པོ་སྒྲུབ་མི་ཐུབ་པ་དང་། བྱིས་པའི་སློབ་གསོའི་ཐད་ལའང་གནད་དོན་ཡོད་པས། རྗེས་ཕྱོགས་ཁྱེད་ཀྱི་འཆད་ཁྲིད་ལ་ཉན་རྒྱུའི་གོ་སྐབས་སྔར་ལས་མང་པོ་ཐོབ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་དེ་ནི་ཁྱིམ་བདག་ཞིག་གི་སེམས་གཏིང་གི་སྐད་ཆ་རེད།
ཟླ9པའི་ཚེས11ཉིན། ཟི་ལིང་གྲོང་ཁྱེར་ཀོང་ཧྭ་སློབ་ཆུང་གི་ལུས་རྩལ་ཁང་དུ་རྐུབ་སྟེགས་སྟོང་པ་གཅིག་ཀྱང་མེད་པ་དང་། གཡང་མོ་སྐྱིད་ཀྱིས་སློབ་གསོ་ནི ‘ཁྱིམ་ཚང’ནས་འགོ་བརྩམས་པ་རེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “བྱིས་པ་འཚར་ལོངས་འབྱུང་སྐབས་ཀྱི་ཁྱིམ་ཚང་སློབ་གསོའི་འགག་རྩའི་ནུས་པ”དང་། “ཚན་རིག་དང་མཐུན་པའི་སློབ་གསོའི་བྱེད་ཐབས།”“ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པའི་གལ་ཆེན་རང་བཞིན”སོགས་ཀྱི་ནང་དོན་ལ་དམིགས་ནས། གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་བརྟེན་ནས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་བརྗོད།
གཡང་མོ་སྐྱིད་ཀྱིས་བཤད་རྒྱུར།“འཆད་ཁྲིད་ཁྲོད་ཀྱི་དཔྱད་གཞི་ནི་སློབ་གསོ་དང་སློབ་ཁྲིད་ཁྲོད་ཀྱི་དཔེ་མཚོན་ངོ་མ་ལས་བྱུང་བ་ཞིག་ཡིན་པས། ཁྱིམ་བདག་དང་དགེ་རྒན་ཚོའི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད”ཟེར།
གཡང་མོ་སྐྱིད་ནི་དགེ་རྒན་ཞིག་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“ཁྱིམ་ཚང་སློབ་གསོའི་འཆད་ཁྲིད་ཚོགས་པ”དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི“ཏང་གི་སློབ་ཚན་འཆད་ཁྲིད་ཚོགས་པ།”ཏ་ཐུང་རྫོང་ ཏང་ཨུའི་དྲིལ་སྒྲོག་པུའུ་ཡི “མང་ཚོགས་ཀྱི་སྐད་ཆའི་སྒྲོག་འགྲེལ་ཚོགས་པ”བཅས་ཀྱི་སྒྲོག་འགྲེལ་པ་ཞིག་ཀྱང་རེད།
སྒྲོག་འགྲེལ་སྟེགས་བུའི་སྟེང་། གཡང་མོ་སྐྱིད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོར་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྒྱ་ཆེའི་མང་ཚོགས་དང་རིགས་སོ་སོའི་དགེ་སློབ་ཚོས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས །
གཡང་མོ་སྐྱིད་ཀྱི་སྣེ་ཁྲིད་འོག ཏ་ཐུང་རྫོང་གི་ཀུན་སྤྱོད་སློབ་གསོ་དང་གཡང་མོ་སྐྱིད་ཀྱི་ལས་སྒྲུབ་ཁང་གིས་ཁྱིམ་ཚང་སློབ་གསོའི་ཞིབ་འཇུག་ཟབ་སྦྱོང་གི་ཕུལ་བྱུང་དཔུང་ཁག་ཅིག་བཙུགས་པ་དང་། ཁོ་ཚོ་ལོ་རེར་སློབ་གྲྭ་སོ་སོར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་གཏོང་བཞིན་ཡོད། 2023ལོར། ས་གནས་སོ་སོའི་དགོས་མཁོ་གཞིར་བཟུང་ནས། ཁྱིམ་ཚང་སློབ་གསོའི་ཞིབ་འཇུག་ཟབ་སྦྱོང་དཔུང་ཁག་གི་ཁོངས་མིས་སློབ་ཚན་གྲ་སྒྲིག་ཞིབ་ཚགས་དང་དམིགས་ཡུལ་ལ་གཞིགས་ནས་ཐབས་ཇུས་ལག་བསྟར་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱི་སློབ་གྲྭ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ། ལས་ཁུངས་བཅས་སུ་ཆེད་དོན་འཆད་ཁྲིད་ཐེངས120ལྷག་ཙམ་བྱས་པར་ཉན་མཁན་མི་ཐེངས་ཁྲི4ལྷག་ཙམ་ཟིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།