གངས་ལྗོངས་མཐོ་སྒང་དུ་བྲིས་པའི་བྱམས་སེམས་ཀྱི་གཏམ་རྒྱུད།
2024.10.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཡུས་ཧྲུས་ནས་ཟི་ལིང་བར་དུ་སྤྱི་ལེ་བརྒྱད་བརྒྱ་ལྷག་ཡོད་ལ། མཚོ་འཕང་བར་ཁྱད་སྨི་སྟོང་གཅིག་དང་ལྔ་བརྒྱ་ཡོད།

ན་གཞོན་ནས་དར་མ་དང་། ཐོག་མར་ལས་ཞུགས་བྱས་པ་ནས་ལས་གནས་ཀྱི་རྐང་འཛིན་པར་གྱུར་བའི་ལོ་ངོ་ཉི་ཤུའི་རིང་ལ་སེམས་པ་དེ་ནམ་ཡང་ཡུས་ཧྲུའུ་དང་བྲལ་མ་མྱོང་། ཐེངས་གཉིས་ལ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། དུས་རྒྱུན་ གཞན་ལ་རོགས་སྐྱོར་བྱ་པ་བགྲང་གིས་མི་ལང་།  ཟླ་གཅིག་གི་ནང་དུ་འང་ས་གནས་གཉིས་ནས་ཕར་ཚུར་ཐེངས་ཉི་ཤུར་འགྲོ་དགོས་ཤིང་།  རྫོགས་མཐའ་མེད་པའི་མཁའ་འགྲུལ་ལམ་ཐིག་བཅས་ནི་ཁོ་མོའི་མཁའ་སྐྱོད་རྗེས་ཤུལ་ཡིན་པར་མ་ཟད། ཁོ་མོས་ཡུས་ཧྲུའུ་མི་དམངས་སེམས་སུ་བཅངས་པ་དང་སྨན་པའི་བྱམས་སེམས་ཀྱི་བདེན་དཔང་དུ་གྱུར་ཡོད།

ཝང་ཅིན་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སྨན་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡིན། ཐོག་དང་པོར་ཁོ་མོར་འཕྲད་དུས། ཁོ་མོའི་སྤྲོ་སེམས་དང་བག་ཡངས་ཀྱིས་ཁྱོད་ཀྱི་ཡིད་དབང་འགུག་སྲིད།

ཝང་ཅིན་དང་ཡུས་ཧྲུའུ་བར་གྱི་ལས་འབྲེལ་དེ་ལོ་ཉི་ཤུའི་སྔོན་གྱི་སང་ཉིན་གྱི་འཆར་གཞི་ནས་འགོ་བརྩམས་ཤིང་།  དེ་ནི་དབང་པོ་སྐྱོན་ཅན་གྱི་བྱིས་པ་འགའ་ཞིང་ཆེན་ལྟེ་གནས་སུ་ཁྲིད་ནས་སྨན་བཅོས་བྱེད་པའི་བྱ་འགུལ་ཞིག་རེད། གསར་དུ་བྱ་བར་ཞུགས་པའི་ཝང་ཅིན་གྱིས་བྱ་འགུལ་གྱི་བརྒྱུད་རིམ་ཡོངས་སུ་འབྲེལ་གཏུག་པ་དང་མཐུན་སྦྱོར་མཁན་བྱས་ཏེ། མི་སྣའི་ཆ་འཕྲིན་འཚོལ་སྡུད་དང་ཐོ་འགོད་བྱས།

ཝང་ཅིན་གྱིས་བཤད་རྒྱུར། དུས་སྐབས་དེར་ངས་ད་གཟོད་འབྲོག་པ་མང་ཚོགས་མང་པོ་ངོ་ཤེས་ནས་རྒྱུས་ལོན་བྱེད་ཐུབ་སོང་ལ། རོང་འབྲོག་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་གསལ་བོར་ཤེས་པར་མ་ཟད། སྨན་པ་ཞིག་གི་འགན་འཁྲི་དང་ལས་འགན་རྟོགས་བྱུང་ཟེར།

སང་ཉིན་གྱི་འཆར་གཞི་དེ་འགོ་བརྩམས་པ་ནས་བཟུང་། ལོ་ངོ་ཉི་ཤུའི་རིང་ལ་ཁོ་མོ་དང་ཡུས་ཧྲུའུ་བར་གྱི་འབྲེལ་འདྲིས་ཆད་མ་མྱོང་། དེའི་རྗེས་ཀྱི་བྱ་བའི་ཁྲོད། ཡུས་ཧྲུའུ་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཚེ། ཞིང་ཆེན་སྨན་ཁང་གིས་མངགས་གཏོང་བྱས་པའི་མིང་ཐོའི་ཁྲོད་དུ་ནམ་ཡང་ཁོ་མོའི་མིང་ཡོད་སྲིད།

ལས་གྲོགས་ཚོས་ནམ་རྒྱུན་ཝང་ཅིན་ལ་ཁྱོད་ད་དུང་ཡུལ་ཚོའི་ནང་དུ་འགྲོ་རྒྱུ་ཡིན་ནམ། ཡང་ཡུས་ཧྲུའུ་ལ་འགྲོ་རྒྱུ་ཡིན་ནམ་ཞེས་འདྲི་བཞིན་ཡོད། དེར་བརྟེན་ཝང་ཅིན་ལ་ཡུལ་ཚོར་བསྐྱོད་པའི་ཆེད་ལས་མི་སྣ་ཞེས་པའི་མིང་ཞིག་བཏགས་པ་རེད།

ནམ་རྒྱུན་དུ་ཝང་ཅིན་གྱིས་ང་ཡུས་ཧྲུའུ་ལ་ཅུང་ཆ་རྒྱུས་ཡོད་ཅེས་པའི་ལན་སླ་མོ་ཞིག་འདེབས་ཀྱིན་ཡོད།

2010ལོའི་ཟླ4པའི་ཚེས14ཉིན། ཡུས་ཧྲུའུ་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་ཚབས་ཆེན་བྱུང་། ཝང་ཅིན་གྱིས་གནས་ཚུལ་དེ་གོ་མ་ཐག་ཡིད་ལ་དྲན་པ་ནི་ལས་ཡུལ་དང་པོར་འགྲོ་རྒྱུ་དེ་ཡིན་མོད། འོན་ཀྱང་སྨན་ཁང་གིས་སྤྱི་ཡོངས་ལ་འདང་བརྒྱབ་ནས་ཁོ་མོས་རང་འཁྲིའི་ལས་གནས་སུ་རྨས་མ་སྣེ་ལེན་བྱེད་པར་བཀོད་སྒྲིག་བྱས། ཁོ་མོས་ཡང་བསྐྱར་འབྲེལ་གཏུག་པ་དང་མཐུན་སྦྱོར་མཁན་གྱི་འགན་ཁུར་ཏེ། རྨས་མ་དང་ནད་པ་མ་ཐོན་གོང་ནས་གྲ་སྒྲིག་ལེགས་པོ་བྱས་ཤིང་། མགྱོགས་མྱུར་ངང་ནད་པ་སྐྱོབ་བཅོས་བྱེད་པར་སྟབས་བདེ་བཟོས། དེ་དང་མཉམ་དུ། ཁོ་མོས་རྨས་མ་ཞིང་ཆེན་གཞན་པར་སྐྱེལ་ནས་སྨན་བཅོས་དང་ལེན་བྱེད་པའི་ལས་འགན་ཁུར་ཡོད། དེའི་སྟབས་ཀྱིས་ཚང་མའི་ཐུན་མོང་གི་འབད་བརྩོན་འོག ཡུས་ཧྲུའུ་ཡི་གནོད་འཚེ་རྗེས་ཀྱི་མིའི་འདས་ཚད་དང་དབང་པོར་སྐྱོན་ཤོར་ཚད་ཐད་ཆེས་དམའ་བའི་ཁྱད་མཚར་བསྐྲུན། 

དེའི་རྗེས་སུ། ཝང་ཅིན་གྱིས་ཡུས་ཧྲུའུ་ཁུལ་གྱི་ནད་རིགས་འགོག་བཅོས་དྲིལ་སྒྲོག་དང་ཞིབ་བཤེར་བྱ་བར་དོ་སྣང་བྱས་ཤིང་། སྡེ་བ་དང་ཁྱིམ་ཚང་ནང་དུ་སོང་ནས་འབྲོག་པ་རྣམས་ལ་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ནད་རིགས་ཞིབ་བཤེར་དང་ལུས་ཕུང་བརྟག་དཔྱད་བྱས་པར་མ་ཟད།  ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལ་རོགས་བྱས་ནས་དཔྱད་བཤེར་བྱས། 

2019ལོར། ཝང་ཅིན་ལ་ཐོབ་ཐང་གསར་བ་ཞིག་ཡོད་དེ། ཁོ་མོ་རྫ་སྟོད་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་རེད། ལོ་དེའི་ནང་། ཡུས་ཧྲུའུ་ཁུལ་དུ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་ཁངས་ཆག་བྱུང་། ཁོ་མོ་དང་ལས་གྲོགས་ཚོ་གནོད་འཚེ་ཅུང་ཚབས་ཆེ་བའི་རྫ་ཆེན་ཡུལ་ཚོར་སོང་ནས་རོགས་སྐྱོབ་བྱས་པ་དང་། ཉིན་མོ་སྟབས་བདེ་ཐུག་པ་འཐུང་ཞིང་མཚན་མོར་ས་གདན་བཏིངས་ནས་ཉལ་བ་རེད།

ལོ་གཅིག་གི་རིང་ལ་སྨན་བཅོས་རོགས་སྐྱོབ་བྱས་པ་བརྒྱུད་ཝང་ཅིན་གྱིས་ཉམས་མྱོང་བཟང་པོ་གསོག་འཇོག་བྱས། ཐོག་དང་པོར་ག་བྱེད་འདི་བྱེད་མི་ཤེས་པ་ཞིག་ནས་སྨན་ཁང་གི་འཇོན་མི་སྐྱེད་སྲིད་དང་འཆར་འགོད་འཕེལ་རྒྱས་གཏོང་བའི་རྐང་འཛིན་པར་གྱུར་བས། ཁོ་མོའི་ཕུགས་བསམ་དང་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བཞིན་ཡོད།

2024ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཝང་ཅིན་ཡང་བསྐྱར་རྫ་སྟོད་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གི་འགན་ཁུར་བར་མངགས་ཤིང་། ཐེངས་འདིར་ལོ་གསུམ་གྱི་རིང་ལ་འགན་འཁུར་དགོས་པ་རེད།

ཝང་ཅིན་གྱིས་ཕྱོགས་གཅིག་ནི་ནམ་ཡང་ཡིད་ལ་བཟུང་བའི་ཡུས་ཧྲུའུ་ཡིན་ལ། གནས་དེར་སྨན་བཅོས་ཐོན་ཁུངས་ལེགས་ཤོས་དགོས་མཁོ་ཆེ། ཕྱོགས་གཞན་ཞིག་ནི་མཐོ་འབྲིང་ལ་འགྲིམ་པའི་བུ་མོ་ཡིན་ལ། ཨ་མ་ཞིག་གི་ངོས་ནས་བཤད་ན། ང་ལ་ཁོ་མོ་དང་མཉམ་དུ་སྡོད་པའི་དུས་ཚོད་མི་འདུག   ཐེངས་མང་པོར་བསམ་གཞིགས་བཏང་རྗེས། ཡང་ཡུས་ཧྲུའུ་ཁུལ་དུ་སྨན་བཅོས་སྐྱོབ་རོགས་བྱེད་པར་འགྲོ་རྒྱུའི་ཐག་བཅད།

ཝང་ཅིན་གྱིས་བཤད་རྒྱུར། ང་ནི་ཨ་མ་ཞིག་ཡིན་ལ། གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན། ངས་རང་གི་བུ་མོར་ཡིད་ཆེས་བྱས་ཡོད་ལ། ཁྱིམ་མིས་རྒྱབ་སྐྱོར་བྱས་ནས་བྱ་བའི་ཁྲོད་དུ་ཞུགས་ཐུབ་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ཟེར།

ཡང་བསྐྱར་རྫ་སྟོད་རྫོང་མི་དམངས་སྨན་ཁང་ལ་ཐོན་དུས། ཝང་ཅིན་གྱིས་སྨན་ཁང་གི་ལས་སྒྲུབ་ལས་གཏོད་ཀྱི་སྤྱིའི་སྣང་ཚུལ་མི་ལེགས་པ་ཤེས་པས། ལོ་ངོ་མང་པོའི་རིང་གི་བྱ་བའི་ཉམས་མྱོང་བརྒྱུད་ནས། ཁོ་མོས་ཚང་མར་བྱ་བའི་བརྩོན་སེམས་ཆེན་པོ་མེད་པ་རྟོགས་པ་དང་།  ཧུར་སེམས་ལ་སྐུལ་སློང་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ནི་བྱས་འབྲས་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱ་རྒྱུ་དེ་ཡིན་ཞིང་།  སྨན་ཁང་གིས་བྱས་འབྲས་ལམ་ལུགས་ལག་བསྟར་བྱས་རྗེས། གནས་སྐབས་གདན་ཞུ་བྱས་པའི་ལས་བྱེད་མི་སྣ་རེ་འགས་ཡིད་ཆེས་ལ་མ་ཆེས་བའི་རྣམ་འགྱུར་བཟུང་ཡོད་མོད། ཡིན་ནའང་། ཟླ་རྗེས་མར་སྔར་ལས་ལྡབ་གཅིག་གིས་མང་པའི་ཟླ་ཕོགས་ཐོབ་སྐབས། ཚང་མས་ཡོན་ཀྲང་གསར་བས་ལམ་ལུགས་ལག་བསྟར་བྱས་པ་ཤེས་ཏེ། མ་སྐུལ་དང་བླངས་སྒོས་བྱ་བ་སྒྲུབ་པ་དང་གཟབ་གཉེར་ནན་སྒྲུབ་བྱས་པས། བྱ་བའི་སྣང་ཚུལ་སྔར་ལས་ཇེ་ལེགས་སུ་གྱུར་ཏེ་ཚང་མས་འཆམ་མཐུན་གྱིས་བྱ་བ་གཉེར་གྱིན་ཡོད།

ཝང་ཅིན་གྱིས་ཡིད་ཆེས་བརྟན་པོའི་ངང་བཤད་རྒྱུར། ལོ་གསུམ་གྱི་དུས་ཡུན་ནང་། ངས་སྨན་བཅོས་རུ་ཁག་ཡག་པོ་ཞིག་སྐྱོང་ཐུབ་ཟེར།

བརྩེ་བ་ནི་རྒྱུན་འཛིན་བྱེད་ཐུབ་ལ་གདམ་གའང་དེ་ལས་མ་འདས། ཐེངས་འདིར་ཡུས་ཧྲུའུ་ཁུལ་དུ་མ་སོང་སྔོན་ལ། ཚན་ཁག་གི་ལས་གྲོགས་ལིས་ཆན་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་ཁོ་མོར་འདྲི་རྒྱུར། ང་ཁྱོད་ཀྱི་རྗེས་འབྲངས་ནས་སོང་ན་ཆོག་གམ་ཟེར།

ཁོ་མོས་སྤྲོ་དགའི་ངང་ཁྱོད་འགྲོ་འདོད་ཡོད་ན་ཅིས་མི་ཆོག་ཅེས་ལན་བྱིན།

ད་ལྟ། ཁོ་མོ་ཚོས་དཔུང་བ་མཉམ་གཤིབ་སྒོས་རྫ་ཆུའི་འགྲམ་རྒྱུད་ཀྱི་ས་ཁུལ་དེའི་མང་ཚོགས་ཀྱི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད་པས། རྩྭ་ཐང་གི་མང་ཚོགས་ཀྱི་སེམས་ནང་གི་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་ལྟ་བུར་གྱུར་ཡོད།

ལྷ་མོ་འཚོས་བསྒྱུར།