ཁབ་སྐུད་ཀྱིས་བཙེམས་པའི་བདེ་སྐྱིད་ཀྱི་འཚོ་བ།
2024.11.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་ནང་གི་མཚོ་སྔོན་ཨ་ཅེ་འབྲོག་མོ་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་སིའི་བཟོ་ཤག་ཏུ། རིན་ཆེན་སྒྲོལ་མས་གཙགས་དྲུབ་བཟོ་བར་བོད་ལྭའི་སྟེང་ལ་རི་མོ་གང་འཕེན་པ་དང་བོད་ལྭར་རས་ཀྱི་རྒྱུ་ཆ་གང་བཀོལ་བར་གྲོས་མོལ་བྱེད་བཞིན་འདུག

འཚེམ་འཁོར་གྱི་ལྡིར་སྒྲའི་ཁྲོད་དུ་ཚོན་མདངས་རྣམ་པར་བཀྲ་བའི་དྲ་རས་ལེབ་མོ་དག་རིམ་བཞིན་གྱོན་ཆས་རེ་རེར་གྱུར། བཤམ་ཁུལ་དུ་ལག་བཟོས་བོད་ལྭ་མང་པོ་བཤམས་འདུག རིན་ཆེན་སྒྲོལ་མས་སྤས་ཁུག་ཡག་པོ་ཞིག་ལག་ཏུ་བླངས་ཏེ། “མཐའ་དྲུག་དབྱིབས་ཀྱི་མཚོན་རིས་དང་དེའི་ནང་གི་སྐར་མ་ཟུར་ལྔས་མི་རིགས56པོ་མཚོན་ལ། རས་གཞི་དམར་པོས་ཀྲུང་གོའི་དམར་པོ་མཚོན་ལ། ལྗང་མདོག་གཙགས་དྲུབ་ཀྱིས་མཚོ་སྔོན་གྱི་ལྗང་ཁུ་མཚོན། ཆུ་ཐིགས་མཚོན་རིས་ཀྱིས་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་མཚོ་སྔོན་པོ་དང་རྨ་ཆུ་མཚོན་པ་ཡིན”ཞེས་ངོ་སྤྲོད་བྱས།

2009ལོར། རིན་ཆེན་སྒྲོལ་མ་ཀྲུང་གོ་སྲིད་ཁྲིམས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། མཚོ་སྔོན་གློག་ཤུགས་ལས་ཁུངས་སུ་ཁྲིམས་ལུགས་ལས་སྒོའི་བྱ་བ་གཉེར། མོ་རོགས་སྐྱོར་དང་བླངས་ཞབས་ཞུའི་བྱ་འགུལ་དུ་ཞུགས་ཏེ། རོགས་སྐྱོར་མཁོ་བའི་བུད་མེད་དང་ནར་མ་སོན་པའི་བྱིས་པ་སོགས་ལ་ཁེ་དབང་སྲུང་བའི་རོགས་རམ་བྱས་པས། སྐབས་དེར་འཚོ་བ་བྲེལ་འཚུབ་ཆེ་ལ་དོན་སྙིང་ལྡན་པ་ཞིག་ཡིན་མོད། འོན་ཀྱང2016ལོར་མོས་བྱ་བ་བསྐྱུར་ནས་རང་ཉིད་དགའ་བའི་ཕ་ཡུལ་དུ་ལོག

རིན་ཆེན་སྒྲོལ་མས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས་ལས་སྐྲུན་བྱ་རྒྱུ་ཐག་བཅད། མོའི་ཨ་མ་ནི་ཡུལ་དེ་གར་མིང་དུ་གྲགས་པའི་བོད་ལྭའི་ལག་ཤེས་བཟོ་བ་ཞིག་ཡིན། ཆུང་དུས་ནས་རྣ་བྱང་དུ་གྱུར་ཡོད་པའི་ལག་ཤེས་བཟོ་རྩལ་ལ་སྤྲོ་བ་ཆེན་པོ་ཡོད། ཨ་མའི་རོགས་རམ་འོག་ཏུ་མོས་ཨ་མདོའི་བོད་ལྭ་བཟོ་གྲྭ་ཞིག་བཙུགས།

སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་བྱེད་པ་དང་དེའི་ནང་གསར་སྐྲུན་གྱི་ཇུས་འགོད་འདྲེས་སུ་བཅུག་སྟེ། རིན་ཆེན་སྒྲོལ་མས་སྲོལ་རྒྱུན་བོད་ལྭར་སྔར་མེད་ཀྱི་བཟོ་རྩལ་གསར་པ་སྣོན་ཅི་ཐུབ་བྱས། གསར་རྙིང་གཅིག་འདུས་ཀྱི་འོག་ཏུ་ཐོན་རྫས་ལ་ཚོང་ཁྲོམ་སྟེང་དུ་ཁས་ལེན་ཐོབ་ཅིང་ཕྱིར་འཚོང་གི་ལམ་ཁ་ཕྱེ། གུང་ཧོ་རྫོང་སྲིད་གཞུང་གིས་མཚོ་སྔོན་པོ་དམངས་སྲོལ་རིག་གནས་དུས་ཆེན་སྤེལ་སྐབས་བཟོ་གྲྭ་རུ་འཁྲབ་སྟོན་གྱོན་ཆས་ཁ་ཚང་མངག་ཉོ་བྱས་པ་དང་། དེ་དག་མི་མང་པོས་མཐོང་རྗེས་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ། དེའི་རྗེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ལོ་དེར་སྤེལ་བའི་རོང་འབྲོག་ལུས་རྩལ་འགྲན་ཚོགས་ལ་མཁོ་བའི་གྱོན་ཆས་ཚང་མའང་མོའི་བཟོ་གྲྭ་རུ་མངག་ཉོ་བྱས་པས། རིན་ཆེན་སྒྲོལ་མའི་བོད་ལྭ་བཟོ་གྲྭར་རིམ་བཞིན་སྙན་གྲགས་རྒྱས།

དེ་ནས་ཅང་མ་འགོར་བར་རིན་ཆེན་སྒྲོལ་མར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་རྒྱུའི་བསམ་པ་སྐྱེས། རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་རྒྱ་ཆེར་བྱས་ཏེ། སྒྲིག་ཆས་བཀོལ་སྤྱོད་བྱེད་དུ་བཅུག་པར་མ་ཟད། ད་རུང་མོ་ལ་གུང་ཧོ་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་ནང་དུ་བཟོ་གྲྭ་གླས་སུ་བཅུག་པས། ཨ་མདོའི་བོད་ལྭ་བཟོ་གྲྭ་དེ་མཚོ་སྔོན་ཨ་ཅེ་འབྲོག་མོ་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་སིར་བསྒྱུར།

ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ན་ལས་ཀ་པ་སྔར་བས་མང་པོ་མཁོ། ཧུར་བརྩོན་གྱིས་འཚོལ་སྙེག་བྱས་པ་བརྒྱུད། ཀུང་སི“ཁེ་ལས་དང་ཞིང་ཁྱིམ། མཉམ་ལས་ཁང”བཅས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་གཉེར་སྟངས་ཤིག་ཏུ་བསྒྱུར་ནས། མཐའ་འཁོར་རྫོང་མཁར་གྱི་ཞིང་སྡེའི་ཡུལ་འདུག་བུད་མེད་དང་ཡོང་སྒོ་དམའ་བའི་བུད་མེད་སོགས་ཉེ་འགྲམ་དུ་ལས་ཀར་ཞུགས་པར་རོགས་རམ་དང་སྣེ་ཁྲིད་བྱས།

རིན་ཆེན་སྒྲོལ་མས་དགའ་སྤྲོས་ངང་བཤད་རྒྱུར། “ངས་མོ་རང་ཚོར་ཕན་བཏགས་པ་ཡིན་ལ། ཁོ་མོ་ཚོས་ཀྱང་ང་ལ་ཕན་བཏགས་པ་ཡིན” ལག་རྩལ་དང་ཇུས་འགོད་ཐད་ནས་སྔར་བས་ལེགས་པོར་གསར་སྐྲུན་བྱ་ཆེད། རྫོང་ལས་ཞུགས་ཅུའུ་ཡི་རོགས་རམ་འོག ཀུང་སིས་འཚེམ་བཟོ་པ་རྩ་འཛུགས་བྱས་ཏེ་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་པ་དང་། རྩལ་ནུས་མཐོར་འདེགས་དང་མིག་རྒྱ་བསྐྱེད་དུ་བཅུག ད་ལྟ་ཀུང་སིར་རང་ཡུལ་དང་མཐའ་འཁོར་རྫོང་མཁར་གྱི་སློབ་གྲྭའི་སློབ་ལྭ་བཟོ་བའི་མངག་ཐོ་མི་ཉུང་བ་ཞིག་འབྱོར་ཡོད་ལ། ཐོན་རྫས་ཀྱང་དཀར་མཛེས་དང་རྔ་བ། ཉིང་ཁྲི་སོགས་ཀྱི་ས་ཆར་བཙོངས།

རིན་ཆེན་སྒྲོལ་མས་བཤད་རྒྱུར།“དང་ཐོག་བཟོ་པ་རེར་ཟླ་རེར་ཧ་ལམ་སྒོར2700རེའི་གླ་ཕོགས་བྱིན་པ་ཡིན་ལ། ཀུང་སིའི་ཚོང་ཇེ་བཟང་ནས་ཇེ་བཟང་དུ་གྱུར་པ་དང་བསྟུན་ནས། ད་ལྟ་བཟོ་པ་རེའི་གླ་ཕོགས་ཟླ་རེར་སྒོར6000ནས7000ལ་སླེབས་ཡོད”ཟེར།

ད་ལྟ། ཀུང་སིའི་ནང་དུ་བརྟན་འཇགས་ཀྱི་ལས་བཟོ་པ62ཡོད་ལ། དེའི་ནང་བུད་མེད་ཀྱིས95%ཡན་ཟིན་ཡོད། ཡིག་ཚགས་བཟོས་པ་དང་བྱང་བུ་ལས་པའི་ཁྱིམ་ཚང18དང་དབང་པོ་སྐྱོན་ཅན4བཅས་ཡོད། “སྲིད་གཞུང་སྡེ་ཁག་གིས་འབྲེལ་ཟམ་འཕངས་པ་བརྒྱུད། ཀུང་སིས་མཚོ་ལྷོ་ཁུལ་ལས་རིགས་སློབ་གྲྭ་དང་མཉམ་དུ‘སློབ་གྲྭ་དང་ཁེ་ལས་མཉམ་ལས’ཀྱི་ལམ་ནས་དངོས་སྦྱོང་རྟེན་གཞི་བཙུགས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གསོ་སྦྱོང་བྱས། ན་ནིང་ཀུང་སིས་དངོས་སྦྱོང་སློབ་མ14གསོ་སྦྱོང་བྱས། དེའི་ནང་གི་སློབ་མ་བཞི་ནི་ཡིག་ཚགས་བཟོས་པ་དང་བྱང་བུ་ལས་པའི་ཁྱིམ་ཚང་གི་རེད། དངོས་སྦྱོང་བྱས་ཚར་རྗེས། ཀུང་སིའི་ནང་དུ་ལས་ཀ་ལས་འདོད་ན་ཀུང་སིའི་ནང་དུ་བསྡད་ཆོག རང་ཉིད་ཀྱི་སྟོབས་ཤུགས་གང་ཡོད་བཏོན་ནས་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྣེ་ཁྲིད་བྱས་ན་རང་སེམས་སུ་དགའ་སྤྲོ་སྐྱེས་ཡོང”ཟེར།

ལས་སྐྲུན་གྱི་ཕུགས་འདུན་དོན་དུ་གཉེར་བ་ནས་གཞི་ཁྱོན་རགས་ཙམ་བྱུང་བའི་བར། རིན་ཆེན་སྒྲོལ་མས་རྔུལ་ཆུ་མང་པོ་བཏོན། མོས་བཤད་རྒྱུར། མིག་སྔའི་བར་དུ། ཀུང་སིའི་ནང་དུ་བུད་མེད512ལས་ཞུགས་བྱས་ཡོད་ལ། དེས་ཕན་བཏགས་ཤིང་སྣེ་ཁྲིད་ནས་ལས་ཀར་ཞུགས་པའི་བུད་མེད1200ལ་སླེབས་ཡོད།“ལས་སྐྲུན་ལམ་ཁ་རུ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ཚོར་ཞིང་བཀའ་དྲིན་ཞུ་བཞིན་ཡོད་ལ། སྲིད་གཞུང་གིས་ལས་སྐྲུན་ན་གཞོན་རྣམས་ལ་རོགས་སྐྱོར་ཆེན་པོ་བྱས། ད་ལྟ། ཀུང་སི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྟེན་གཞིར་ངོས་བཟུང་ཡོད་ལ། འདི་ལས་ང་རང་མ་འོངས་པར་ཡིད་ཆེས་ཆེན་པོ་ཡོད་ཟེར།

དྲིན་ཆེན་ལ་དྲིན་ལོག་བྱེད་མི་རུང་ཞེས་པ་ལྟར། རིན་ཆེན་སྒྲོལ་མས་ཀུང་སིའི་སྣེ་ཁྲིད་དེ“འཕེལ་རྒྱས་བྱུང་བར་ཏང་དང་སྲིད་གཞུང་མ་བརྗེད་པར་མང་ཚོགས་དང་ཕ་ཡུལ་ལ་ཕྱུག་བསྒྱུར་སྣེ་ཁྲིད་བྱེད་པ”ཡི་རྩ་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས། སྤྱི་ཕན་བྱ་འགུལ་ལ་ཧུར་བརྩོན་གྱིས་ཞུགས་པ་དང་། སྔ་གཞུག་ཏུ་དབུལ་ཕོངས་སློབ་མ་དང་རྒན་པ་ཁེར་ཧྲེང་། གཉེན་ཡ་མེད་པའི་ཁྱིམ་ཚང་། ཁུལ་གྱི་དམིགས་བསལ་སློབ་གྲྭ་བཅས་སུ་འཚམས་འདྲི་བྱས་ཏེ་རིམ་བསགས་ཀྱིས་སྒོར་འབུམ་ལྔ་དང་ཁྲི་ལྔ་ཞལ་འདེབས་སུ་ཕུལ།

རིན་ཆེན་སྒྲོལ་མས་བཤད་རྒྱུར།  ལས་སྐྲུན་ནི་ངའི་ཕུགས་བསམ་ཡིན། བུད་མེད་སྔར་བས་མང་པོ་ཞིག་གི་སྣེ་ཁྲིད་དེ་མཉམ་དུ་ལས་སྐྲུན་བྱེད་པ་ནི་ངའི་འདུན་མ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་ཡིན་ཞེས་དང་། ངའི་ཐོག་མའི་བསམ་འདུན་ནི་བུད་མེད་སྔར་བས་མང་པོ་ཞིག་གི་ཡོང་སྒོ་འཕར་དུ་འཇུག་པ་དང་། གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་དང་ལས་རིགས་ཀྱི་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ཟེར། །

རྩོམ་སྒྲིག་པ། འབྲུག་མོ།