འབྲོག་པའི་བུ་ཕྲུག་གིས་ཐོག་མའི་བསམ་འདུན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་།
—མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་བྱས་རྗེས་སྐོར་གྱི་ཕྲེང་བསྟར་གསར་འགྱུར་ལས་བཅུ་གཅིག་པ།
“ང་ཚོ་ཁྱིམ་ཚང་གཅིག་གི་མི་ནང་བཞིན་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ལྡན་ཞིང་། དེ་ནི་རང་གི་རྐང་ལག་དང་འདྲ་བར་དམ་པོར་འབྲེལ་ཡོད།” གོང་གི་སྐད་ཆ་འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོ་ལམ་ལུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲང་ངེ་ཡི་ཁ་ལ་ཐོགས་ཐོགས་སུ་ཡོད་པའི་སྐད་ཆ་ཞིག་ཡིན།
2010ལོར་འབྲོག་པའི་བུ་ཕྲུག་ཁྲང་ངེ་ཡིས་གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་དེ། ལམ་ལུང་གྲོང་ཚོའི་སྐྱེ་ཁམས་སྐྱེ་ལྡན་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། “ཏང་ཀྲི་པུའུ་དང་གསོ་སྤེལ་རྟེན་གཞི། ཆེད་ལས་མཉམ་ལས་ཁང་བཅས་ཟུང་འབྲེལ་ཡིན་པའི”འཕེལ་རྒྱས་གཏོང་སྟངས་བཀོལ་ནས། ཀུན་གྱི་སྣེ་ཁྲིད་དེ་མང་ཚོགས་ཀྱི་འདུ་ཤེས་བརྗེ་སྒྱུར་དང་ཐོན་ལས་དར་སྤེལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འབད་འབུངས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་ཤོ་ཏོའི་ནོར་གནག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། དམངས་ཕྱུག་གྲོང་ཚོ་སྟོབས་ལྡན་གཏོང་བའི་ལམ་བུ་བཟང་པོ་ཞིག་ངང་གིས་བསྐྲུན་ཡོད། ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་དུ། ཁྲང་ངེ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ།
ཟླ10པའི་ཚེས12ཉིན་གྱི་ཞོགས་པར། ལམ་ལུང་གྲོང་ཚོའི་སྐྱེ་ཁམས་སྐྱེ་ལྡན་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ནང་དུ། ཁྲང་ངེ་སྔ་མོ་ནས་ཕྱུགས་ལྷས་སུ་ཡོང་སྟེ་ཉིན་གཅིག་གི་ལས་ལ་བྲེལ་བཞིན་མཆིས། ཕྱུགས་ལྷས་སུ་བསྐྱིལ་བའི་ནོར་གནག་གི་ཁྱུ་ཡིས་གཟན་རྩྭ་ཟ་བཞིན་པ་མཐོང་བ་ན། ཁོའི་གདོང་ལ་དགའ་མགུ་ཡི་རང་གི་འཛུམ་མདངས་རྒྱས།
ཁྲང་ངེ་ཡིས་ནོར་གནག་འདི་དག་གི་རྩིད་པ་ནག་ཀྲིག་ཀྲིག་ཏུ་སྣང་བ་དང་ཤེད་ཐག་ཆོད་པའི་དབང་གིས། ང་ཚོས་ལོ་མཇུག་ཏུ་སླེབས་སྐབས། འབྲོག་པར་ཡོང་སྒོ་ཕུན་སུམ་ཚོགས་པ་ཞིག་བགོ་རྒྱུར་སྒུག་ནས་བསྡད་ཡོད། དཔལ་འབྱོར་འཕེལ་རྒྱས་ནི་རྨང་རྡོ་དང་འདྲ་བར་དེས་མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་གྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཕྱོགས་སུ་བསྐྱོད་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་བཞིན་ཡོད་ཅིང་། དེ་ལྟར་ཡིན་པའི་དབང་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་རིང་གི་འཐབ་ལམ་ཁྲོད། ཐོག་མཐའ་བར་གསུམ་དུ་བྱམས་བརྩེའི་བསམ་པ་ཆེན་པོ་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ཡོད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱས་མྱོང་མེད་ཟེར།
རྨ་ལྷོ་རྫོང་ནི་འབྲོག་རྫོང་རྣལ་མ་ཞིག་ཡིན་པ་དང་། ཁྱིམ་ཚང་ཚང་མས་ཕྱུགས་རིགས་གསོ་སྐྱོང་གི་ལས་སྒོ་གཉེར་བཞིན་ཡོད་ནའང་། འབྲོག་པས་གསོ་སྤེལ་བྱས་པའི་ནོར་གནག་ཕལ་ཆེ་བར་བོངས་ཚད་ཆུང་བ་དང་ནད་འགོག་ནུས་པ་ཞན་པ། སྐྱེ་འཕེལ་དལ་བ་སོགས་ཀྱི་གནད་དོན་ཡོད་པའི་དབང་གིས། རྒྱུན་དུ་རིན་གོང་ལེགས་པོ་ཞིག་རག་གི་མེད།
ཁྲང་ངེ་ཡིས་བཤད་རྒྱུར། ལོ་འགའི་སྔོན་ལ། ང་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི་སྒོ་ཕྱུགས་གསོ་སྤེལ་ར་བར་ལྟ་སྦྱོང་སློབ་སྦྱོང་བྱེད་དུ་སོང་བ་ཡིན། ལས་དོན་མི་སྣས་རྒྱུད་བཟང་གསོ་སྤེལ་བརྒྱུད་རིམ་སྐོར་ནས་ངོ་སྤྲོད་ཞིབ་མོ་བྱས་ཏེ། ཐོག་མའི་ནོར་གནག་གི་རྒྱུད་པ་བཟང་པོ་དང་སྤུས་ལེགས་འདེམས་པ་ནས། མཇུག་གི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱད་དེ་གསོ་སྤེལ་བྱེད་པའི་བར་གྱི་གོ་རིམ་ཚང་མ་གཟབ་ནན་ཆེ་ལ་ཆེད་ལས་ཅན་ཞིག་རེད། ངས་ད་དུང་གསོ་སྤེལ་ར་བའི་ལས་བྱེད་མི་སྣས་ཏ་ཐུང་ནོར་གནག་ལ་གཟན་ཆས་སྟེར་བ་དང་རིམས་ནད་སྔོན་འགོག་བྱེད་ཀྱིན་པ་དངོས་སུ་མཐོ་བའི་མོད་ལ། རྣམ་པ་དེ་དག་གིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཟེར། དེ་ནས་བཟུང་ཁོས་ཇི་ལྟར་བྱས་ན་གཞི་ནས་སྔོན་ཐོན་གྱི་ཉམས་མྱོང་དང་ལག་རྩལ་འདི་དག་ཕ་ཡུལ་དུ་དྲངས་ནས་དངོས་སུ་བཀོལ་ཐུབ་རྒྱུའི་ཐད་བསམ་བློ་ཡང་ཡང་བཏང་སྟེ། ཕ་ཡུལ་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འདོད་བློ་སྐྱེས།
ཁྲང་ངེ་ཡིས་སྔ་མོ་ནས་བཟུང་། གྲོང་ཚོའི་ནང་གི་ཤོ་ཏོའི་ནོར་གནག་གི་གཟུགས་གཞི་རིང་ཞིང་རུས་པ་སྦོམ་ལ། ལུས་སྟོབས་རྒྱས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། སྤུས་ལེགས་ནོར་གནག་གི་རིགས་རྒྱུད་ཡིན་པ་ཧ་གོ་ཡོད། རྒྱུད་བཟང་གསོ་སྤེལ་དང་སྤུས་ལེགས་རྒྱུད་བཟང་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཡིན། ཁྲང་ངེ་ཕྱོགས་བཞི་གང་སར་སོང་ནས་འབྲོག་ལས་ཆེད་ལས་མི་སྣར་བཀའ་འདྲི་ཡང་ཡང་ཞུས་ཏེ། སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱེད་ཀྱིན་ཡོད། ཕྱིར་གྲོང་ཚོའི་ནང་དུ་ལོག་ནའང་། གྲོང་ཚོའི་ནང་གི་འབྲོག་པ་མང་ཚོགས་ལ་གསོ་སྦྱོང་བྱེད་སྒོ་སྤེལ་ནས། ཤོ་ཏོ་ནོར་གནག་གི་རྒྱུད་བཟང་གསོ་སྤེལ་གྱི་གལ་ཆེན་རང་བཞིན་དང་ཞིབ་ཕྲའི་བྱེད་ཐབས་ཀྱི་སྐོར་ནས་འགྲེལ་བཤད་རྒྱག་བཞིན་ཡོད།
འབྲོག་པའི་བུ་ཕྲུག་ཁྲང་ངེ་ཡི་འབད་བརྩོན་ཆེན་པོ་དང་སྙིང་རུས་ལྷོད་མེད་ཀྱི་འོག་ཏུ། ཤོ་ཏོ་ནོར་གནག་གི་རྒྱུད་སྲུང་རྒྱུད་སྤེལ་དང་རྒྱུད་བཟང་ལེགས་བཅོས་བྱེད་པའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཁྲང་ངེ་ཡིས་ད་དུང་སྲིད་གཞུང་གི་རྒྱུད་བཟང་ཁ་གསབ་ལས་གཞིའི་རོགས་སྐྱོར་བརྩོན་ལེན་གང་ལེགས་བྱས་ནས། སྔ་རྗེས་སུ་ཤོ་ཏོ་ནོར་གནག་གསོ་སྤེལ་ར་བ་དང་རྒྱུད་སྤེལ་ར་བ། ཤ་སྐམ་ལས་སྣོན་བཟོ་གྲྭ འོ་མའི་ཐོན་རྫས་ལས་སྣོན་བཟོ་གྲྭ་སོགས་བསྐྲུན་ཏེ། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་མིང་གྲགས་ཐོན་རྫས་ཏེ“ཤོ་ཏོ་ནོར་གནག”འདི་ཉིད་ལ་གངས་ལྗོངས་ས་མཐོའི་སྟེང་དུ་སྐད་གྲགས་ཆེན་པོ་རྒྱས་འགོ་བརྩམས། མིང་གྲགས་ཐོན་རྫས་འདི་གཉེར་བ་ནས་བཟུང་། འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་བསྐྲུན་ཡོད་ཅིང་། ས་གནས་འདི་གའི་འབྲོག་ལས་འཕེལ་རྒྱས་ལའང་གསོན་ཤུགས་གསར་པ་བསྣན་ཡོད།
ཤོ་ཏོ་ནོར་གནག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཕྱིན་པའི་འགྲོས་དང་བསྟུན་ནས། འབྲོག་པའི་འཚོ་བ་སྔར་ལས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅིང་། ཡིད་ཚིམ་པའི་རྣམ་པ་དེ་དངོས་པོའི་ལོངས་སྤྱོད་ཀྱི་སྟེང་ནས་མངོན་ཐུབ་པར་མ་ཟད། བསམ་པའི་སྟེང་ནས་བལྟས་ནའང་། གྲོང་ཚོའི་མང་ཚོགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཀྱི་སྟེང་ནས་ཀྱང་གསལ་ལེར་མངོན་ཐུབ།
ཁྲང་ངེ་ཡི་སྣེ་ཁྲིད་འོག་ཏུ། ལམ་ལུང་གྲོང་ཚོའི་ཁྱིམ་ཚང་སུ་ཚང་དཀའ་ངལ་ལ་འཕྲད་ཀྱང་ཚང་མས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རོགས་སྐྱོར་བྱེད་ཀྱིན་ཡོད།
སྔོན་ཆད། དྲག་ཆར་བབས་པའི་དབང་གིས། གྲོང་མི་བློ་བཟང་ཚང་གི་ཕྱུགས་ཁང་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཏེ། ནོར་གནག་འཇུག་ས་མེད་པའི་དཀའ་ཁག་ལ་འཕྲད་མྱོང་། གྲོང་ཚོའི་ནང་གནས་ཚུལ་དེ་ཁྱབ་རྗེས། ཁྱིམ་མཚེས་རྣམས་ཀྱིས་མྱུར་དུ་རོགས་རམ་གྱི་བྱ་སྤྱོད་སྤེལ། ལ་ལས་ནུས་ཤུགས་ཡོད་རྒུས་ཕྱུགས་ཁང་ཉམས་གསོ་བྱེད་རོགས་བྱས་པ་དང་ལ་ལས་རང་འགུལ་ངང་གཟན་རྩྭ་བསྐྱལ་བ་སོགས་རོགས་རམ་གང་མང་བྱས་པའི་དབང་གིས། འབྲོག་ཁྱིམ་བློ་བཟང་ཚང་དཀའ་ངལ་ལ་འཕྲད་སྐབས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་དང་བྱམས་བརྩེ་ཟབ་མོ་ཚོར་དུ་བཅུག
གྲོང་མི་ཚེ་རིང་དོན་གྲུབ་ཀྱི་བཟའ་ཟླར་ནད་བྱུང་ནས་སྨན་ཡོན་མང་པོ་མཁོ་བཞིན་ཡོད། ཁྲང་ངེ་ཡིས་གནས་ཚུལ་དེ་ཤེས་རྗེས། གྲོང་ཚོའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ། གཅེས་སེམས་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ་བར་མ་ཟད། ཀུན་གྱི་སྣེ་ཁྲིད་དེ་ཞལ་འདེབས་སྒོར་ཁྲི1ཕུལ། ཁྲང་ངེ་ཡི་འབོད་སྐུལ་འོག་ཏུ། གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་རོགས་རམ་བྱས་ཏེ། སྔ་རྗེས་སུ་ཞལ་འདེབས་མ་དངུལ་སྒོར་ཁྲི15བསྡུས་ནས། ཚེ་རིང་དོན་གྲུབ་ཚང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས།
ཆུ་ཕྲན་དུ་མ་འདུས་ནས་གཙང་པོ་གྲུབ་པ་ལྟར། མི་རིགས་སོ་སོའི་མང་ཚོགས་ཚང་མ་སེ་འབྲུའི་འབྲུ་རྡོག་ལྟར་དམ་པོར་འབྲེལ་ཏེ། ལམ་ལུང་གྲོང་ཚོའི་མཐུན་སྒྲིལ་མཛའ་བརྩེ་ཡི་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་བཞིན་ཡོད། ཁྲང་ངེ་ཡིས་བཤད་རྒྱུར། ང་ཚོས་ཕན་ཚུན་རོགས་སྐྱོར་དང་ཕན་ཚུན་སྐུལ་ལྕག་བྱས་ནས། མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་དགོས་ཟེར།
རྨ་ལྷོ་རྫོང་དུ་སོག་རིགས་དང་བོད་རིགས་མང་ཚོགས་ཚང་མ་མཉམ་དུ་ནཱ་ཏམ་སྤྲོ་ཚོགས་ནང་ཞུགས་བཞིན་ཡོད། རྟ་ཞོན་པ་དང་འཇུ་རེས་འགྲན་པ། གླུ་ལེན་བྲོ་རྩེད་བཅས་བྱས་ཏེ། མི་སོ་སོའི་བསམ་པའི་ཉམས་སྣང་དང་ལུས་ཀྱི་སྟངས་སྟབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་བདེན་ལུགས་གསལ་སྟོན་བྱེད་ཀྱིན་ཡོད། ང་ཚོ་ཁྲང་ངེ་ཡི་རྗེས་སུ་དམ་པོར་འབྲངས་ཏེ་འབྲོག་ཁྱིམ་ཞིག་གི་དཔེ་ཤག་ཏུ་འབྱོར་བ་ན། ལོ་ན་གཞོན་པའི་ཨ་མ་ཞིག་གིས་ལག་གཅིག་གིས་ཕྲུ་གུ་པང་དུ་བཟུང་བ་དང་ལག་གཅིག་གིས་དཔེ་དེབ་བཟུང་ནས། རང་གི་བྱིས་པར《མི་རིགས་ཀྱི་བརྩེ་བ་དང་རྩ་བ་མཉམ་སྐྱེས》ཡིན་ཞེས་པའི་དཔེ་དེབ་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་གྱེར་འདོན་བྱེད་བཞིན་ཡོད་ཅིང་། ཁོ་མོའི་བྱིས་པས་མིག་ཆེ་ཆེར་བགྲད་དེ་རྣ་བ་གཏད་དེ་ཉན་བཞིན་ཡོད་ལ། སྦྱོར་དངོས་དེས་མི་རིགས་མཐུན་སྒྲིལ་གྱི་ས་བོན་ཆུང་ཆུང་བྱིས་པའི་འདུ་ཤེས་ཀྱི་ཁྲོད་བཞག་ནས་མྱུ་གུ་འབུས་བར་འབད་བཞིན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྔར་ལས་ཟབ་སྤེལ་གཏོང་ཆེད། ཁྲང་ངེ་ཡིས་གྲོང་ཚོའི་ནང་དུ། “དྲིལ་སྒྲོག་དཔེ་ཀློག་ཁང་”ཞིག་དངོས་སུ་བཙུགས་ཡོད་ཅིང་། ཁྱད་ཆོས་ཟབ་མོ་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་རིག་གནས་སྦྱར་བྱང་གི་གྱང་ལས་པར་མ་ཟད། རང་གི་སྒེར་ཐོག་ནས་མ་དངུལ་བཏང་ནས་མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པའི་ཚགས་པར་དང་དུས་དེབ། དཔེ་དེབ་སྣ་ཚོགས་བཅས་འབོར་ཆེན་ཉོས། ཁོམ་ལོང་ཆེ་བའི་དུས་སྐབས་སུ། གྲོང་མི་ཚོ་དཔེ་དེབ་ལྟ་སར་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས། ཏང་གི་མི་རིགས་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་ནང་དོན་གལ་ཆེན་རྒྱུས་ལོན་དང་ཤེས་རྟོགས་བྱེད་ཀྱིན་ཡོད།
ཁྲང་ངེ་ཡིས་ད་དུང་གྲོང་ཚོའི་ནང་དུ་རྟ་ཐོག་སྒྲོག་འགྲེལ་རུ་ཁག་དང་བུད་མེད་སྒྲོག་འགྲེལ་རུ་ཁག་སོགས་བཙུགས་ནས། དུས་བཅད་ལྟར་སྒྲོག་འགྲེལ་མི་སྣ་རྩ་འཛུགས་བྱས་ཏེ་འབྲོག་པའི་ཁྱིམ་དུ་སོང་ནས་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། ཚང་མར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང“སྐྱིད་སྡུག་མཉམ་མྱོང་བཞིའི”གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་དེ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གཞི་རིམ་མང་ཚོགས་ཀྱི་ཁྲོད་ཁྱབ་བརྡལ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དམ་དུ་གཏོང་ཆེད་རང་ནུས་གང་ཡོད་འདོན་གྱིན་ཡོད།
ཁྲང་ངེ་ཡིས་བཤད་རྒྱུར། ང་དང་གྲོང་མི་ཚོས་མཉམ་དུ་རང་སོ་སོའི་འབད་བརྩོན་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཏེ། ལམ་ལུང་གྲོང་ཚོ་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཞིག་དང་གྲོང་གསེབ་དར་སྤེལ་གྱི་དཔེ་མཚོན་ཞིག་ཏུ་འགྱུར་བར་རྩེ་གཅིག་ཏུ་འབད་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།