བསོད་ནམས་བསྟན་འཕེལ་གྱི་ལས་གཏོད་ལམ་བུ།
2024.11.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་སྦས་ཡུལ་ཁམས་སྟོང་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་པ་བསོད་ནམས་བསྟན་འཕེལ་གྱིས་གསར་འགོད་པར་བཤད་རྒྱུར། ཁ་སང་ཕྱི་དྲོ་ནས་ནམ་གུང་གི་དུས་ཚོད་བཅུ་གཉིས་བར། དྲ་སྟེང་དུ་སྐམས་ཤའི་ལྕགས་ཀྲིན་མངག་ཉོ་བྱེད་མཁན17ལྷག་ཡོད།  ཉོ་མཁན་མང་ཆེ་བ་ཧྲང་ཧའེ་དང་ཧྲིན་ཀྲིན་གྱི་རེད།

བསོད་ནམས་བསྟན་འཕེལ་ཞོགས་པའི་དུས་ཚོད7དང་ཕྱེད་ཀའི་སྟེང་ཡར་ལངས་ནས། མདང་དགོང་མངག་ཉོ་བྱས་པའི་སྐམས་ཤའི་ལྕགས་ཀྲིན་རིགས་གནས་གང་དུ་བསྐུར་དགོས་པར་ཞིབ་རྩིས་ཤིག་བྱས་རྗེས། བཟོ་གྲྭ་དང་ཅུང་ཐག་རིང་བའི་སྦྲག་སྲིད་ཁང་དུ་བསྐྱལ་བ་རེད།

དངོས་པོའི་རིགས་སྦྲག་སྲིད་ཁང་བརྒྱུད་ནས་ཞིང་ཆེན་གཞན་པར་བསྐུར་ཚར་རྗེས། བསོད་ནམས་བསྟན་འཕེལ་ཕྱིར་ཀུང་སིར་ལོག་ནས། བཟོ་གྲྭའི་འཁོར་ཁང་དུ་ལས་བཟོ་པ་དག་གི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་གཟབ་ནན་གྱིས་ཞིབ་བཤེར་བྱས་པ་དང་། དངོས་སུ་དུག་སེལ་བྱ་བའི་གོ་རིམ་ཁྲོད་ཞུགས་ནས་ལས་བཟོ་པར་མཉམ་འཇོག་བྱེད་དགོས་པའི་སྐོར་ནས་ལག་ལེན་དམར་ཁྲིད་བྱེད་བཞིན་ཡོད།

དེ་ནས་ཅུང་མ་འགོར་བར་བཟོ་གྲྭའི་ལོགས་སུ་ཡོད་པའི་གཞུང་སྒྲུབ་ཁང་དུ་སོང་ནས་གཟའ་འཁོར་སྔོན་མའི་བྱ་བ་སྤྱི་སྡོམ་དང་། གཟའ་འཁོར་རེའི་ནང་སྤེལ་བཞིན་པའི་གསོ་སྦྱོང་གི་ནང་དོན་འཆར་གཞི་བཀོད་པ་རེད།

ཕྱི་དྲོའི་དུས་ཚོད་བེད་སྤྱད་དེ་དྲ་སྟེང་གི་སྐམས་ཤའི་ལྕགས་ཀྲིན་མངག་ཉོ་བྱེད་མཁན་དག་གི་དཔྱད་གཏམ་ཞིབ་ཀློག་བྱས་རྗེས། ཉོ་མཁན་དག་གི་དྲི་བ་དང་དོགས་གནད་ལ་དམིགས་ནས་སོ་སོར་ལན་གསལ་བོ་འདེབས་བཞིན་ཡོད། འདི་ནི་བསོད་ནམས་བསྟན་འཕེལ་གྱི་ཉིན་གཅིག་གི་བྱ་བའི་གོ་རིམ་རེད།

གོ་སྐབས་ནི་ནམ་ཡང་འབད་བརྩོན་ཅན་ལ་དབང་ཞེས་པའི་སྐད་ཆ་དེ་ནི་ཅི་མ་བདེན། ལོ་རབས་དགུ་བཅུའི་ནང་སྐྱེས་པའི་བསོད་ནམས་བསྟན་འཕེལ2018ལོར་སི་ཁྲོན་ཞིང་ཆེན་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། རང་གི་འདོད་བློ་དང་མཐུན་པའི་བྱ་བ་ཞིག་ལག་ལ་རེག་ཐུབ་པའི་གོ་སྐབས་བྱུང་། དེ་ནས་ལོ་གཅིག་འགོར་རྗེས་ལས་ཁུངས་ནས་ཕྱིར་བུད་དེ་ལས་སྐྲུན་ལས་གཏོད་ཀྱི་ལམ་ལ་ཞུགས།

བསོད་ནམས་བསྟན་འཕེལ་གྱི་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད་རྒྱུར། དེ་དུས་ཁྱིམ་གྱི་འབྱོར་བ་དང་ཡོང་སྒོའི་དོན་དུ་འབད་པ་བྱས་པ་ཙམ་ཡིན་མོད། དེང་སྐབས་ཕྱིར་འདང་རེ་བརྒྱབ་ཚེ་རང་ཉིད་ཀྱི་ཡོང་སྒོ་ཇེ་མཐོར་ཕྱིན་པར་མ་ཟད་ཕ་ཡུལ་ལའང་གང་ལ་གང་འཚམས་ཀྱི་བྱས་རྗེས་འཇོག་ཐུབ་པ་ཙམ་བྱུང་།

ཁོའི་གདམ་གསེས་དེ་ལ་ནང་ཆེན་རྫོང་དུ་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད། ནང་ཆེན་རྫོང་སྦས་ཡུལ་ཁམས་སྟོང་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་བཟོ་པ་བཀྲ་ཤིས་ཆོས་འཚོས་བཤད་རྒྱུར། བསོད་ནམས་བསྟན་འཕེལ་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་ན་མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ད་རུང་ཕ་ཡུལ་གྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་རོགས་རམ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་འདོན་ཐུབ་ཟེར།

ཀུང་སིས་ལྕགས་ཀྲིན་ཐོན་སྐྱེད་བྱས་ནས་ཟླ་འགའ་ལས་འགོར་མེད་ནའང་། སྐམས་ཤའི་ལྕགས་ཀྲིན་ཁྲི2ལྷག་གཅིག་ཀྱང་མ་ལུས་པར་བཙོང་ཚར་བས། ཡོང་སྒོ་སྒོར་འབུམ་ལྔ་དང་ཁྲི་བཞི་ལྷག་ལ་སླེབས།

ལོ6གི་སྔོན་ལ་བསོད་ནམས་བསྟན་འཕེལ་གྱིས་ཀུང་སིའི་ལས་བཟོ་པ་རྣམས་ཁྲིད་དེ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བ་རུ་ལས་སྐྲུན་བྱེད་འགོ་བརྩམས། བརྩོན་པ་ཆེ་བའི་བསོད་ནམས་བསྟན་འཕེལ་གྱིས་ནུས་ཤུགས་གཙོ་བོ་སྐམས་ཤའི་ལྕགས་ཀྲིན་ཐོན་སྐྱེད་བྱེད་པའི་སྟེང་དུ་བཞག་སྟེ། གཅིག་ནས་ནང་ཆེན་རྫོང་གི་ནོར་གནག་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་བར་བསམ་བློ་བཏང་། ཕྱོགས་གཞན་ཞིག་ནས་ས་གནས་ཀྱི་ནོར་གནག་ཐོན་ལས་ཀྱི་འཕེལ་རྒྱས་སྔར་ལས་ཇེ་ཆེར་བཏང་སྟེ་ཁེ་ལས་ཀྱི་ཁེ་སྤོགས་དང་རོང་འབྲོག་པའི་ཡོང་སྒོ་འཕར་བར་བསམ་བློ་བཏང་།

བསོད་ནམས་བསྟན་འཕེལ་གྱིས་ཀུང་སིའི་འཁོར་ཁང་དུ་ཕྱི་ཐུམ་བརྒྱབ་ཡོད་པའི་སྐམས་ཤའི་ལྕགས་ཀྲིན་ཞིག་བླངས་ནས་ཁ་ཕྱེ་སྟེ“བྲོ་བ་ཞིག་མྱོངས་དང་། ང་ཚོའི་ཐོན་རྫས་ལ་གཅིག་ནས་ཟས་རིགས་བདེ་འཇགས་ཐད་ཀྱི་ཁག་ཐེག་ཡོད་ལ། གཉིས་ནས་ཤ་སྤུས་ཐད་ཀྱི་ཁག་ཐེག་ཡོད། དེ་ནས་འཛད་སྤྱོད་ཁྲོམ་རར་ཆེད་དུ་བརྟག་ཞིབ་དང་བྲོ་བར་ཞིབ་འཇུག་བྱས་རྗེས་བྲོ་རྫས་བསྲེས་ཏེ་མི་རྣམས་དགའ་བའི་མངར་མོ་དང་ཁ་ཚའི་རིགས་བཟོས་ཡོད་པས། ལྡད་ཀྱིན་ལྡད་ཀྱིན་སྐམས་ཤ་མངར་མོའི་བྲོ་བ་མྱོང་ཐུབ་ཅེས་བཤད།  དེ་ལས་བསོད་ནམས་བསྟན་འཕེལ་གྱིས་ལྕགས་ཀྲིན་ཐོན་རྫས་ཀྱི་རྒྱུ་ཆ་ནས་བྲོ་རྫས་བར་སེམས་ཤུགས་མང་པོ་ཞིག་བཏོན་ཡོད་པ་ངང་གིས་ཤེས་ཐུབ།

བསོད་ནམས་བསྟན་འཕེལ་གྱིས་དང་ཐོག་ས་གནས་ཀྱི་ཤ་སྐམས་ཏེ་གདོད་མའི་རྒྱུ་ཆ་ནས་ལས་སྣོན་བྱེད་པ་དང་། དེ་ནས་ཕྱིར་བཙོང་བྱས་ཏེ་རང་ཉིད་ཀྱི་ཉམས་མྱོང་དང་ཚོང་རའི་དགོས་མཁོ་ལྟར་འཕེལ་རྒྱས་བཏང་བ་བརྒྱུད། སྐམས་ཤའི་ལྕགས་ཀྲིན་ཐོན་རྫས་རྒྱུན་ལྡན་གྱི་ལམ་དུ་ཞུགས།

ནང་ཆེན་ནོར་བུ་ལུང་པ་རུ་བསོད་ནམས་བསྟན་འཕེལ་གཅིག་པུ་མ་ཡིན་པར། ཀུང་སིས་ས་གནས་ཀྱི་འབྲོག་པའི་ནོར་ཉོ་བ་དང་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་མི་ལས་ཀར་ཞུགས་སུ་བཅུག་སྟེ། མང་ཚོགས་རྣམས་ཁྱིམ་གྱི་སྒོ་ཁ་ནས་ལས་ཀར་ཞུགས་པ་དང་ཡོང་སྒོ་འཚོལ་ཐུབ་པ་བྱུང་བའི་དམིགས་འབེན་མངོན་འགྱུར་བྱུང་ཡོད།

བསོད་ནམས་བསྟན་འཕེལ་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་རྒྱུར། ད་ལྟའི་གནས་ཚུལ་ལ་བལྟས་ན། ང་ཚོས་ལོ་རེར་སྐམས་ཤའི་ལྕགས་ཀྲིན་ཏུན200ལས་སྣོན་བྱེད་ཐུབ་པ་དེ་རིན་ཐང་སྒོར་བྱེ་བ་གཉིས་ཡིན། སྐམས་ཤ་ཏུན300ལས་སྣོན་བྱེད་ཐུབ་ལ་ནོར3000ཉོ་ཐུབ་པས་ནོར་གནག་གསོ་བའི་ཁྱིམ་ཚང300ལ་སྣེ་ཁྲིད་བྱེད་ཐུབ་ཟེར།

བཀྲ་ཤིས་ཆོས་འཚོ་བཟའ་ཟླ་གཉིས་ནི་བཟོ་གྲྭའི་ནང་གི་རླངས་བཙོ་བཟོ་པ་རེད། བཟའ་མི་མང་པོའི་འགྲོ་འདུག་སྤྱོད་གསུམ་མོ་བཟའ་ཟླ་གཉིས་ལ་བརྟེན་ཡོད། བསོད་ནམས་བསྟན་འཕེལ་གྱིས་བཀྲ་ཤིས་ཆོས་འཚོ་བཟའ་ཟླ་གཉིས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། བཟོ་གྲྭའི་ལས་བཟོ་པར་བསྡུས་པར་མ་ཟད། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་གཏུག་དང་རེ་ཞུ་བྱས་ཏེ། བཀྲ་ཤིས་ཆོས་འཚོ་བཟའ་མི་གང་པོ་མ་མཐའི་འཚོ་བའི་འགན་སྲུང་གྲས་སུ་བཞག་པ་རེད། བཀྲ་ཤིས་ཆོས་འཚོ་བཟའ་ཟླ་གཉིས་ཀ་ད་ལྟའི་འཚོ་བར་ཡིད་ཚིམས་ནས་ལས་རྐང་ཐོག་འབད་འབུངས་བྱེད་བཞིན་མཆིས།  མོས་བཤད་རྒྱུར།  བཟོ་གྲྭའི་ནང་དུ་ལས་ཀར་ཞུགས་རྗེས། ཀུང་སིས་ཆེད་དུ་དགེ་རྒན་གདན་དྲངས་ནས་ང་ཚོར་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱེད་ཀྱིན་ཡོད། ཟླ་རེར་ངེད་གཉིས་ལ་སྒོར3000ཙམ་གྱི་ཡོང་སྒོ་ཡོད་པ་དང་། དེའི་ཁར་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་ཁ་གསབ་ཡོད་པས། ད་ལྟ་ང་ཚོས་རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་པར་སེམས་ཁྲལ་བྱེད་མི་དགོས་ཟེར།

བསོད་ནམས་བསྟན་འཕེལ་གྱིས་བཤད་རྒྱུར།  ང་ཚོའི་ཀུང་སིར་ལས་བཟོ་པ23ཡོད། གཙོ་བོ་རླངས་བཙོ་དང་ཁ་བཏུམ་པ། སྦྱོར་བ་སོགས་ཀྱི་ཐོན་སྐྱེད་བྱ་བ་གཉེར་དགོས། མི་རེའི་ལོ་རེའི་གླ་ཕོགས་སྒོར་ཁྲི3ལ་སླེབས་ཡོད།  སྐམས་ཤའི་ལྕགས་ཀྲིན་གྱི་ལས་གཞི་ཡོངས་སུ་གྲུབ་རྗེས། གློག་རྡུལ་ཚོང་དོན་སྟེགས་བུའི་ལམ་དུ་བསྐྱོད་བཞིན་ཡོད། མ་འོངས་པར་དྲ་སྟེང་གི་ཚོང་པར་མཉམ་འབྲེལ་བྱས་ཏེ་ཕྱིར་འཚོང་གི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན། དེ་ལྟར་བྱས་ན་ནང་ཆེན་རྫོང་གི་སྤུས་ལེགས་སྐམས་ཤའི་ཟོང་རྟགས་ཀྱི་མིང་གྲགས་ཆེ་རུ་གཏོང་ཐུབ་པར་མ་ཟད། ནོར་གནག་གི་ཐོན་རྫས་ཐོན་སྐྱེད་བྱས་ཏེ་ཚོང་རར་འགྲེམ་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ནས་བསོད་ནམས་བསྟན་འཕེལ་གྱིས་འཆར་གཞི་ཞིབ་མོ་བཀོད་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།