སངས་རྒྱས་རྒྱལ་གྱི་ཐང་གའི་ལས་གཏོད་ལམ་བུ།
2024.11.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་རེབ་གོང་སངས་རྒྱས་ཐང་ག་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ལྟེ་གནས་སུ་སྐྱོད་པ་ན།  ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་དང་། འཚེམ་དྲུབ། འཇིམ་བཟོའི་བརྩམས་ཆོས་སོགས་འགྲེམས་སྟོན་ཚོམས་ཆེན་དུ་བཤམས་ནས་སྒྱུ་རྩལ་གྱི་ཉམས་འགྱུར་ཟབ་མོ་མངོན་བཞིན་འདུག་པ་མཐོང་།

སངས་རྒྱས་རྒྱལ་ནི་ཁྱབ་སྤེལ་ལྟེ་གནས་འཛུགས་མཁན་ཡིན་ཞིང་། ཁོའི་ཕ་མེས་ཡང་མེས་ནས་བཟུང་ཐང་གའི་སྒྱུ་རྩལ་སློབ་སྦྱོང་དང་། ཞིབ་འཇུག རྒྱུན་འཛིན་བཅས་བྱས་པ་ནས་ད་ལྟའི་བར་སངས་རྒྱས་རྒྱལ་ནི་ཐང་གའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་མི་རབས་བརྒྱད་པ་དེ་ཡིན།

བཅར་འདྲི་བྱེད་སྐབས་སངས་རྒྱས་རྒྱལ་གྱིས་ང་ཐང་གའི་སྒྱུ་རྩལ་ལ་དགའ་ཞིང་། དེས་ང་ལ་གྲུབ་འབྲས་ཡང་གནང་བྱུང་།  ཆུང་དུས་ཁྱིམ་ཚང་དབུལ་བས་ཨ་ཕས་ཁྱིམ་ཚང་གང་བོ་སྐྱོང་ཕྱིར་རྟག་ཏུ་སྡེ་བའི་ནང་ནས་ཐང་ག་ཉོས་ཏེ། ཕྱོགས་ཡར་མར་ལ་བཙོང་གི་འགྲོ་བཞིན་ཡོད་ཟེར།  དུས་དེ་ནས་བཟུང་སངས་རྒྱས་རྒྱལ་གྱིས་ཐང་ག་ལ་སྤྲོ་སྣང་དང་། ཐང་ག་ལ་དོ་ཁུར། ཐང་ག་ལ་སློབ་སྦྱོང་བཅས་བྱེད་འགོ་བརྩམས།

ལོ8ལ་སླེབས་པའི་ལོ་དེར་སངས་རྒྱས་རྒྱལ་གྱིས་མི་ཚེའི་ཐང་གའི་བརྩམས་ཆོས་དང་པོ་སྟེ་ཤཱཀྱ་མུ་ནེའི་སྐུ་བརྙན་བཞེངས་པ་དང་། ཨ་ཕས་ཁོ་ལ་སྐུལ་མ་ཆེན་པོ་བྱས་པས། དུས་དེ་ནས་བཟུང་སངས་རྒྱས་རྒྱལ་གྱིས་ཐང་ག་བཞེངས་པའི་ལས་ལ་གཞོལ།

2008ལོའི་པེ་ཅིན་ཨའོ་རྩལ་འགྲན་ཚོགས་ཀྱི་སྔ་ནུབ་ཏུ་གྲོགས་པོ་ཞིག་གི་གདན་ཞུས་ལྟར་སངས་རྒྱས་རྒྱལ་གྱིས་མ་དངུལ་སྒོར5000གྲ་སྒྲིག་བྱས་པ་དང་སློབ་མ5འཁྲིད་དེ་པེ་ཅིན་དུ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་འགྲེམས་སྟོན་གྱི་བྱེད་སྒོར་ཞུགས། དེའི་རིང་སློབ་མ་ཚོས་ཐང་ག་གཅིག་ལས་མ་བཙོངས་པར་ཡོང་འབབ་སྒོར1000ལས་མེད་པས། སངས་རྒྱས་རྒྱལ་གྱིས་སྒོར་འབུམ་བཞི་བསྐྱིས་ནས་པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་གི་ཉེ་འགྲམ་དུ་སྨི་གྲུ་བཞི་མ7ཡོད་པའི་ཁང་བ་ཞིག་གླས་ནས“རེབ་གོང་སངས་རྒྱས་ཐང་གའི་ཁྱིམ་གཞིས”ཞེས་མིང་བཏགས་ཏེ་ཐང་ག་འབྲི་ཞོར་དུ་ཚོང་ལམ་འཚོལ་རྒྱུའི་སེམས་ཐག་བཅད།

བརྩོན་འགྲུས་ཅན་ལ་རྒྱལ་ཁ་ཐོབ་ཅེས་པ་ལྟར་ཉིན་ཞིག་པེ་ཅིན་དུ་བོད་ལུགས་གསོ་རིག་སྒོ་བསྟེན་སྨན་ཁང་གཉེར་མཁན་ཞིག་གིས་སངས་རྒྱས་རྒྱལ་གྱིས་ཐང་ག་བཞེངས་པའི་བརྒྱུད་རིམ་མཐོང་རྗེས། བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་གྱི་དོན་སྙིང་ལྡན་པའི་ཐང་ག་བཞེངས་འདོད་ཡོད་སྟབས་ཁོས་རིན་གོང་སྒོར་འབུམ་བཞི་སྤྲད་དེ་ཉོ་ཚོང་གི་གྲོས་མཐུན་བཞག བརྩམས་ཆོས་དེ་གྲུབ་རྗེས་ཉོ་མཁན་གྱི་བློ་ཡིད་ཚིམ་པོ་བྱུང་བ་དང་ཁོ་ལ་པེ་ཅིན་དུ་ལས་སྐྲུན་བྱེད་པར་བསྐྱོད་པའི་དངུལ་ཐོག་མ་དེ་ཐོབ་པ་རེད།  དེའི་རྗེས་སུ་ཁོ་ཚོས་ སྔར་ལས་བློ་རྩེ་གཅིག་སྒྲིམ་གྱིས་ལག་རྩལ་སྦྱོང་བརྡར་དང་རྩལ་ནུས་ཆེ་རུ་བཏང་བས། ཁོ་ཚོའི་སྙན་གྲགས་ལ་ཡིད་སྨོན་བྱེད་མཁན་ཇེ་མང་དུ་སོང་བ་རེད།

2015ལོར་སངས་རྒྱས་རྒྱལ་གྱིས་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་པ་དང་ཕ་ཡུལ་གྱི་མི་སྔར་ལས་མང་པོ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་རོགས་རམ་བྱེད་པའི་ཐོག་མའི་བསམ་འདུན་བཅངས་ཏེ་ཕྱིར་ཕ་ཡུལ་དུ་ལོག་པ་རེད།  2016ལོ་ནས་བཟུང་སངས་རྒྱས་རྒྱལ་གྱིས་སྔ་རྗེས་སུ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་ཁྱབ་སྤེལ་ལྟེ་གནས་དང་ཐང་གའི་ཐོན་སྐྱེད་འཁོར་ཁང་སྒྲིག་འཛུགས་བྱས་པ་དང་།  ཐུན་རིན་གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་འོག་སྲ་ཆས་སྒྲིག་བཀོད་སྔ་རྗེས་སུ་བསྐྲུན་ནས་ལས་གཉེར་བྱེད་འགོ་བརྩམས།

ད་ལྟ་ཁྱབ་སྤེལ་ལྟེ་གནས་སུ་ལྷ་བཟོ100ལྷག་ཡོད་པ་དང་ཁོ་ཚོའི་དཔུང་ཁག་སྟོབས་ཆེར་ཕྱིན་པ་མ་ཟད། རི་མོ་ཁང་གི་གཉེར་སྐྱོང་ཁེ་སྤོགས་ཀྱང་དེ་དང་ཆབས་ཅིག་འཕར་བཞིན་ཡོད་པ་རེད།

ཐང་ག་སྦྱོང་འདོད་ཡོད་པ་དང་གསར་གཏོད་ལས་སྐྲུན་གྱི་ཕུགས་འདུན་ཡོད་པའི་ཡུལ་མི་སྤུན་ཟླ་སྔར་ལས་མང་པོར་རོགས་རམ་བྱེད་ཆེད། སངས་རྒྱས་རྒྱལ་གྱིས་ཆེད་མངགས་འཇིམ་བཟོ་དང་། འཚེམ་དྲུབ། ཐང་གའི་དགེ་རྒན་བཅས་གདན་དྲངས་ནས་རིན་མི་དགོས་པར་གསོ་སྦྱོང་མཛུབ་སྟོན་བྱས་ཏེ། སྔ་རྗེས་སུ་སློབ་མ300གསོ་སྦྱོང་བྱས་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་དམིགས་ཏེ་ད་དུང་ཐོན་རྫས་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས།  ཁོ་ཚོའི་ཐོན་རྫས་བྲིན་ཚོང་སོགས་ཀྱི་གནད་དོན་ཐག་གཅོད་བྱས།

2021ལོའི་ཟླ10པར་ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་འབུམ་ལྔ་བཏང་ནས་ཁྱབ་སྤེལ་ལྟེ་གནས་ཀྱིས“རིག་གནས་ཐོན་ལས་དང་།  གཟུགས་འདས་རིག་གནས་ཤུལ་བཞག   དབུལ་སྐྱོར”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཁ་ཐོར་གྱི་རིག་གནས་ཁེ་ལས་དང་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་ལེགས་པོ་བྱས་ཏེ། རིག་གནས་དབུལ་སྐྱོར་གྱི་ཐོན་ལས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་།   ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དབུལ་ཐར་ཁྱིམ་ཚང་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱས།

ད་ལྟ་སངས་རྒྱས་རྒྱལ་གྱིས་པེ་ཅིང་དང་། ཀོང་ཀྲོའུ།  ཧྲིན་ཀྲིན།  ཐའེ་ཡོན་སོགས་སུ་རིག་གནས་ཁེ་ལས་དང་ལོ་ལྟར་ཐང་ག་ཉོ་ཚོང་གི་གན་རྒྱ་བཞག་ཡོད།

སློབ་མ་གསོ་སྐྱོང་གི་འདུ་ཤེས་སྐོར་གླེང་སྐབས་སངས་རྒྱས་རྒྱལ་གྱིས་བཤད་རྒྱུར། ཁོས་ལག་རྩལ་སྣ་གཅིག་སྦྱངས་ཚེ་འབྱོར་ཕྱུག་གི་འཚོ་བ་སྐྱེལ་ཐུབ་པ་མ་ཟད། ད་དུང་མི་ཞིག་གི་ལས་དབང་ལའང་འགྱུར་ལྡོག་གཏོང་ཐུབ་བསམ་ཡོད། སངས་རྒྱས་རྒྱལ་གྱི་སྣེ་ཁྲིད་འོག་སློབ་མ་མང་པོ་ཞིག་གིས་རང་ཉིད་ལ་དབང་བའི་ཕྱུག་འགྱུར་ལམ་བུ་ཞིག་རྙེད་ཡོད།

དཔལ་ལྡན་ནི་སངས་རྒྱས་རྒྱལ་གྱི་སློབ་མ་ཡིན་པ་དང་ཁོའི་རྗེས་འབྲངས་ནས་ཐང་གའི་ལག་རྩལ་སྦྱངས་ནས་ལོ་ངོ16འགོར་ཡོད། ད་ལྟ་དཔལ་ལྡན་ཞིང་ཆེན་གྱི་རིམ་པ་གཉིས་པའི་བཟོ་རྩལ་མཛེས་རྩལ་ཆེན་མོ་བར་གཏན་འཁེལ་བྱས་པ་མ་ཟད། ད་དུང་རང་ཉིད་ཀྱི་ལས་སྒྲུབ་ཁང་ཞིག་ཀྱང་ཐོ་འགོད་བྱས་ནས་བཙུགས་ཡོད།

སློབ་མ་སྟག་ལྷ་ཐར་གྱིས་བཤད་རྒྱུར། དགེ་རྒན་དང་མཉམ་དུ་ཐང་ག་སྦྱངས་པས་ངའི་འཚོ་བའི་ཆ་རྐྱེན་ཧ་ཅང་ཇེ་ལེགས་སུ་སོང་ཡོད།

སངས་རྒྱས་རྒྱལ་ཕྱུག་པོར་གྱུར་རྗེས་ཡུལ་མི་མི་བརྗེད་པར་གྲོང་གསེབ་དང་། རྒན་གསོ་ཁང་། སློབ་གྲྭ་བཅས་སུ་ཐེངས་མང་བསྐྱོད་དེ་མ་དངུལ་དང་དངོས་ཟོག་ཞལ་འདེབས་སུ་ཕུལ་བ་དང་།  2000ལོ་ནས་ད་ལྟའི་བར་སངས་རྒྱས་རྒྱལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་འབུམ་བརྒྱད་ལྷག་ཞལ་འདེབས་སུ་ཕུལ་བར་མ་ཟད།  སེང་གེ་གཤོང་སྡེ་བ་གོང་མའི་ཐུན་མོང་ལ་གཏའ་མར་བཞག་མེད་པའི་མ་དངུལ་སྒོར་འབུམ་གསུམ་ལྷག་བསྐྱིས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས།

དེ་ནས་སངས་རྒྱས་རྒྱལ་གྱི་ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།  ཁོས“རྗེས་མར་ཡུལ་སྐོར་བ་དང་ཁྲོམ་རའི་དགོས་མཁོ་གཞིར་བཟུང་སྟེ། མེ་ཏོག་དང་རྩི་ཤིང་དང་། མི་སྣ། བཀྲ་ཤིས་མཚོན་རྟགས་སོགས་བརྗོད་གཞིར་བྱས་པའི་རིག་གནས་གསར་སྐྲུན་གྱི་ཐོན་རྫས་གསར་སྤེལ་དང་གསར་རྩོམ་བྱས་ནས་ཐང་གར་རིག་གནས་ཀྱི་གཞི་རྒྱུ་དེ་བས་མང་བ་བསྣན་ཏེ་ཡུལ་སྐོར་བས་དགའ་བའི་སྤུས་ལེགས་ཐོན་རྫས་གཏོད་རྩིས་ཡོད་ཅེས་བཤད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།