མི་ལོ་ཉི་ཤུའི་དུས་ཡུན་སྤྱད་དེ་ཐང་རྒོད་ལྗང་མདོག་གི་ཞིང་ཁམས་སུ་བསྒྱུར་མཁན་ཝུའུ་ཧྲན་ཞང་།
2024.11.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མི་ལོ་ཉི་ཤུའི་དུས་ཡུན་སྤྱད་དེ་ཐང་རྒོད་ལྗང་མདོག་གི་ཞིང་ཁམས་སུ་བསྒྱུར་མཁན་ཝུའུ་ཧྲན་ཞང་།

—2024ལོའི་གཞན་ཕན་སྒྲུབ་པར་དགའ་བའི“མཚོ་སྔོན་གྱི་མི་བཟང”ཝུའུ་ཧྲན་ཞང་གི་གནས་ཚུལ་ཆེད་བཀོད།

མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མ་ཁྲང་ཡོན་ཡུལ་ཚོ་ཞ་ཁྲོན་ཁོའུ་སྡེ་བ་རུ། ལུང་ཀྲི་གཙང་པོ་ཧི་ན་ཐང་ཆེན་གྱི་ས་དམར་རི་བོའི་མདུན་བརྒྱུད་ནས་ཤང་ཤང་དལ་གྱིས་བཞུར་བཞིན་ཡོད་ཅིང་། ལུང་ཀྲི་གཙང་པོའི་རླབས་ཀྱིས་ས་དམར་ཁུར་བའི་འགྲོས་དང་བསྡོངས་ནས་སྡོང་བོ་འཛུགས་རྒྱུའི་རེ་འབོད་ཀྱང་གསང་མཐོར་སྒྲོག་བཞིན་ཡོད།

གྲོང་མི་ཚོས“ཡུས་ཀུང”ཞེས་ཆེ་མཐོང་བྱེད་ཀྱིན་པའི་ཝུའུ་ཧྲན་ཞང་གིས་མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་སྤྱད་དེ། ས་དམར་གྱིས་གཡོགས་པའི་ཐང་རྒོད་དེ་ཉིད་ད་ཆ་མེ་ཏོག་དམར་པོ་ཁྲ་ལམ་མེར་བཞད་སའི་རི་སྔོ་ཆུ་དྭངས་ཀྱི་དག་ཞིང་ཞིག་ཏུ་བསྒྱུར་ཡོད་ལ། མི་གཞན་གྱི་སྣང་ངོའི་འགྲུབ་ཐུབ་མེད་པའི་སྟོང་བསམ་དེ་ཝུའུ་ཧྲན་ཞང་གིས་མངོན་འགྱུར་བྱས།

ཟླ11པའི་ཚེས21ཉིན། གྲོང་ཚོ་དེར་དགུ་མགོ་ཚུགས་མ་ཐག་ཡིན་ནའང་། ཞ་ཁྲོན་ཁོའུ་སྡེ་བ་རུ་སྔར་བཞིན་ལུག་མིག་མེ་ཏོག་རྣམ་པར་བཞད་ཡོད་ལ། གྲོང་ཚོ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་བབ་ཆེས་དམའ་ཤོས་ཀྱི་གྲས་ཡིན་པ་དང་། མེ་ཏོག་སྣ་མང་དང་ཤིང་འབྲས་སྣ་ཚོགས་ཀྱིས་གྲོང་ཚོ་དེ་ཉིད་སྲུབས་མེད་དུ་བརྒྱན་ཡོད་པའི་དབང་གིས། གཞི་ནས་གྲོང་ཚོ་དེའི་སྡེ་མི་རྣམས་ཀྱང“མེ་ཏོག་དང་ཤིང་འབྲས”ལ་བརྟེན་ནས་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་བསྐྱོད་འགོ་བརྩམས།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཧྲོང་ཧུང་ལེན་གྱིས་ལོ་ཉི་ཤུའི་སྔོན་དུ་བྱུང་བའི་ཝུའུ་ཧྲན་ཞང་གི་བསམ་སྦྱོར་དེར་ཕྱིར་དྲན་བྱེད་སྐབས་བཤད་རྒྱུར། ལོ་ངོ་དུ་མའི་སྔོན་ལ།  ཐོན་སྐྱེད་རུ་ཁག་གིས་ས་དམར་གྱི་རི་བོ་དེའི་སྟེང་དུ་སིལ་སྡོང་བཙུགས་མྱོང་ནའང་། རྗེས་སུ་རྒྱུ་མཚན་གང་གི་དབང་ཡིན་མིན་མ་ཤེས་མོད་ཐང་རྒོད་ཀྱི་རྣམ་པར་འགྱུར་བ་བྱུང་མ་ཐུབ། སྐབས་དེར་ཝུའུ་ཧྲན་ཞང་གིས་ཉིན་རེར་རང་ཉིད་གཅིག་པུ་རི་སྟེང་དུ་འགོས་ནས་སྡོང་བོ་འཛུགས་པའི་ཚུལ་མཐོང་སྐབས། ཚང་མས་ཁོ་སྨྱོས་འདུག་ཅེས་བཤད་མྱོང་། ས་དམར་ལས་གྲུབ་པའི་རི་བོ་དེའི་ས་གཤིས་ལ་སྐྱུར་གཤིས་ཆེ་ཞིང་ས་ཆུ་ཤོར་སླ་བའི་དབང་གིས། ཐང་རྒོད་དེ་ལྟ་བུ་ཞིག་ལ་ཤིང་འབྲས་ཀྱི་སྡོང་བོ་འཛུགས་པ་ནི་ངལ་བ་འབྲས་མེད་ཅིག་མ་རེད་དམ། ད་ལྟ་ཕྱིར་དྲན་ཞིག་བྱས་ན་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད་ཟེར།

འོན་ཀྱང་གྲོང་མི་ཚོས་གླེན་པ་ཞེས་བོས་མྱོང་བ་དང་ཁྱིམ་མིས་ཀྱང་རྒྱབ་སྐྱོར་དེ་ཙམ་བྱས་མ་མྱོང་བའི“ཡུས་ཀུང་”གིས“སྡེ་བ་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་བསྒྱུར་འདོད་ཀྱི”ཕུགས་འདུན་དོན་གཉེར་གྱི་གོམ་སྟབས་ལ་ལྷོད་གཡེང་བག་ཙམ་ཡང་བྱུང་མ་མྱོང་།

1998ལོར་ཝུའུ་ཧྲན་ཞང་མེན་ཧི་རྫོང་ཆུ་བེད་འཆར་འགོད་ལས་གནས་ནས་ལས་འཁྱུར་ངལ་གསོ་བྱས་རྗེས་ཕྱིར་རང་ཁྱིམ་དུ་ལོག ཁོའི་དྲན་འཛིན་གྱི་གཏིང་ཟབ་ས་རུ།  ལོ་ན་ཆུང་དུས་ཀྱི་ཧོ་ན་ཐང་ཆེན་གྱི་ས་དམར་རི་བོའི་སྟེང་དུ། དེ་སྔ་ཁམ་བུའི་ནགས་ཚལ་ཞིག་ལྗང་ཐིང་ངེར་གནས་ཡོད་ཅིང་། དཔྱིད་ཀ་སླེབས་སྐབས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡིན། ཝུའུ་ཧྲན་ཞང་གིས་བཤད་རྒྱུར། ས་དམར་ལས་གྲུབ་པའི་ཐང་རྒོད་འབར་འབུར་མི་སྙོམས་པ་དེ་མཐོང་ཐེངས་རེར། སླར་ཡང་ལོ་ན་ཆུང་ངུའི་དུས་ཀྱི་ཁམ་བུའི་མེ་ཏོག་གི་ནགས་ཚལ་དེ་དྲན་པའི་ཡུལ་ལ་འཁོར་འཁོར་བྱས་བྱུང་། ལྗོན་ཤིང་བཏབ་ན་ཁོར་ཡུག་ལ་ཕན་པ་ཡོད་ལ་མི་ལ་ཡང་ཕན་པ་ངེས་ཅན་ཡོད་ཟེར།

2000ལོར་ཝུའུ་ཧྲན་ཞང་གིས་དངོས་སུ་ས་དམར་ལས་གྲུབ་པའི་སྒང་གཤོང་དེའི་སྟེང་དུ་སྡོང་བོ་འཛུགས་འགོ་བརྩམས་པར་མ་ཟད། ད་དུང་འཛུགས་བྱའི་སྡོང་བོ་ལའང་ཁོའི་དྲན་པའི་ཁྲོད་གསོན་གསོན་དུ་ཡོད་པའི་ཁམ་སྡོང་གི་ནགས་ཚལ་དེ་ལྟ་བུ་ཞིག་བསྐྲུན་རྒྱུ་ཐག་བཅད།

སྐབས་དེར་ཧི་ན་ཐང་ཆེན་དུ་ཆུ་འདྲེན་ཡུར་བ་མེད་པའི་དབང་གིས། ཝུའུ་ཧྲན་ཞང་གིས་རིའི་གཤམ་ནས་ཆུ་ཁུར་ནས་རི་མགོར་འགོ་དགོས་ཀྱིན་ཡོད། སྡོང་ཕྲུག་གཅིག་ལ་ཐེངས་རེར་ཆུ་ཟོ་བ་གཉིས་གཏོང་དགོས། ཆུ་ཟོ་བ་རེར་སྤྱི་རྒྱ་བཅུ་ལྷག་ཡོད། དབྱར་ཁར་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བའི་ཁར། ཉི་འོད་རབ་ཏུ་ཚ་བའི་དབང་གིས། ཉིན་དང་པོར་ཆུ་བཏང་མ་ཐག་པའི་སྡོང་ཕྲུག་གི་རྩད་པ་ཡོད་སའི་ས་ཀོང་དེ་ཉིན་གཉིས་པར་གས་ཁ་ཤོར་འགྲོ་གི་ཡོད་པས། ཁོས་བཙུགས་པའི་ཁམ་སྡོང་རབས་དང་པོའི་ནང་ནས་སྡོང་བོ་གཅིག་ཀྱང་གསོན་མ་ཐུབ།

བཙུགས་པའི་སྡོང་བོ་གཅིག་ཀྱང་གསོན་མ་ཐུབ་པའི་དབང་གིས། ཝུའུ་ཧྲན་ཞང་གིས་ལོ་གཅིག་ངལ་བ་འབྲས་མེད་ཀྱི་ངང་ནས་སྐྱེལ་དགོས་བྱུང་མོད། འོན་ཀྱང་སེམས་ལ་ཡུན་རིང་ཉར་བའི་ཕུགས་བསམ་དེའི་ཆེད་དུ་ཁོ་གཏན་ནས་བློ་ཕམ་སྐྱེས་མ་མྱོང་། ཕྱིས་སུ་ཁོས་རྐང་གསུམ་འཕྲུལ་རྟ་ཞིག་ཉོས་ནས་ས་རྒྱུ་སྤུས་ལེགས་སྐྱེལ་འདྲེན་བྱས་ཏེ་སྡོང་ཕྲུག་གི་རྩད་པའི་ས་རྒྱུ་ཇེ་ལེགས་སུ་བཏང་། སྡོང་ཕྲུག་ཁག་གཅིག་སྐམ་སོང་བ་ཡིན་ན་ཁོས་འཕྲལ་དུ་དེའི་ཚབ་ཏུ་ཤིང་སྣ་གསབ་འདེབས་བྱས། སྐབས་དེར་ཁོའི་སེམས་སུ་རེ་བ་ཉག་གཅིག་ཡོད་པ་ནི། ཐབས་བརྒྱ་ཇུས་སྟོང་འཐེན་ནས་སིལ་སྡོང་འཛུགས་ཅི་ཐུབ་བྱེད་དགོས་པའི་རེ་བ་དེ་ཁོ་ན་ལས་མེད།

ཁོས་ཡང་དང་བསྐྱར་དུ་སིལ་སྡོང་བཙུགས། ཡང་དང་བསྐྱར་དུ་གསབ་འཛུགས་བྱས། སྐམ་རྙིད་དུ་གྱུར་བའི་སྡོང་ཕྲུག་དག་གི་རྩད་པར་ཡང་དང་བསྐྱར་དུ་ཆུ་བཏང་།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། ། འཇིག་རྟེན་འདི་ན་དཀའ་བ་མེད། ། ཅེས་པ་ནང་བཞིན། བཙུགས་ནས་ཡུན་རིང་འགོར་བའི་ཁམ་བུའི་སྡོང་ཕྲུག་རེ་འགར་ནེམ་ལོ་རྒྱས་ཏེ་གསོན་མགོ་བརྩམས་པ་ན།  གནས་སྟངས་དེས་ཝུའུ་ཧྲན་ཞང་ལ་རེ་བའི་འོད་སྣང་བསྩལ་བར་མ་ཟད། ཁོའི་ཆུང་མ་ལའང་རེ་བའི་འོད་སྣང་མཐོང་བར་བྱས།

ཝུའུ་ཧྲན་ཞང་གིས་བཤད་རྒྱུར། ངའི་ཆུང་མས་དང་ཐོག་བསམ་ཤེས་བྱེད་ཐུབ་ཀྱིན་མེད་པའི་དབང་གིས་སིལ་སྡོང་འཛུགས་པའི་ལས་ཀར་རྒྱབ་སྐྱོར་ཡང་བྱེད་ཀྱིན་མེད། གང་ལགས་ཤེ་ན། ངའི་ཟླ་ཕོགས་ཚང་མ་སྡོང་ཕྲུག་འཛུགས་པའི་ཐད་སྤྱོད་ཀྱིན་ཡོད་ནའང་། ལས་དོན་དེར་དེ་བསྟུན་གྱི་གྲུབ་འབྲས་གཅིག་ཀྱང་མ་ལོན་པའི་དབང་གིས་ཡིན། ང་ཉིན་རེར་ཞོགས་པ་སྔ་མོ་རི་མགོ་འགོས་ནས་མཚན་མོ་ཕྱིར་རི་འདབས་སུ་ལོག་བཞིན་ཡོད་ཅིང་། ཉིན་གུང་ལྟོགས་དུས་རི་མགོ་ནས་ལམ་བྲོ་ཟས་ནས་བསྡད་པ་ཡིན། དུས་ཀྱི་རྒྱུ་བ་དཔྱིད་ནས་སྟོན་དང་སྟོན་ནས་དགུན་བཅས་རེས་མོས་སུ་འཁོར་བའི་བཞུད་ལམ་ཁྲོད། ཝུའུ་ཧྲན་ཞང་གིས་ལོ་ལྔའི་དུས་ཡུན་སྤྱད་དེ་ས་དམར་གྱི་སྒང་གཤོང་འབར་འབུར་མི་སྙོམས་པ་དེའི་སྟེང་དུ་རི་ལམ་ཞིག་བཏོད་དེ། ས་ཆུ་ཤོར་ཚབས་ཆེ་བའི་རི་ལྡེབས་དེའི་སྟེང་དུ་ལྗང་མདོག་གི་རེ་བ་བསྣན་ནས་མཛེས་སྡུག་གི་འབྱུང་འགྱུར་བསུ་ལ་རེ།

2005ལོར་ཝུའུ་ཧྲན་ཞང་གིས་སྤྱི་ཆིང10ཡོད་པའི་ཐང་རྒོད་ཅིག་འགན་གཙང་ལེན་བྱས་ཏེ། དུས་ཚོད་དང་སེམས་ཤུགས་ཚང་མ་སྡོང་བོ་འཛུགས་རྒྱུའི་ཐད་བཏང་བ་དང་། ལས་འཁྱུར་ངལ་གསོའི་དངུལ་གྱིས་མི་གླ་བས་དང་ས་རྐོ་འཕྲུལ་ཆས་གླས་པ། ས་རྒོད་སློག་ཏེ་ལམ་བཏོད་པ། ས་ཁོད་སྙོམས་པ་བཅས་བྱས་ནས། ཤིང་འབྲས་ཀྱི་སྡོང་ཕྲུག་མི་ཉུང་བ་ཞིག་ཀྱང་ཉོས།

སྡོང་ཕྲུག་གསོན་ཚད་ལ་འགན་ལེན་བྱེད་ཆེད། 2006ལོར་ཝུའུ་ཧྲན་ཞང་གིས་སླར་ཡང་མ་དངུལ་གསོག་འཇོག་བྱས་ཏེ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1.5ཡོད་པའི་ཆུ་གསོག་རྫིང་བུ་ཞིག་བསྐྲུན་པའི་དབང་གིས། སྦྱོར་བ་དེས་རི་ངོས་ཀྱི་ཆུ་འདྲེན་གནད་དོན་ཐག་གཅོད་བྱས་པ་དང་ནགས་འདེབས་ས་ཆའི་ཆུ་ཁུངས་ལ་འགན་ལེན་བྱས་པར་མ་ཟད། ལྗོན་ཤིང་གསོན་ཚད་ཀྱང་ཇེ་མཐོར་ཕྱིན། སྡོང་འཛུགས་ནགས་སྐྲུན་ཐད་དབུལ་བུན་མང་དུ་བསྐྱིས་ཡོད་པའི་དབང་གིས། ཁོས་དུ་ས་རྒྱུན་རང་གི་ཚ་བོ་མཐོང་ན་གནོང་འགྱོད་ཆེན་པོ་སྐྱེས་བཞིན་ཡོད།

ཝུའུ་ཧྲན་ཞང་གིས་བཤད་རྒྱུར། ལོ་དེ་དག་གི་རིང་ལ། ཚ་བོས་གཉེན་སྒྲིག་བྱས་ནས་ཁང་པ་ཉོ་བཞིན་པའི་སྐབས་དེར་ང་ལ་རོགས་བྱེད་འདོད་ཀྱི་སེམས་ཡོད་ཀྱང་ལག་ན་སྒོར་མོ་མེད་པའི་དབང་གིས་རོགས་རམ་ཅི་ཡང་བྱེད་མ་ཐུབ། དེ་བས་ལོ་དེ་དག་གི་རིང་ལ། ངས་དངུལ་བུན་འབད་པས་འཇལ་བ་ལས་མུ་མཐུད་འཆར་འགོད་ལྟར་ལས་ཀ་གཅིག་ཀྱང་སྒྲུབ་ཐུབ་མེད་ཟེར།

ཝུའུ་ཧྲན་ཞང་གིས་བཤད་ཀྱིན་པའི“འཆར་འགོད”ཅེས་པ་ནི། ཁོས་མུ་མཐུད་དུ་ས་དམར་ལས་གྲུབ་པའི་རི་སྟེང་གི་ས་རྒོད་སློག་ནས་ཆུ་ཡུར་འཐེན་རྒྱུ་དང་སྐས་ཞིང་བསྐྲུན་རྒྱུ་དེ་རེད། ཁོས་སྡོང་བོ་འཛུགས་ཞོར་དུ་ས་དམར་ལས་གྲུབ་པའི་རི་ལྡེབས་སུ་ཞིང་བསྐྲུན་ནས་འབྲུ་རིགས་འདེབས་རྒྱུ་ཚོད་ལྟ་བྱས་ནས། རི་བོ་དེ་སྔར་ལས་ལྗང་ཐིང་ཐིང་དུ་བསྒྱུར་རྒྱུའི་ཧམ་སེམས་བཅངས་ཡོད།

དེ་ལྟར་ཡིན་པའི་དབང་གིས་ཝུའུ་ཧྲན་ཞང་གི་སྒོ་ར་གྲུ་བཞི་དེ་ཁོའི་ཁྱིམ་མཚེས་ཚང་གི་ཡངས་ཤིང་རྒྱ་ཆེ་ལ་བབ་བརླིང་བརྗིད་ཆགས་ཀྱི་ཁང་པའི་གམ་ན་གཉོམ་ཆུང་ཆུང་དུ་གནས་ཡོད། ལོ་མང་བསགས་པའི་གསོག་དངུལ་ཚང་མ་ས་རྒོད་སློག་རྒྱུའི་ཐད་བཀོལ་བཞིན་ཡོད་པར་མ་ཟད། ཁྱིམ་གྱི་ཁང་པ་དེ་དུས་རབས་གོང་མའི་ལོ་རབས90པའི་དུས་ཀྱི་ཚོད་ན་གནས་ཡོད་ཅིང་། ཅིག་འགྱུར་ཡོད་པ་ཉག་གཅིག་ནི་ཁང་པའི་ནང་དུ་ཕོན་པོར་སྤུངས་ཡོད་པའི་དཔེ་ཆ་དག་རེད།

ཝུའུ་ཧྲན་ཞང་ནི་ཁྱིམ་གྱི་སློབ་ཆེན་སློབ་མ་གཅིག་པུ་དེ་ཡིན་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཆིང་ཧྭ་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་ཞིག་ཀྱང་ཡིན། ཁོ་གཞོན་ནུའི་དུས་སུ་ས་ཕྱོགས་གང་སར་ཡུལ་སྐོར་ལ་འགྲོ་བར་དགའ་ཞིང་དགའ་ཕྱོགས་སྣ་མང་ཡིན་པ། གླུ་ལེན་གར་རྩེད་བྱེད་ཤེས་པ། སློབ་སྦྱོང་ལ་དགའ་བ། ཞིབ་འཇུག་བྱེད་པར་སྤྲོ་བ་བཅས་ཀྱི་མི་ཞིག་ཡིན་ལ། འཐད་པའི་དོན་ལ་ཨུ་ཚུགས་ཨ་འཐས་བྱེད་མཁན་ཞིག་ཀྱང་ཡིན་པར་བརྟེན། དུས་ཡུན་ལོ་ངོ་ཉི་ཤུའི་རིང་རྒྱུན་འཁྱོངས་བྱས་ཏེ་སེམས་སུ་སྦྲུམ་པའི་ཕུགས་འདུན་དེ་མངོན་འགྱུར་བྱས།

ཝུའུ་ཧྲན་ཞང་གིས་བཤད་རྒྱུར། ངས་དཔེ་ཆ་ཧ་ཅང་མང་པོར་བལྟས་མྱོང་། སྐབས་དེར་ཤིང་སྡོང་འཛུགས་པར་ཆེད་དུ་དམིགས་ཏེ་དེའི་སྐོར་གྱི་དཔེ་ཆའང་མི་ཉུང་བ་ཞིག་ཉོས་མྱོང་། 《ཀྲུང་གོའི་སིལ་སྡོང་》དང《དེང་རབས་ཞིང་ལས》སོགས་དུས་དེབ་ཟླ་རེར་མངགས་ཉོ་བྱས་ཡོད་ཅིང་། ད་དུང་ལོ་རྒྱུས་སྐོར་གྱི་དཔེ་དེབ་ཀྱང་མང་པོ་ཞིག་ཉོས་མྱོང་ཟེར།

ཁོའི་ཆུང་མས་ཀྱང་དུས་ཚོད་རིམ་གྱིས་འདས་པའི་འགྲོས་དང་བསྟུན་ནས་ཁོར་རྒྱུས་ལོན་བསམ་ཤེས་བྱས་ནས། ཉིན་ལྟར་ཁོ་དང་མཉམ་དུ་རི་མགོར་འགོས་པ་དང་མཉམ་དུ་རི་འདབས་སུ་ལོག་པ། མཉམ་དུ་སྡོང་བོ་འཛུགས་པ། མཉམ་དུ་ཁམ་སྡོང་མེ་ཏོག་རབ་ཏུ་བཞད་པའི་ཉམས་སྣང་ལ་ལྟ་བཞིན་ཡོད།

དུས་ཚོད་རིམ་གྱིས་འདས་པའི་འགྲོས་དང་བསྟུན་ནས། མི་སྔར་ལས་མང་པོ་ཞིག་གིས་ཀྱང་ཁོའི་བྱས་རྗེས་མཐོང་ཐུབ་ཀྱིན་ཡོད་དེ། མིན་ཧི་རྫོང་འགྲིམ་འགྲུལ་སྡེ་ཁག་གིས་རི་མགོ་དེར་སྤྱི་ལེ2ཡོད་པའི་ཨར་འདམ་གྱི་ལམ་ཞིག་ལས་ཡོད་པ་དང་། ཆུ་བེད་སྡེ་ཁག་གིས་ཆུ་རྐ་ཞིག་འཐེན་ཡོད་ལ། སྡེ་བའི་ཁེ་ལས་པས་ཁོར་རོགས་རམ་བྱས་ནས་རི་སྟེང་དུ་ཁང་མིག7བསྐྲུན་པ་སོགས་བྱས།

ཡིད་ཕངས་པ་ཞིག་ལ། ཁོའི་ཆུང་མས་ཁོའི་ཕུགས་འདུན་དོན་གཉེར་བྱེད་རོགས་ཡས་མ་ཐུབ། ལོ་བཞིའི་སྔོན་ལ། ཁོའི་ཆུང་མ་ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བ་རེད། ཆུང་མ་འདས་རྗེས། ཁོས་ཆུང་མ་རང་དང་གཏན་དུ་གྱེས་པའི་སེམས་སྡུག་དང་ཁོ་མོར་བཅངས་པའི་དྲན་གདུང་དེ་སིལ་སྡོང་འདེབས་འཛུགས་ཀྱི་སྟེང་བསྒྱུར་ཏེ། ཁོའི་སིལ་སྡོང་འཛུགས་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ནས་ཁོས་བཙུགས་པའི་སིལ་སྡོང་ཡང་ཇེ་མང་ནས་ཇེ་མང་དུ་འཕེལ།

དེང་སྐབས་ཁམ་སྡོང་ནགས་ཚལ་གྱིས་ཧི་ན་ཐང་ཆེན་ལ་ཐང་མེད་པར་མཛེས་པར་བརྒྱན་ཏེ་ཞ་ཁྲོན་ཁོའུ་སྡེ་བ་ཡི་བཀྲག་མདངས་ལམ་ལམ་འཚེར་སའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ལོ་རེའི་དཔྱིད་ཀ་དང་དབྱར་དུས་སུ་རི་ངོས་སུ་དམར་མདངས་རབ་ཏུ་རྒྱས་པའི་ཁམ་སྡོང་མེ་ཏོག་གང་སར་བཞད་ཅིང་ལྗང་ཐིང་ཐིང་གི་རྩྭ་ལྗང་གིས་རི་ངོས་ཡོངས་སུ་ཁེབས་ཡོད་ཅིང་། ཁམ་བུ་འཐུ་བར་ཡོང་མཁན་གྱི་ཡུལ་སྐོར་བའི་རྒྱུ་བའང་མཚམས་ཆད་མ་མྱོང་།

ཝུའུ་ཧྲན་ཞང་གི་བུ་ཕྲུག་ཚོས་ཁམ་སྡོང་ནགས་ཚལ་དེར་བརྟེན་ནས་འཚོ་རྟེན་རྙེད་པར་མ་ཟད། གྲོང་ཚོས་ཀྱང་ཁམ་བུའི་ནགས་ཚལ་དེ་ལ་བརྟེན་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་སྐྲུན་རྩིས་བྱེད་ཀྱིན་ཡོད། དེང་སྐབས་ས་དམར་གྱི་རི་བོ་དེའི་སྟེང་མིག་ལ་ཐོགས་སའི་ལྗང་ཐིང་ཐིང་གི་ནགས་ཚལ་དེ་ནི་ཝུའུ་ཧྲན་ཞང་ལ་མཚོན་ནས་བཤད་ན། མི་ཡུལ་འདིའི་སྟེང་གི་སེམས་པ་གསོ་བྱེད་ཆེས་ཡག་ཤོས་དེ་ཅིས་ཀྱང་ཡིན།

ལུས་ཁམས་བདེ་ཐང་མིན་པའི་དབང་གིས་ཝུའུ་ཧྲན་ཞང“མཚོ་སྔོན་གྱི་མི་བཟང”ལ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་མ་ཐུབ། ཉིན་དེར་མིན་ཧི་རྫོང་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཆའོ་ཨེན་གྱིས་གཟི་བརྗིད་མཚན་སྙན་དཔང་ཡིག་དང་བྱ་དགའི་རྟགས་མ། མེ་ཏོག་གསར་པ་བཅས་ཝུའུ་ཧྲན་ཞང་གི་ཁྱིམ་དུ་བསྐྱལ། ལོ80སླེབས་ལ་ཡོད་པའི་བགྲེས་འཁོགས་དེས་ཆེད་དུ་གོས་གསར་པ་གྱོན་པ་དང་ཏང་རྟགས་བཏགས་ནས་ཕོ་ཚོད་ཆེ་བའི་སྒོ་ནས་ཁོའི་མ་འོངས་པའི་ཕུགས་བསམ་གླེང་ནས་བཤད་རྒྱུར། ལས་ཅི་ཞིག་བསྒྲུབ་རུང་བསྒྲུབ་ངོ་མ་ཡིན་ན་དེར་འབྲས་བུ་ལོན་པ་ཞིག་བྱེད་དགོས། ས་དམར་གྱི་རི་བོ་དེ་བཅོས་སྐྱོང་བྱེད་པའི་ཐད་ནས་ང་གོམ་པ་གཅིག་སྤོས་པ་ཙམ་རེད། དེང་སྐབས་ངའི་བུ་དང་བུའི་མནའ་མ། ངའི་བུ་མོ། བུ་མོའི་མག་པ་བཅས་ཚང་མ་ངའི་ཐང་རྒོད་བཅོས་སྐྱོང་གི་ལས་རིམ་ཁྲོད་དངོས་སུ་ཞུགས་ཡོད་ཅིང་། མ་འོངས་པར་མི་སྔར་ལས་མང་པོ་ཞིག་ལས་རིམ་འདིའི་ཁྲོད་ཞུགས་ཏེ། གནས་འདི་ཉིད་གཡུ་ལོ་བཀོད་པའི་ཞིང་ཁམས་ཞིག་ཏུ་བསྒྱུར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།