འདུན་མ་ཡིད་ལ་བཅངས་ནས་རྒྱུན་འཛིན་དར་སྤེལ་བྱས།
2024.12.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 སློབ་མ་རྣམས་ཀྱིས་ཐང་ག་འབྲི་བཞེངས་བྱེད་པའི་རྣམ་པ། 

ཟླ11པའི་ཚེས11ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བློ་བཟང་བསྟན་པའི་རེབ་གོང་ལྷ་རིས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་དུ། འགོ་གཙོ་བློ་བཟང་བསྟན་པས་སློབ་མ་ཚོའི་སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་གིས་ཐང་ག་འབྲི་བཞེངས་བྱེད་ཀྱིན་ཡོད་ལ།  ཞིབ་འཇུག་ཁང་དུ་འབྲི་སྨྱུག་གི་སྒྲ་མ་གཏོགས་གཞན་ཅི་ཡང་གོ་རྒྱུ་མི་འདུག

ཁོ་ཚོས་མཚམས་རེར་ཐོད་པའི་གཉེར་མ་བསྡུས་ནས་ཐིག་རྒྱག་ཚད་དང་ཐིག་རྒྱག་སྟངས་ལ་འདང་རྒྱག་པ་དང་། ལན་རེར་འཛུམ་ཞིག་ལངས་ཞོར་རང་གིས་བྲིས་པར་ཡིད་ཚིམ་པའི་ཚུལ་སྟོན་ཀྱིན་འདུག

བློ་བཟང་བསྟན་པས་དགའ་སྤྲོའི་ངང་ཁོ་ཚོའི་བྱ་བ་ངོ་སྤྲོད་བྱ་རྒྱུར། སྔོན་ཏག་ཏག་ལ་ང་ཚོས་རེབ་གོང་ཐང་གའི་སྲོལ་རྒྱུན་ཚོན་མདོག་དང་བཟོ་དབྱིབས་ལག་རྩལ་སོགས་ཀྱི་འཆད་ཁྲིད་སྤེལ་ནས། རྒྱལ་ཡོངས་ནས་ཡོང་བའི་ཐང་ག་འབྲི་བཞེངས་བྱེད་རྒྱུར་མོས་པ་ཡོད་མཁན་ཚོར་ཐང་གའི་ལོ་རྒྱུས་འགོ་ཁུངས་ངོ་སྤྲོད་ཞིབ་མོ་བྱས་ཤིང་། ཐང་གའི་སྒྱུ་རྩལ་དེ་ལོ་ཟླའི་འཕོ་འགྱུར་ཁྲོད་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ནས་མི་རིགས་རིག་གནས་ཀྱི་གཅེས་ནོར་དུ་གྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་གསལ་བཤད་བྱས་ལ། ཚོན་མདོག་སྡེབ་སྦྱོར་དང་ཐིག་རིས་ཇུས་འགོད་སོགས་འབྲི་བཞེངས་ཐབས་རྩལ་མཉམ་སྤྱོད་བྱས་ནས། ཐང་ག་འབྲི་བཞེངས་བྱེད་པར་མོས་པ་ཡོད་མཁན་ཚོར་དམིགས་བསལ་གྱི་སྒྱུ་རྩལ་རྣམ་པའི་མཛེས་ཉམས་ཚོར་དུ་བཅུག་ཟེར།

མི་རབས་དུ་མའི་རིང་ལ་ཐང་ག་དང་ལས་འབྲེལ་ཡོད་དེ། ང་ནི་མི་རབས་བཅུ་བཞི་པའི་རྒྱུན་འཛིན་པ་ཡིན། ལོ་ལྔ་ནས་བཟུང་། བློ་བཟང་བསྟན་པས་ཐང་ཀ་འབྲི་བཞེངས་སྐོར་ལ་སློབ་སྦྱོང་བྱེད་འགོ་བརྩམས་པ་དང་། ཁོའི་དགེ་རྒན་ནི་སྐབས་ལྔ་པའི་ཀྲུང་གོའི་བཟོ་རིས་མཛེས་རྩལ་མཁན་པོ་སྟེ་ཁོའི་ཕ་རྒན་ཆོས་རྒྱལ་རེད།

བློ་བཟང་བསྟན་པར་མཚོན་ནས་བཤད་ན། དེ་ནི་བརྗེད་ཐབས་བྲལ་བའི་ལོ་ཟླ་ཞིག་ཡིན་ཏེ། ནམ་རྒྱུན་སྦྱོང་བ་བྱེད་སྐབས། ཨ་ཕ་ཁོའི་འགྲམ་དུ་བསྡད་ནས་མིག་ཅེ་རེར་ལྟ་བ་ཡིན་ཟེར། ཨ་ཕས་ཐིག་རྒྱག་པར་རེ་བ་ནན་མོ་འདོན་པ་དང་། ཐིག་གཅིག་ཀྱང་ནོར་དུ་མི་འཇུག་སྟེ།  ཤུགས་ཚད་དང་འཁྱོག་ཚད་ཚང་མ་ཚད་དང་རན་པ་ཡིན་དགོས་ལ། གལ་ཏེ་ཚད་ཐིག་ལ་མ་ལོན་ཚེ། ང་ལ་ཡང་བསྐྱར་འབྲི་རུ་བཅུག་ནས་ཁོའི་ཡིད་ཚིམ་རག་བར་དུ་འབྲི་དགོས། ཚོན་སྡེབ་སྦྱོར་ཐད་ལའང་དེ་བཞིན་ཡིན་ཏེ། ཚོས་མདངས་ལ་ཁྱད་པར་ཅུང་ཙམ་ཤོར་ཚེ། ཁོས་སྣང་མེད་དུ་མི་འཇོག་པར། གཟབ་ནན་སྒོས་ང་ལ་ཞིབ་བརྡར་དང་སྡེབ་སྦྱོར་བྱེད་པའི་རེ་བ་འདོན་སྲིད།

ཁོས་ནམ་རྒྱུན་ཨ་ཕས་ཐང་ག་ནི་མི་རིགས་ཀྱི་ཁྱད་ཆོས་ཡིན་ལ། དེས་སྔོན་རབས་པའི་བློ་གྲོས་དང་དད་མོས་མཚོན་ཡོད་པས། ངེས་པར་དུ་གུས་སེམས་རྣམ་དག་བཅངས་དགོས་ཞེས་བཤད་པ་ཡིད་ལ་ཝ་ལེར་ཤར་ཡོང་ཟེར། ཕ་དམ་པའི་སློབ་སྟོན་འོག བློ་བཟང་བསྟན་པས་ཡུན་གྱིས་ཐང་ག་འབྲི་བཞེངས་བྱེད་པ་ནི་རྩལ་ནུས་ཤིག་ཡིན་པར་མ་ཟད་རྒྱུན་འཛིན་ཞིག་དང་ཡབ་མེས་ཀྱི་འགན་འཁྲི་རྒྱུན་སྲིང་བྱས་པ་ཞིག་ཡིན་པ་རྟོགས།

ཨ་ཕས་རེ་བ་ནན་མོ་བཏོན་པར་བརྟེན། བློ་བཟང་བསྟན་པས་སྦྱངས་བ་དཔྱིས་ཕྱིན་པ་བྱས་ནས་གྲུབ་འབྲས་ངེས་ཅན་བླངས་པ་དང་། འབྲི་བཞེངས་རྩལ་ནུས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན། 2006ལོར། ཐང་ག་འབྲི་ཁང་བཙུགས་ནས་སློབ་མ་མང་པོ་བསྡུས་པར་མ་ཟད། རང་གིས་སྦྱངས་པའི་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ལག་རྩལ་གྱི་ཤེས་བྱ་ཡོད་ཚད་ཆད་ལྷག་མེད་པར་ཁྲིད་གང་ཐུབ་བྱས།

བློ་བཟང་བསྟན་པས་ཀྱང་རང་གི་ཨ་ཕ་ནང་བཞིན་སློབ་མ་རེ་རེར་སློབ་གསོ་ནན་མོ་བཏང་ནས་འགན་ཁུར་གྱིན་ཡོད། སློབ་མ་མགོན་པོས་བཤད་རྒྱུར། དགེ་རྒན་གྱིས་སྔོན་ཆད་ང་ཚོར་ཐང་ག་འབྲི་བཞེངས་བྱེད་སྐབས་སེམས་ལྷོད་ལ་འབབ་དགོས་ཞེས་བཤད་མྱོང་ཟེར།

སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད། བློ་བཟང་བསྟན་པས་སློབ་མ་རྣམས་ཀྱི་ཐང་ག་འབྲི་བཞེངས་བྱེད་སྐབས་ཀྱི་རྣམ་འགྱུར་ལ་ཉམས་འཇོག་བྱེད་ཀྱིན་ཡོད་དེ། ལན་རེར་སློབ་མ་ཚོའི་སེམས་རྣལ་དུ་ཕབ་མི་ཐུབ་པར་སྡོད་སྐབས་ཁོས་ངག་འཇམ་པོས་གསལ་འདེབས་བྱེད་པ་དང་། རང་གི་ལོ་ངོ་མང་པོའི་ཉམས་མྱོང་བརྒྱུད་ཁོ་ཚོར་ཁྲིད་སྟོན་བྱས་ནས་སེམས་ལྷོད་ལ་འབབ་ཏུ་བཅུག ཁོས་ད་དུང་རང་གིས་ཡིད་སྣང་མི་འདྲ་བའི་སྐབས་འབྲི་བཞེངས་བྱས་པའི་ཐང་གའི་བརྩམས་ཆོས་ཁྱེར་ཡོང་ནས་སློབ་མ་ཚོར་བསྟན་པར་མ་ཟད་འགྲེལ་བཤད་བྱས་ཏེ། སློབ་མ་ཚོར་ཡིད་སྣང་མི་འདྲ་བའི་སྐབས་ཀྱི་བརྩམས་ཆོས་འབྲི་ཚུལ་མི་འདྲ་བ་དང་། ཡིད་སྣང་གིས་ཐང་གའི་རྒྱུ་སྤུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པར་རྒྱུས་ལོན་གསལ་བོ་བྱེད་དུ་བཅུག

བློ་བཟང་བསྟན་པས་ནམ་རྒྱུན་སློབ་མ་ཚོར་ཐང་ག་འབྲི་བཞེངས་བྱེད་པ་ནི་ཞིབ་ཚགས་ལྡན་དགོས་པའི་སྒྱུ་རྩལ་ཞིག་ཡིན་ལ། ལས་ཀ་ལྕི་མོ་བྱེད་མི་ཉན་ཏེ། དེས་ལག་པ་འདར་བར་བྱས་ནས་ཐང་ག་འབྲི་བཞེངས་སྐབས་གལ་འགངས་ཆེ་བའི་ཚོད་འཛིན་ཤུགས་དང་མཚོན་ཤུགས་ལ་ཤུགས་རྐྱེན་ཐེབས་ཏེ། ཐིག་རིས་དང་ཚོན་མདོག་ཚད་དང་ལྡན་པ་ཞིག་ཡོང་མི་ཐུབ་ཅེས་བཤད་ཀྱིན་ཡོད།

ཁོས་དཀའ་ངལ་ཡོད་པའི་སློབ་མ་ཚོར་སེམས་ཁུར་བྱེད་ཀྱིན་ཡོད་དེ། རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས་ཤིང་། ངེས་མཁོའི་འཚོ་བའི་དངོས་རྒྱུ་འདོན་སྤྲོད་བྱས་པར་མ་ཟད་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱས། ཁོས་སློབ་མ་ཚོར་འདང་རྒྱག་ས་གཞན་མེད་པར་སེམས་རྣལ་མོས་ཐང་ག་འབྲི་བཞེངས་ཀྱི་རྩལ་ནུས་སློབ་སྦྱོང་བྱེད་པའི་རེ་བ་བཅངས་ཡོད།

བློ་བཟང་བསྟན་པས་སེམས་ཞིབ་མོའི་སློབ་གསོ་འོག ཐང་ག་སྒྱུ་རྩལ་ཐད་ཀྱི་ན་གཞོན་འཇོན་མི་ལྔ་བརྒྱ་ལྷག་སྐྱེད་སྲིང་བྱས་པ་དང་། དེའི་ནང་། སློབ་མ་སུམ་ཅུ་ལྷག་ཁུལ་རིམ་པ་དང་ཞིང་ཆེན་རིམ་པའི་བཟོ་རྩལ་མཛེས་རྩལ་མཁན་པོའི་གྲལ་སྟར་ཁྲོད་ནས་གཟེངས་སུ་ཐོན་ལ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་རྐང་འཛིན་པར་གྱུར་ཡོད། མིག་སྔའི་བར་དུ། ཁོ་དང་སློབ་མ་ཚོས་བསྡོམས་པས་ཐང་ག་སྟོང་གཉིས་དང་དྲུག་བརྒྱ་ལྷག་འབྲི་བཞེངས་བྱས་པ་དང་། ཁོའི་ཐང་ག་སྒྱུ་རྩལ་གླིང་ལ་ཡང་རྨ་ལྷོ་ཁུལ་རེབ་གོང་རིག་གནས་འཇོན་མིའི་སྐྱེད་སྲིང་དཔེ་སྟོན་རྟེན་གཞིའི་མིང་བཏགས།

བློ་བཟང་བསྟན་པས། དྲང་སྲུང་དང་གསར་གཏོད་ནི་ཐང་ག་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དུས་རབས་ཀྱི་དཔྱད་གཞི་ཡིན་བསམ་པ་དང་། དྲང་སྲུང་ནི་སྲོལ་རྒྱུན་ལ་གུས་མཐོང་དང་རྒྱུན་འཛིན་བྱེད་པ་དེ་ཡིན་ལ། ལྷ་བཟོས་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུན་འཛིན་བྱས་པའི་ཐང་ཀ་འབྲི་བཞེངས་ཀྱི་བཟོ་རྩལ་བརྩི་སྲུང་ནན་མོ་བྱས་ནས། རི་མོའི་མཚོན་བཀོད་དང་ཐིག་རིས་འགོད་པ། ཚོན་མདོག་ནས་མཚོན་བྱེད་དོན་སྙིང་གང་གིས་ཕྱོགས་ནས་ཀྱང་བྲོ་བ་རྣལ་མ་སོར་འཇོག་བྱས་ཡོད། རི་མོའི་མཚོན་བཀོད་ཕྱོགས་ནས། སྲོལ་རྒྱུན་གྱི་ཆ་འགྲིག་དོ་མཉམ་གྱི་ཆོས་ཉིད་གཞིར་བཟུང་ནས། ཐང་ཀ་འབྲི་བཞེངས་ཐད་ནས་བརྟན་འཇགས་འཆམ་མཐུན་ངོམས་པར་ཁག་ཐེག་བྱས། ཚོན་མདོག་ཕྱོགས་ནས། རྒྱ་མཚལ་དང་མཐིང་སྔོན། སྤང་མ་སོགས་སྲོལ་རྒྱུན་གྱི་གཏེར་རྫས་ཚོན་རྫས་བཀོལ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས། ལྷ་བཟོས་སེམས་ཞིབ་མོས་ཞིབ་འཐག་སྡེབ་སྒྲིག་བྱས་རྗེས། ཐང་ཀའི་ཚོན་མདོག་ཡལ་དཀའ་བ་དང་། ཐང་ཀར་ཉམས་པ་མེད་པའི་འགུག་ཤུགས་དང་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་གཏིང་ཚད་བསྩལ།

བློ་བཟང་བསྟན་པས། གསར་གཏོད་ནི་ཐང་ག་སྒྱུ་རྩལ་དེ་དེང་རབས་སྤྱི་ཚོགས་སྟེང་འཕེལ་རྒྱས་སུ་གཏོང་བའི་སྲོག་རྩ་ལྟ་བུ་ཡིན་ཟེར། ཁོས་གསར་རྩོམ་གྱི་བརྗོད་བྱའི་སྟེང་ནས་སྤོབས་པ་ཆེན་པོས་འགག་སྒྲོལ་བྱས་པ་དང་། སྲོལ་རྒྱུན་གྱི་འབྲི་བཞེངས་བརྗོད་བྱ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་མཚོ་སྔོན་གྱི་མཚོན་བྱེད་རང་བཞིན་ལྡན་པའི་རྒྱུ་ཆ་ཐང་གའི་འབྲི་བཞེངས་ཁྲོད་འདྲེས་པར་བྱས་པ་དང་། ཡང་ན་གསོན་ཉམས་ལྡན་པའི་སྒོ་ནས་བོད་འབྲེལ་ས་ཁུལ་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་མངོན་པར་བྱས་ཤིང་། གནའ་བའི་སྒྱུ་རྩལ་གྱི་རྣམ་པ་སྟེ་ཐང་ག་འདི་དང་དེང་རབས་ཀྱི་འཚོ་བ་གཉིས་འབྲེལ་འདྲིས་དམ་པོ་བྱས་ཏེ། ཐང་ཀ་དེ་མི་ཚོའི་འཚོ་བ་དང་སྔར་ལས་ཐག་ཉེ་བར་བྱས།

བློ་བཟང་བསྟན་པས་བཤད་རྒྱུར། ངས་སློབ་མ་དྲུག་ཅུ་ལྷག་ཁྲིད་དེ་སྤྱིའི་རིང་ཚད་ལ་རྨིད་བརྒྱ་དང་གོ་ལྔ་དང་གྲངས་ཆུང་དྲུག་ཡོད་པའི་ཐང་ག་ཆེན་མོ་མཁའ་ལམ་ཞེས་པ་འབྲི་བཞེངས་བྱས་པ་ཡིན། བརྩམས་ཆོས་དེ་བརྗིད་ཆགས་ཡིད་འོང་གི་ལོ་རྒྱུས་ཀྱི་རི་མོ་ཞིག་དང་འདྲ་བར། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་མི་གཞུང་མཛེས་ལྗོངས་དང་ཁྱད་དུ་འཕགས་པའི་ཡུལ་སྲོལ་གོམས་གཤིས་གསལ་བོར་བྲིས་ཡོད་ལ། རི་མོ་རེ་རེས་ཏང་གི་འགོ་ཁྲིད་འོག བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་ས་དེའི་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཚོན་པ་དང་། བརྩམས་ཆོས་དེ་ཐང་ག་ཁོ་ན་ཙམ་མིན་པར་དུས་རབས་ཀྱི་དྲན་ཤེས་དང་མི་རིགས་ཀྱི་བརྩེ་སེམས་འདུ་བའི་མཛད་རྗེས་རྡོ་རིང་ལྟ་བུ་ཞིག་ཡིན་ཟེར།

ཐང་ག་འབྲི་བཞེངས་ཐད་ནས་ཀྱང་སྲོལ་རྒྱུན་གྱི་རིས་རས་ཁོ་ནའི་སྟེང་འབྲི་བཞེངས་བྱེད་པ་ལས་གཞན་ད་དུང་དེང་རབས་ཀྱི་བཟོ་རྩལ་ཐོན་རྫས་ཀྱི་ཁྱབ་ཁོངས་སུ་ཡང་རྒྱ་བསྐྱེད། བློ་བཟང་བསྟན་པས་འབྲི་བཞེངས་བྱས་པའི་ཤིང་ལེབ་ནག་པོའི་ཐང་ག་དང་གཡང་ཊི་བརྐོས་ཐང་སོགས་ཐང་གའི་རིགས་ཉི་ཤུ་ལྷག་ལ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད། དེར་མ་ཟད། བློ་བཟང་བསྟན་པ་དང་ཁོའི་དཔུང་སྡེ་ཡིས་རྒྱལ་སྤྱིའི་བརྗེ་རེས་བྱ་འགུལ་སྤེལ་ནས། ཐང་ག་སྒྱུ་རྩལ་དེ་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་པར་བྱས། རྒྱལ་སྤྱིའི་སྒྱུ་རྩལ་འགྲེམ་སྟོན་སྟེང་། ཐང་གས་རང་སྟེང་གི་ཁྱད་དུ་འཕགས་པའི་འགུག་ཤུགས་ལ་བརྟེན་ནས་ཕྱི་རྒྱལ་གྱི་གྲོགས་པོ་མང་པོའི་མིག་དབང་འཕྲོག་པ་དང་། ཐང་གའི་ཚོན་མདངས་དང་རི་མོའི་མཚོན་བཀོད། གཏིང་ཟབ་པའི་རིག་གནས་གོ་དོན་གྱིས་ཁོ་ཚོའི་ཡིད་སེམས་བཀུག བརྗེ་རེས་བྱ་འགུལ་དེ་དག་བརྒྱུད་དེ། ཐང་ག་སྒྱུ་རྩལ་རྒྱལ་ནང་ནས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་གསར་བ་ཐོབ་པ་དང་། རྒྱལ་སྤྱིའི་སྒྱུ་རྩལ་ཁྱབ་ཁོངས་སུ་ཡང་མཚན་སྙན་ཆེན་པོ་ཐོབ་ནས། འཛམ་གླིང་གིས་ཀྲུང་ཧྭའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།

བློ་བཟང་བསྟན་པས་བརྩེ་སེམས་དང་བཅས་ཏེ་བཤད་རྒྱུར། བློ་རྩ་བརྟན་པོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཏེ། ཐང་གའི་སྒྱུ་རྩལ་དེ་གྲོང་གསེབ་དར་སྤེལ་གྱི་ཁྱད་ལྡན་ཐོན་ལས་སུ་འགྱུར་བར་བྱེད་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་ཐད་གསོན་ཤུགས་སྣོན་དགོས་པ་དང་། རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པའི་ཕྱོགས་ནས། ཐང་གའི་ལག་རྩལ་བརྒྱུད་ཁྲིད་བྱས་ཏེ། གནའ་བོའི་སྒྱུ་རྩལ་འདི་ཉིད་རྒྱུན་འཛིན་བྱེད་ཐུབ་པར་བྱེད་རྒྱུ་ཡིན་ལ། མི་རིགས་ས་ཁུལ་གྱི་རིག་གནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་ནས་རྒྱུན་མཐུད་ངང་ཤུགས་བཏོན་ནས། མི་རིགས་ས་ཁུལ་གྱི་དར་རྒྱས་གོང་འཕེལ་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བ་དང་། ཐང་གའི་སྒྱུ་རྩལ་གྱི་དུས་རབས་གསར་བའི་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་རྒྱུ་ཡིན་ཟེར།

ལྷ་མོ་འཚོ་དང་རིན་ཆེན་མཚོས་བསྒྱུར།