——2024ལོའི་ལྷག་བསམ་ལྡན་པའི་མཚོ་སྔོན་གྱི་མི་བཟང་བསོད་ནམས་ཀུན་མཁྱེན་གྱི་གནས་ཚུལ་བཀོད་པ།
བསོད་ནམས་ཀུན་མཁྱེན་གྱིས་གཞི་རིམ་དུ་བརྟག་དཔྱད་བྱེད་ཀྱིན་པའི་རྣམ་པ།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གྲང་ངར་གྱི་ལྷགས་པས་གཙེས་ཀྱིན་འདུག ཟླ12པའི་ཚེས4ཉིན། གསར་འགོད་པ་ཡུས་ཧྲུའུ་གྲོང་ཁྱེར་ནས་འབྲི་སྟོད་རྫོང་ཟོ་རྐྱ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་ཡོང་ནས་ལོ་རབས་བརྒྱད་ཅུའི་རྗེས་ཀྱི་བོད་རིགས་སྨན་པ་མིང་གྲགས་ཅན་བསོད་ནམས་ཀུན་མཁྱེན་ལ་ཐུག
གདོང་མདོག་ནག་ཅིང་མིག་མདངས་གསལ་བ། ལུས་པོ་དགྱེ་ལ་མཚོན་བྱེད་རང་བཞིན་གྱི་ལས་ལྭ་དཀར་པོ་གྱོན་པའི་བསོད་ནམས་ཀུན་མཁྱེན་གྱིས་ཁོ་ཚོར་བག་ཆགས་ཟབ་མོ་ཞིག་བཞག ཉིན་དེར། འཕྲོད་བསྟེན་ཁང་གི་ལྷས་རར་ནད་པ་བཅུ་ལྷག་གྲལ་སྒྲིག་ཡོད་ལ། བསོད་ནམས་ཀུན་མཁྱེན་གྱིས་བརྟག་དཔྱད་ཁང་དུ་བྲེལ་བྲེལ་འཚུབ་འཚུབ་ངང་རྩ་ལ་བརྟག་ཞིང་། ནད་བརྟག་འདྲི་བ། སྨན་སྟེར་བ་བཅས་བྱེད་ཀྱིན་འདུག
1981ལོར། བསོད་ནམས་ཀུན་མཁྱེན་འབྲི་སྟོད་རྫོང་ཟོ་རྐྱ་ཡུལ་ཚོའི་བོད་ལུགས་གསོ་རིག་རྒྱུན་འཛིན་བྱེད་པའི་ཁྱིམ་ཚང་ཞིག་ནས་སྐྱེས། ལོ་ན་ཆུང་དུས་ཁོ་རང་ཡུལ་ཚོའི་སྨན་པ་སྟེ་ཁོང་གི་ཨ་ཕའི་རྗེས་འབྲངས་ནས་ས་གང་སར་སོང་བ་དང་། ལོ་བཅོ་ལྔར་སོན་དུས། བསོད་ནམས་ཀུན་མཁྱེན་གྱིས་ཨ་ཕའི་སྨན་སྒམ་ཁྱེར་ནས་བདེ་ཁམས་བོད་ལུགས་གསོ་རིག་གི་མི་རབས་བཅུ་གསུམ་པའི་རྒྱུན་འཛིན་པར་གྱུར།
2012ལོར། བསོད་ནམས་ཀུན་མཁྱེན་ཟོ་རྐྱ་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་འགོ་གཙོར་གྱུར་ཅིང་། སྐབས་དེར། འཕྲོད་བསྟེན་ཁང་ལ་སྨན་པ་གཉིས་མ་གཏོགས་མེད་པས་སྨན་པར་བསྟེན་མཁན་ཡང་མང་པོ་མེད། བསོད་ནམས་ཀུན་མཁྱེན་གྱིས་འདས་ཟིན་ལ་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། སྐབས་དེར་ཆ་རྐྱེན་ཧ་ཅང་ཞན་པས་སྨན་པ་བྱེད་མཁན་མེད་ལ། ནད་པའང་ཡོང་འདོད་མེད་ཟེར།
དཀའ་ཁག་དེ་འདྲར་འཕྲད་སྐབས། བསོད་ནམས་ཀུན་མཁྱེན་གྱིས་དཀའ་བ་སྤྱད་ནས་གསོ་རིག་ཤེས་བྱ་སྦྱངས་པ་དང་། རང་ངོས་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་ལས་གཞན། ས་གནས་དེ་གའི་འཇོན་མི་སྐྱེད་སྲིང་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་མཐོར་འདེགས་བཏང་།
ལོ་ངོ་སོ་གཉིས་ལོན་པའི་བཀྲ་ཤིས་ཚེ་རིང་ལ་དྲེག་ནད་བྱུང་ནས་སྡུག་བསྔལ་བཟོད་གླགས་མེད་པ་ཡོད་པས། བསོད་ནམས་ཀུན་མཁྱེན་གྱིས་ཟླ་གཅིག་གི་རིང་ལ་སྨན་བཅོས་བྱས་པ་བརྒྱུད་མལ་ལས་ལངས་ནས་འགྲོ་ཐུབ་ཙམ་བྱུང་། བོད་ལྗོངས་ནག་ཆུའི་རྒད་པོ་དར་རྒྱས་ལ་གློ་གཅོང་གི་ནད་ཕོག་སྟེ་འཚོ་བར་རེ་ཐག་ཆད་ནས་འདུག་སྐབས། བསོད་ནམས་ཀུན་མཁྱེན་གྱིས་ཁོ་དངོས་སུ་ཡུལ་ཚོའི་འཕྲོད་བསྟེན་ཁང་ལ་བླངས་ནས་རིན་མེད་སྨན་བཅོས་བྱས་པ་དང་། མཇུག་མཐར་རྒད་པོའི་ནད་ཇེ་དགར་སོང་ཞིང་། རིམ་གྱིས་བསོད་ནམས་ཀུན་མཁྱེན་གྱི་མིང་གྲགས་ཇེ་ཆེར་སོང་ནས། ཟོ་རྐྱ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་སྨན་པར་བསྟེན་མཁན་རྒྱུན་མི་ཆད་པར་གྱུར།
བསོད་ནམས་ཀུན་མཁྱེན་གྱིས་བཤད་རྒྱུར། ལག་ཤེས་མཐོ་བ་མ་ཡིན་པར་ཀུན་སྤྱོད་ལ་རག་ལས་པ་དང་། ལག་རྩལ་བཟང་ངན་མ་ཡིན་པར་བྱམས་བརྩེ་ལ་རག་ལས་ཡོད། སྨན་པ་ཞིག་ཡིན་ན། ནད་ལ་བརྟག་པ་ནི་སེམས་གསོ་བ་དང་། སྨན་སྟེར་བ་ནི་བརྩེ་བ་སྦྱིན་པ་རེད་ཟེར།
ནད་པ་སུ་ལ་ཐུག་རུང་། བསོད་ནམས་ཀུན་མཁྱེན་གྱིས་ངང་རྒྱུད་རིང་པོས་སྨན་བཅོས་བྱེད་ཀྱིན་ཡོད། ཉིན་རེར། ཁོས་ཉིན་གུང་བར་དུ་བྱ་བ་བསྒྲུབས་པ་དང་། འཚབ་འཚུབ་ངང་ཟ་མ་ཟོས་རྗེས་སྨན་པ་འགའ་ཁྲིད་དེ་གཞི་རིམ་དུ་བརྟག་དཔྱད་བྱེད་པར་བསྐྱོད་པ་རེད། བསོད་ནམས་ཀུན་མཁྱེན་གྱིས་བྱ་བ་འདི་ལོ་ངོ་བཅུ་ལྷག་ལ་རྒྱུན་འཁྱོངས་བྱས།
ཟོ་རྐྱ་ཡུལ་ཚོའི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་བཞི་བརྒྱ་ལྷག་ཡོད་པ་དང་། ཆ་སྙོམས་མཚོ་འཕངས་སྨི4500ཡིན་ལ། དེའི་ཁོངས་སུ་འབྲོག་པའི་ཨུ་ཡོན་ལྷན་ཁང་བཞི་དང་འབྲོག་ལས་མཉམ་ལས་ཁང་བཅུ་བཞི་ཡོད་པ་དང་། ཡུལ་ཚོ་ཚང་མར་འབྲོག་ཁྱིམ1763དང་མི་གྲངས5673ཡོད།
བསོད་ནམས་ཀུན་མཁྱེན་སྡོད་སའི་ཟོ་རྐྱ་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་ཉེ་འཁོར་གྱི་སྤྱི་ལེ་བཅུའི་མཚམས་སུ་རྒྱུན་སྡོད་འབྲོག་པ300ལས་མེད་ཅིང་། དེ་ལས་འབྲོག་པ5000ལྷག་འཕྲོད་བསྟེན་ཁང་དང་སྤྱི་ལེ་བཅུ་ལས་རིང་བ་དང་ཡང་ན་སྤྱི་ལེ་བརྒྱ་ལྷག་གི་མཚམས་སུ་བསྡད་ཡོད།
བསོད་ནམས་ཀུན་མཁྱེན་གྱིས་བཤད་རྒྱུར། ནམ་རྒྱུན་རྒན་རྒོན་དང་བྱིས་པར་ནད་བྱུང་ནས་ལམ་ཐག་རིང་བོ་བརྒྱུད་དེ་སྨན་པ་བསྟེན་དུ་ཡོང་དུས། ངའི་སེམས་ནས་ངོ་མ་སྐྱིད་པོ་ཞིག་མ་རེད། དུས་ཡུན་རིང་པོར་སྤྲུག་གསིག་བྱས་ཚེ། ཁོ་ཚོའི་ནད་གཞི་སྔར་ལས་ཇེ་ལྗིད་ལ་འགྲོ་སྲིད་ཟེར།
ཐག་རིང་གི་འབྲོག་པ་མང་ཚོགས་ཀྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་ཆེད། བསོད་ནམས་ཀུན་མཁྱེན་གྱིས་འཕྲོད་བསྟེན་ཁང་གི་སྨན་པ་ཚོའི་སྣེ་ཁྲིད་ཅིང་སྨན་བཅོས་སྒྲིག་ཆས་དང་སྨན་རྫས་ཁྱེར་ཏེ། རི་ཆུ་བརྒལ་ནས་འབྲོག་པ་མང་ཚོགས་རྣམས་ལ་རིན་མེད་ཀྱིས་བརྟག་བཤེར་བྱས་པ་དང་བདེ་ཐང་ཡིག་ཚགས་བཟོས་ལ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས།
ཟོ་རྐྱ་ཡུལ་ཚོ་འདམ་ཆུ་སྡེ་བའི་འབྲོག་པ་ལྷ་མོ་ཡིས་བཤད་རྒྱུར། ང་ལ་སྔོན་ཆད་དྲེག་ནད་ལྗིད་མོ་ཞིག་ཕོག་ནས་ཕལ་ཆེར་འགྲོ་མི་ཐུབ་མོད། འགོ་གཙོ་བསོད་ནམས་ཀུན་མཁྱེན་དུས་ལྟར་ཁྱིམ་ལ་ཡོང་ནས་ནད་བརྟག་བྱས་ཤིང་སྨན་བྱིན་པ་རེད། ལན་རེར་སྒོར་མོ་མི་འདང་དུས། ཁོས་རོགས་བྱས་ཏེ་སྒོར་མོ་བྱིན་པ་དང་། ང་ལ་སེམས་བདེ་མོ་བྱས་ནས་ནད་གསོ་བའི་མངག་བཅོལ་ནན་མོ་བྱས། ད་བར། ངའི་ནད་གཞི་སྔར་ལས་ཇེ་བཟང་དུ་ཕྱིན་ལ། ཁོ་ཡོད་པས་སེམས་ཧ་ཅང་བདེ་མོ་ཞིག་རེད་ཟེར།
དགུན་ཕར་ལ་སྐྱེལ་ནས་དབྱར་ཚུར་ལ་བསུ་དུས། ཟོ་རྐྱ་ཡུལ་ཚོའི་རྩྭ་ཐང་དུ་ལས་ལྭ་དཀར་པོ་གྱོན་པའི་མི་བུ་ཁྱུ་གཅིག་ཡོད། ཉིན་མཚན་གང་ཡིན་རུང་། ཆར་རླུང་གང་ལ་འཕྲད་ཀྱང་། ཁྱིམ་ཚང་ཞིག་གི་མིར་ན་ཚ་བྱུང་ནས་བསོད་ནམས་ཀུན་མཁྱེན་ལ་འབྲེལ་གཏུག་བྱས་རྗེས། ཁོ་མྱུར་དུ་ཁྱིམ་ལ་ཡོང་ནས་སྨན་བཅོས་བྱེད་ངེས།
བསོད་ནམས་ཀུན་མཁྱེན་གྱིས་འདས་ཟིན་པའི་བྱ་བར་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། ལོ་ཞིག་གི་དགུན་ཁར། ང་ཕྱི་རོལ་དུ་སྨན་བཅོས་བྱེད་དུ་འགྲོ་བའི་ལམ་བར་དུ་སྟབས་མ་ལེགས་པར་འཕྲུལ་རྟ་ལས་ལྷུང་ནས་རྩིབས་རུས་གསུམ་བཅག་པས། ཉིན་དེའི་དགོང་མོ་ང་གཅིག་པུ་གནས་དེ་གར་ཞག་སྡོད་བྱས་ནས་སྐྱོབ་རོགས་ཡོང་བར་སྒུག་དགོས་བྱུང་། གནས་དེར་ནམ་རྒྱུན་སྤྱང་ཀི་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད་ལ། ད་ལྟ་འདང་ཞིག་བརྒྱབ་ན་ངོ་མ་སྐྲག་ས་ཞིག་རེད་ཟེར།
ཉེན་ཁར་འཕྲད་སྐབས། བསོད་ནམས་ཀུན་མཁྱེན་གྱིས་དེར་མགོ་མི་སྒུར་བར་བློ་གཅིག་སེམས་གཅིག་གིས་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུས་པ་དང་། ནད་པ་མང་པོར་སྨན་བཅོས་བྱས་ཏེ་ཁོ་ཚོ་བདེ་ཐང་ཡོང་བར་བྱས།
འབྲི་སྟོད་རྫོང་ནི་འབྲི་ཆུའི་འགོ་ཁུངས་ཁུལ་དུ་ཡོད་ལ། དེར་རྒྱུན་སྤྱོད་སྨན་རྩྭ་སྨན་མང་པོ་སྐྱེ་འདུག བསོད་ནམས་ཀུན་མཁྱེན་ལ་ཁོམ་ལོང་ཡོད་དུས། ནམ་རྒྱུན་ཕ་ཡུལ་གྱི་རི་ཁུལ་དང་ལུང་བ་མང་པོ་བརྒྱུད་ནས་སྨན་རྒྱུ་འཚོལ་བསྡུ་བྱས། བསྟུད་མར་ལོ་ངོ་དུ་མའི་རིང་གི་འབད་པ་བརྒྱུད། མིག་སྔར། ཟོ་རྐྱ་ཡུལ་ཚོའི་འཕྲོད་བསྟེན་ཁང་དུ་རང་གིས་འཐུས་ཤིང་སྡེབ་སྦྱོར་བྱས་པའི་བོད་སྨན་རིགས50ལྷག་ཡོད་ལ། བདེ་ཁམས་ཀྱི་མི་རབས་དུ་མའི་སྨན་པ་མིང་གྲགས་ཅན་གྱི་མེས་པོ་བརྒྱུད་པའི་བོད་སྨན་སྨན་རྫས་རིགས13འཚོལ་བསྡུ་དང་དག་སྒྲིག་བྱས།
ཕ་ཡུལ་དུ་གསོ་བ་རིག་པའི་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱ་ཆེད། བསོད་ནམས་ཀུན་མཁྱེན་གྱིས་སློབ་མ་བཅུ་ལྷག་བསྡུས་ནས། ཁོ་ཚོར་རྩྭ་སྨན་ངོས་འཛིན་དང་། བོད་སྨན་འདུལ་སྦྱོང་བྱེད་ཐབས་སོགས་ཁྲིད་པར་མ་ཟད། ལོ་ངོ་དུ་མའི་རིང་གི་སྨན་བཅོས་ཉམས་མྱོང་དང་སྨན་བཅོས་ལག་རྩལ་གཅིག་ཀྱང་མ་ལུས་པར་ཁོ་ཚོར་ཁྲིད་པ་རེད།
ལོ་ངོ་བཅོ་བརྒྱད་རིང་ལ། བསོད་ནམས་ཀུན་མཁྱེན་གྱིས་འབད་བརྩོན་ལྷོད་མེད་བྱས་ནས་ཟོ་རྐྱ་ཡུལ་ཚོའི་ཡུལ་ལུང་ཀུན་ཏུ་བསྐྱོད་པ་དང་། ཟོ་རྐྱ་ཡུལ་ཚོའི་འབྲོག་པ་མང་ཚོགས5000ལྷག་གི་ནད་གཞི་སེལ་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས། ཐག་ཉེ་རིང་ཀུན་ཏུ་མིང་གྲགས་ཆེ་བའི་སྨན་པ་བཟང་པོ་དང་། འབྲོག་པ་མང་ཚོགས་ཀྱི་སེམས་ནང་གི་བདེ་ཐང་སྲུང་མཁན་དུ་གྱུར།
ལྷ་མོ་འཚོས་བསྒྱུར།