ཡིད་རྟོན་ལ་བརྟེན་ནས་འབད་འབུངས་ཀྱི་ལས་ལ་སྙེག་མཁན།
2024.12.25 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 14

—2024ལོའི་གཞུང་དྲང་ཡིད་རྟོན་གྱི“མཚོ་སྔོན་གྱི་མི་བཟང”བཀྲ་ཤིས་མཚོ་ཡི་གནས་ཚུལ།

བཀྲ་ཤིས་མཚོ་ཡིས་ལག་ཏུ་མེ་ཏོག་བཟུང་སྟེ་གདོང་ལ་འཛུམ་མདངས་ཀྱིས་ཁེངས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནི་གངས་རི་ར་བས་བསྐོར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་ས་འཛིན་བདག་མོའི་མཛེས་ཉམས་རེ་རེ་ལས་རང་བྱུང་ཁམས་ཀྱིས་བསྩལ་བའི་དངོས་གྲུབ་ཉམས་སུ་མྱོང་ཐུབ། ཉེ་ལམ། གསར་འགོད་པ་ཆ་སྐོར་ཡུལ་ཚོའི་དགོ་རྩེ་སྡེ་བའི་རུ་ཁག་གཉིས་པའི་བཀྲ་ཤིས་མཚོའི་ཁྱིམ་དུ་ཐོན་པ་ན། ཁོ་མོས་ལས་ཀ་ལས་བཞིན་འདུག

བཀྲ་ཤིས་མཚོས་བྱང་ཆ་ལྡན་པའི་སྒོ་ནས་གཟན་རྩྭ་ལྡེ་གཅིག་ཡར་བཀྱགས་ནས་ཕྱུགས་རའི་ཕྱོགས་སུ་བསྐྱོད་པ་ན། ལག་ཏུ་བསྡམས་པའི་རྩྭ་ལྡེ་ཁོ་མོའི་གོམ་འགྲོས་དང་བསྟུན་ནས་སར་ལྷུང་བཞིན་ཡོད། ཟོག་རའི་ནང་དུ་ཐོན་པ་ན། ཤ་ཤེད་རྒྱས་པའི་ནོར་གནག་འགས་དེ་མ་ཐག་ཁོ་མོ་སྐོར་ཡོང་ཞིང་། ཁོ་མོས་གཟན་རྩྭ་ཆ་སྙོམས་ཀྱིས་བགོས་ཏེ་ནོར་ཚང་མར་བྱིན་པས། ནོར་གནག་རྣམས་འཚིང་ཁ་ཤིག་ཤིག་གིས་གཟན་རྩྭ་ཟ་བར་བྲེལ།

དེའི་རྗེས། ཁོ་མོས་ཡང་བསྐྱར་རྩྭ་ལྡེ་ཞིག་ཡར་བཀྱགས་ནས་ལུག་རའི་ཕྱོགས་སུ་བསྐྱོད། ནོར་ལུག་འདི་དག་ནི་ཕྱུག་འགྱུར་ནོར་བུ་ཡིན་པས། ཁོ་ཚོར་བདག་སྐྱོང་བཟང་པོ་བྱས་ཏེ་ཤ་ཤེད་ལྷུང་བ་དང་ནད་བྱུང་དུ་འཇུག་མི་རུང་། སང་ལོར་རིན་གོང་བཟང་པོ་ཞིག་ལེན་པ་དང་། ངེད་ཚང་གི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་བར་རེ་སྒུག་བྱས་ཡོད་ཅེས་བཀྲ་ཤིས་མཚོས་ལས་ཀ་ལས་བཞིན་དེ་ལྟར་བཤད་ཅིང་། མུ་མཐུད་དུ་གཟན་ཆས་སྟེར་བ་དང་ཆུ་ལྡུད་པར་བྲེལ་ཞིང་། ཁོ་མོས་ནོར་ལུག་ཚང་མས་གཟན་རྩྭ་འདང་ཚིམ་པ་ཟ་བར་ཁག་ཐེག་བྱས་ནས། གྲང་ངར་ཆེ་བའི་དགུན་གྱི་དུས་འདིར། ཁངས་གནོད་སོགས་འགོག་པའི་ནུས་ཤུགས་གསོག་འཇོག་བྱ་དགོས་ཟེར།

བཀྲ་ཤིས་མཚོ་ཉིན་རྒྱུན་རང་ཁྱིམ་གྱི་གསོ་སྤེལ་ར་བར་ལས་ལ་བྲེལ་བཞིན་པའི་རྣམ་པ་དང་། མིག་མདུན་གྱི་ཤ་ཤེད་རྒྱས་པའི་ནོར་ལུག་ལ་བལྟས་ན། ཁོ་མོའི་གསོ་སྤེལ་གྱི་ཐོན་ལས་ལ་སྔར་ལས་བཟང་བའི་མདུན་ལྗོངས་ཡོད་པ་ཤེས་ཐུབ།

དེ་སྔོན། ཁྱིམ་གྱི་གནས་ཚུལ་ད་ལྟའི་འདི་འདྲའི་བཟང་བོ་ཞིག་གཏན་ནས་མིན། 2015ལོར། བཀྲ་ཤིས་མཚོ་ལ་གཏན་འཇགས་ཀྱི་ཡོང་སྒོ་མེད་ལ་འཚོ་བ་ཡང་ཐབས་ཆག་ཏུ་གནས་ཡོད།

དགོ་རྩེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་བསྟན་འཛིན་གྱིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། ང་ཚོས་ཁོ་མོར་རྒྱུས་ལོན་གསལ་བོ་ཞིག་བྱས་རྗེས། བཀྲ་ཤིས་མཚོའི་གནས་བབ་ཧ་ཅང་དཀའ་ཁག་ཆེ་བ་ཤེས། ཁོ་མོ་གཅིག་པུས་དཀའ་སྡུག་ལ་བརྟེན་ནས་བུ་མོ་ནར་སོན་དུ་བཅུག་ཅིང་། བུ་མོ་གནས་ལ་སོང་རྗེས། ཁྱིམ་དུ་ཁོ་མོ་གཅིག་པུ་ལུས་ཡོད། ལོ་ན་རྒས་ཤིང་ཁེར་རྐྱང་དུ་ལུས་པའི་ཁོ་མོ་མཐོང་ཚེ་སེམས་ནས་མི་བཟོད་པའི་ཚོར་བ་ཞིག་བྱུང་། རྩྭ་ས་ལག་མཐིལ་ཙམ་ལས་མེད་པ་དང་ནོར་ལུག་ཉུང་སྟབས་རྒྱུད་སྤེལ་དང་ཕྱིར་འཚོང་གི་གཞི་ཁྱོན་གྲུབ་མི་ཐུབ། ང་ཚོས་སྲིད་ཇུས་ལྟར། ཁོ་མོ་མ་མཐའི་འཚོ་བའི་འགན་སྲུང་ནང་བཞག་ནས། ཁོ་མོའི་འཚོ་བར་རྒྱབ་རྟེན་ཡོད་པར་བྱས།

བཀྲ་ཤིས་མཚོ་ཡིས་མ་མཐའི་འཚོ་བའི་འགན་སྲུང་གི་རོགས་དངུལ་ཐེངས་དང་པོ་ལེན་སྐབས། དཀའ་སྡུག་སེལ་རོགས་ཀྱི་ལྷག་བསམ་དེར་བཀའ་དྲིན་ཚད་མེད་ཞུ་བཞིན་ཡོད། དེ་ལྟར་ཡིན་ཀྱང་། ཁོ་མོར་གནས་བབ་དེ་འདྲར་ཡིད་ཚིམས་ནས་འཚོ་བ་རོལ་རྒྱུའི་བསམ་ཚུལ་མེད། མ་མཐའི་འཚོ་བའི་འགན་སྲུང་ནི་དཀའ་ཁག་སེལ་རོགས་བྱས་པ་ཞིག་ཡིན་ལ། འཚོ་བ་སྐྱིད་པོ་ཞིག་རོལ་དགོས་ན། རང་ཉིད་ལ་བརྟེན་དགོས་པ་ཁོ་མོའི་སེམས་སུ་གསལ་བོར་ཤེས་ཡོད། རང་ཚུགས་རང་སྤེལ་གྱི་མེ་སོན་དེ་ནམ་ཡང་མེ་དཔུང་བཞིན་སྟོབས་ཀྱིས་མཆེད་བཞིན་ཡོད། ནོར་ལུག་ནི་འབྲོག་པའི་གཅེས་ནོར་ཡིན་ལ། དཀའ་སྡུག་ཇི་འདྲ་ཆེ་རུང་རང་གི་ནུས་པར་བརྟེན་ནས་བྱ་བ་ཞིག་སྒྲུབ་དགོས་སྙམ།

བཀྲ་ཤིས་མཚོས་སྙིང་སྟོབས་བསྐྱེད་ནས་ནོར་ལུག་ཉོས་ཏེ། གསོ་སྤེལ་ཐོན་ལས་འཕེལ་རྒྱས་གཏོང་བའི་གོམ་པ་དང་པོ་སྤོས།

དང་ཐོག ནོར་ལུག་གསོ་སྐྱོང་ཐད་ནད་ཡམས་དང་། གཟན་རྩྭ་མི་ཟ་བ་སོགས་ཀྱི་དཀའ་ངལ་མང་པོར་འཕྲད། འོན་ཀྱང་བཀྲ་ཤིས་མཚོའི་བློ་མ་ཕམ་པར་ཉིན་མཚན་ཀུན་དུ་ཕྱུགས་ཁང་དུ་བསྡད་ནས། ཕྱུགས་ཟོག་གི་གནས་ཚུལ་ཞིབ་ཏུ་བལྟས་ཤིང་། གནས་ཚུལ་འདྲ་མིན་རེ་ཡོད་ཚེ་མྱུར་དུ་སྨན་པར་འདྲི་བ་དང་། སྨན་ལྡུད་པ། གཟན་ཆས་སྙོམ་སྒྲིག་བྱས་ནས་ནོར་ལུག་རེ་རེར་བདག་སྐྱོང་གང་ལེགས་བྱས།

ཁོ་མོས་བདག་སྐྱོང་བཟང་པོ་བྱས་པར་བརྟེན། ནོར་ལུག་ལ་ཤ་ཤེད་རྒྱས་ཤིང་། ཤའི་སྤུས་ཚད་བཟང་བར་མ་ཟད་འོ་མའི་ཐོན་ཚད་ཀྱང་འཕར་སྣོན་ཆེན་པོ་བྱུང་། ཁོ་མོའི་ནོར་ལུག་གི་རྒྱུ་སྤུས་བཟང་བའི་རྐྱེན་གྱིས་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ།

དེ་ནས། ཁོ་མོས་ཟོག་ར་གསར་བཟོ་དང་སྲ་བརྟན་དུ་བཏང་ཞིང་། རླུང་རྒྱུ་ས་དང་དྲོད་འདོན་ཆ་རྐྱེན་ཇེ་ལེགས་སུ་བཏང་། རྒྱུད་བཟང་གསོ་སྤེལ་བྱས་ནས་ནོར་ལུག་གི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས། ཡུན་གྱིས་ནོར་ལུག་གི་རྒྱུད་སྤེལ་ཚད་ཇེ་མང་དུ་སོང་ནས། ཁོ་མོའི་གསོ་སྤེལ་གྱི་གཞི་ཁྱོན་ཇེ་ཆེར་གྱུར་ཞིང་ཡོང་སྒོ་འཕར་སྣོན་བྱུང་།

གསོ་སྤེལ་ལས་རིགས་དར་རྒྱས་བྱུང་བ་དང་བསྟུན་ནས། བཀྲ་ཤིས་མཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། འདི་དག་ཡོད་ཚད་རྒྱལ་ཁབ་ཀྱི་རོགས་རམ་ལ་རག་ལས་པར་མ་ཟད་ད་ལྟ་རང་ལ་ཡང་ནུས་པ་ཅུང་ཙམ་ཡོད་པས། མ་མཐའི་འཚོ་བའི་འགན་སྲུང་ཐོན་ཁུངས་གཏན་ནས་བེད་སྤྱོད་མི་བྱེད་པའི་བློ་ཐག་བཅད་ཡོད།

2023ལོའི་ནམ་ཟླ་ཧ་ཅང་བཟང་བའི་ཉིན་ཞིག་ལ། བཀྲ་ཤིས་མཚོ་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་ནས། ང་མ་མཐའི་འཚོ་བའི་འགན་སྲུང་ནས་ཕྱིར་འབུད་རྒྱུ་ཡིན་ཞེས་སེམས་ཐད་ཆོད་པའི་སྒོ་ནས་བཤད་པ་ན། དེར་ཡོད་པའི་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་མགོ་བོ་ཡར་བཀྱགས་ནས། དགའ་མགུ་ཡི་རང་གི་མིག་ཟུང་བཀྲ་ཤིས་མཚོའི་ཕྱོགས་སུ་གཏད།

གུ་རུ་བསྟན་འཛིན་གྱིས་བཀྲ་ཤིས་མཚོ་ལ་ཁྱོད་ཀྱིས་བསམ་བློ་ཡག་པོ་ཞིག་བཏང་ཡོད་དམ། འདི་ནི་བརྟན་འཇགས་ཀྱི་འགན་སྲུང་ཞིག་རེད་ཅེས་སེམས་ཁུར་དང་བཅས་བཤད་པ་ན།

བཀྲ་ཤིས་མཚོས། ངས་བསམ་བློ་ཡག་པོ་ཞིག་བཏང་ཡོད། ང་རང་དཀའ་ཁག་ཆེ་བའི་དུས་སུ་རྒྱལ་ཁབ་ཀྱིས་རོགས་རམ་བྱས་པ་རེད། ད་ལྟ་ངས་རང་ཁ་རང་གསོ་བྱེད་ཐུབ་པས་ཐོན་ཁུངས་འདི་བེད་སྤྱོད་བྱེད་མི་རུང་བར་འདོད་ཡོད་ལ། དེ་དགོས་མཁོ་ཡོད་པའི་མི་དག་ལ་བྱིན་ན་འགྲིག་ཅེས་བློ་རྩ་བརྟན་པོས་ལན་བཏབ།

ཉིན་དེ་ནས་བཟུང་། བཀྲ་ཤིས་མཚོ་རང་འགུལ་སྒོས་མ་མཐའི་འཚོ་བའི་འགན་སྲུང་ལས་ཕྱིར་བུད་པའི་དོན་དག་དེ་སྡེ་བའི་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། ཡུལ་མི་ཚོས་ཁོ་མོའི་བྱ་སྤྱོད་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་མ་ཟད། ཁོ་མོའི་རྣམ་དག་གི་བྱ་སྤྱོད་ལས་ལྷག་བསམ་ལྡན་པའི་སྲོལ་བཟང་དེ་སྡེ་བའི་ནང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས་ཤིང་།  རྒྱུན་ཆད་མེད་པར་དར་སྤེལ་གཏོང་བར་སྐུལ་མ་ཐེབས་ཡོད།

ཤ་བོ་རིན་མཚོས་བསྒྱུར།