ནོར་སྦྲང་གིས་གློག་བརྙན་ཕབ་ལེན་བྱས་པའི་མཇུག་འབྲས་ལ་ལྟ་ཞིབ་བྱེད་ཀྱིན་པའི་ཚུལ།
ཉེ་ལམ། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་མཚོ་སྔོན་ནོར་སྦྲང་བརྙན་འཕྲིན་སྨྱན་བྱད་ཚད་ཡོད་ཀུང་ཟིར་ཐོན་དུས། མིག་མདུན་དུ་མངོན་པ་ནི་གྱང་ངོས་སུ་བཀལ་བའི་གཟི་བརྗིད་དཔང་ཡིག་དང་ཀུང་ཟིའི་སྣང་བརྙན་དྲིལ་སྒྲོག་འདྲ་པར་སོགས་རེད། སྨྱན་གཟུགས་མང་པོའི་ངོས་སུ་བྱ་འགུལ་སྣ་ཚོགས་སྤེལ་བའི་བརྙན་ཐུང་ཤར་ཡོད་ལ། དེ་ལས་རེབ་གོང་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལེགས་ཆ་མངོན་འདུག
ཀུང་ཟི་འཛུགས་མཁན་ནོར་སྦྲང་གིས་རང་གི་ནར་སོན་གྱི་ལོ་ཟླར་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། ངའི་ཨ་ཁུ་ནི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་སྟབས། ཁོའི་མི་རིགས་རིག་གནས་ལ་དགའ་ཞེན་ཆེ་བའི་བསམ་བློས་ང་ལ་ཤུགས་རྐྱེན་ཐེབས་ཟེར། མི་རིགས་ཀྱི་དམངས་སྲོལ་རིག་གནས་ཀྱི་བག་ཆགས་ཟབ་མོའི་འོག ནོར་སྦྲང་ཆུང་དུས་རེབ་གོང་རིག་གནས་སྒྱུ་རྩལ་ལ་ཧ་ཅང་དགའ་ཞེན་ཆེ། 2006ལོར། སྦྱངས་འབྲས་གཡུར་དུ་ཟ་བ་བླངས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་ལ་རྒྱུགས་འཕྲོད། 2011ལོའི་ཟླ3པར། ཀྲུང་གོའི་སྨྱན་བྱད་སློབ་ཆེན་གྱི་འཁྲབ་ཁྲིད་པའི་སྡེ་ཁག་ཏུ་སློབ་གཉེར་བྱས་ཏེ། མ་ལག་ལྡན་པའི་སྒོ་ནས་གློག་བརྙན་གྱི་འབྲེལ་ཡོད་གཞུང་ལུགས་དང་ལག་ལེན་གྱི་ཤེས་བྱ་སྦྱངས་པ་བྱས།
ནོར་སྦྲང་གིས་པེ་ཅིང་དུ་སློབ་གཉེར་བྱེད་སྐབས། ཉིན་ཞིག་ངས་བརྙན་འཕྲིན་ལས་གློག་བརྙན་ཞིག་ལ་བལྟས་ཤིང་། དེས་ང་ལ་མྱོང་ཚོར་ཟབ་མོ་སྦྱིན་པ་དང་། སྐབས་དེ་དུས་ང་ལ་བརྙན་མིག་བརྒྱུད་དེ་ཕ་ཡུལ་གྱི་གཏམ་རྒྱུད་བརྗོད་འདོད་པའི་བསམ་ཚུལ་སྐྱེས་བྱུང་ཟེར། གློ་བུར་བའི་གོ་སྐབས་ཤིག་ལས་ཁོར་གློག་བརྙན་སྒྲིག་བཟོ་བྱེད་པའི་སྤྲོ་སེམས་སྐྱེས་པ་དང་། སློབ་ཆེན་སྐབས་སུ། ཁོས་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་བརྙན་ཐུང་སྒྲིག་བཟོ་བྱས་ཤིང་། མ་འོངས་པར་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བའི་འདུན་མ་བཅངས་ཡོད།
ནོར་སྦྲང་གིས་སྤྱི་ཕན་གློག་བརྙན་ན་ཆུང་དཀའ་སྤྱད་པ་དང་གྱེས་བྲལ་གཉིས་གཙོ་སྒྲིག་འཁྲབ་ཁྲིད་བྱས་པ་དང་། གློག་བརྙན་བརྩམས་ཆོས་ལ་བརྟེན་ནས་གྲོང་ཁྱེར་གྱི་དགེ་རྒན་སྔར་ལས་མང་པོ་གཞི་རིམ་དུ་ཡོང་ནས་སློབ་ཁྲིད་བྱེད་པའི་འབོད་སྐུལ་བཏང་ཞིང་། གཞི་རིམ་གྱི་བྱིས་པ་སྔར་ལས་མང་པོས་སློབ་གསོ་སྔར་ལས་བཟང་པོ་མྱངས་ནས། བྱིས་པ་ཚོ་ཕ་ཡུལ་དང་གྱེས་ཏེ་ལས་དབང་བསྒྱུར་བཀོད་བྱེད་པར་རོགས་རམ་བྱས།
མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རིག་གནས་ཁྱབ་ཁོངས་ཀྱི་ལས་གཏོད་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པར་མ་ཟད་མང་ཚོགས་ཀྱི་དགོས་མཁོ་འང་མཆིས། ལོ་མང་པོའི་རིང་སྦྱོང་བརྡར་བྱས་པ་བརྒྱུད། ནོར་སྦྲང་གི་ལས་གཏོད་ཇུས་གཞིར་ཐོག་མའི་རྣམ་པ་མངོན། 2015ལོར། ཁོས་མཚོ་སྔོན་ནོར་སྦྲང་བརྙན་འཕྲིན་སྨྱན་བྱད་ཚད་ཡོད་ཀུང་ཟི་བཙུགས་པ་དང་། ཆེད་དུ་གློག་བརྙན་ཕབ་ལེན་དང་། བརྙན་འཕྲིན་ཚོང་འཕྲིན་སྒྲིག་བཟོ། རིག་རྩལ་འཁྲབ་སྟོན་རྩ་འཛུགས་ཇུས་འགོད་སོགས་ཀྱི་རིག་གནས་བྱ་འགུལ་གཉེར།
2017ལོར། ཐུན་རིན་གྲོང་ཁྱེར་སྲིད་གཞུང་གིས་སྒོར་ས་ཡ་གཅིག་གི་ལས་གཏོད་དངུལ་བུན་སྤྲད་དེ་རྒྱབ་སྐྱོར་བྱས། 2019ལོར། ཀུང་ཟི་ཡིས་མ་དངུལ་སྒོར་ས་ཡ་དྲུག་བཏང་ནས། ཕྱོགས་གསུམ་པས་ཚོང་གཉེར་བྱེད་པའི་རྣམ་པས་འཛུགས་གྲབས་ཡོད་པའི་ཟློས་གར་ཁང་གི་སྤྱིའི་མཛེས་བཟོ་དང་འཁོར་སྐྱོད་དོ་དམ་འགན་ལེན་བྱས་པ་དང་། པར་ལེན་དང་བརྙན་ཕབ་ཀྱི་འབྲེལ་ཡོད་སྒྲིག་ཆས་ཉོས་ཤིང་། གྲ་སྒྲིག་བྱ་བ་ཚར་རྗེས། སྒྱུ་རྩལ་ཚོགས་པ་བཙུགས་པ་དང་། དེར་ཐུན་རིན་གྲོང་ཁྱེར་ཟློས་གར་ཁང་ཞེས་བཏགས།
ནོར་སྦྲང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཀུང་ཟིས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ། ཐུན་རིན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་སོགས་ལས་ཁུངས་ཀྱི་མངགས་བཅོལ་ལྟར་གཟུགས་འདས་རིགས་གནས་ཤུལ་བཞག་དང་གྲོང་གསེབ་དར་སྤེལ་ལ་འབྲེལ་ཡོད་ཀྱི་བརྗོད་དོན་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་འགན་སྒྲུབ་བྱས་མྱོང་ཟེར། ཟློས་གར་ཁང་གིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དེ་མིན་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ཁྱབ་གདལ་སོགས་ཀྱི་ཕྱོགས་ནས་ཐེག་གཟུགས་ཀྱི་ནུས་པ་གལ་ཆེན་བཏོན་ཡོད།
ནོར་སྦྲང་གིས་བལྟས་ན། གསར་གཏོད་ནི་ཁེ་ལས་ཀྱི་ཚེ་སྲོག་ལྟ་བུ་ཡིན་པར་མ་ཟད། ཀུང་ཟི་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་མཚོན་རྟགས་གཙོ་བོ་རེད། ཀུང་ཟི་ཞིག་དུས་དང་བསྟུན་ནས་འཕེལ་རྒྱས་འགྲོ་དགོས་ཚེ། ནམ་ཡིན་རུང་བཅོས་སྒྱུར་དང་གསར་གཏོད་ཀྱི་གོམ་པ་སྤོ་མཚམས་འཇོག་མི་རུང་། གློག་བརྙན་བརྩམས་ཆོས་ནི་ཀུང་ཟི་འཕེལ་རྒྱས་ཀྱི་ཐེག་གཟུགས་ཤིག་ཡིན་ལ། ཁོས་གསར་རྩོམ་དང་རིག་གནས། ཡུལ་སྐོར་ལས་རིགས་བཅས་མཉམ་འདྲེས་གཏིང་ཟབ་བྱས་པའི་གློག་བརྙན་བརྩམས་ཆོས་སྤུས་ལེགས་ཅན་ཡོད་ན། ད་གཟོད་ཀུང་ཟིའི་འགྲན་རྩོད་སྟོབས་ཤུགས་གཙོ་བོ་ཇེ་ཆེར་གཏོང་ཐུབ་སྙམ།
ནོར་སྦྲང་ལ་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་རང་གི་བསམ་ཚུལ་ཡོད་པ་དང་། འགྲུལ་བ་མང་པོར་ཡུལ་སྐོར་ལམ་ཐིག་འཆར་འགོད་ལེགས་པོ་བྱས་ཏེ། ཡུལ་སྐོར་ལྗོངས་ཁུལ་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་བའི་ཆེད་སྒྲིག་བརྙན་ཐུང་ཕབ་ལེན་བྱས་པ་དང་། རེབ་གོང་རིག་གནས་ཉམས་ལེན་ཁང་དང་བོད་ཀྱི་རིག་གནས་ཐོན་རྫས་འགྲེམ་སྟོན་ཚོམས་ཆེན་བཙུགས་པ་བརྒྱུད། ཡུལ་སྐོར་བ་སྔར་ལས་མང་པོར་དུས་ཡུན་ཐུང་ངུའི་ནང་ཕྱོགས་ཡོངས་ནས་ས་གནས་ཀྱི་རིག་གནས་ཁྱད་ཆོས་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རེབ་གོང་རིག་གནས་སྒྱུ་རྩལ་གྱི་ཉམས་སྣང་ཚོར་དུ་བཅུག་ནས། རེབ་གོང་རིག་གནས་སྒྱུ་རྩལ་གྱི་མིང་གྲགས་ཚད་དང་། འགུག་ཤུགས། ཤུགས་རྐྱེན་ཐེབས་ཚད་བཅས་ཇེ་ཆེར་གཏོང་བར་རོགས་ཤུགས་བཏོན།
ནོར་སྦྲང་གིས་ཁོས་གསར་རྩོམ་བྱེད་ཀྱིན་པའི་བརྩམས་ཆོས་ངོ་སྤྲོད་བྱས་རྒྱུར། གར་སྟེགས་ཟློས་གར་ཆེན་མོ་རེབ་གོང་གི་མཉམ་འཛོམས་ཞེས་པའི་འཁྲབ་གཞུང་བྲིས་ཚར་ནས་ཆོག་མཆན་འགོད་བཞིན་ཡོད་པས། སྔ་ས་ནས་འཁྲབ་སྟོན་བྱེད་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཁོས་རེབ་གོང་རིག་གནས་དེ་རིག་རྩལ་ལེ་ཚན་དང་རིག་གནས་ཁྱབ་གདལ་བྱ་འགུལ་ཁྲོད་འདྲེས་པར་བྱས་ཤིང་། གར་སྟེགས་ཟློས་གར་ལ་བརྟེན་ནས་རེབ་གོང་རིག་གནས་སྒྱུ་རྩལ་གྱི་འཕེལ་རིམ་དང་ས་གནས་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་དང་ལེགས་ཆ་མངོན་པར་བྱས་ཏེ། ས་གནས་ཀྱི་རིག་གནས་ཡུལ་སྐོར་ཚོང་རྟགས་བསྐྲུན་པར་རོགས་ཤུགས་བཏོན།
ལས་གཏོད་གསར་གཏོད་ཀྱི་བགྲོད་ལམ་སྟེང་། ནོར་སྦྲང་གིས་མདུན་སྐྱོད་ཀྱི་གོམ་མཚམས་མ་བཞག་ལ། དཀའ་ཁག་ལ་མགོ་མ་སྒུར་ཞིང་། དྲིན་བསམ་ཡར་བརྩོན་བྱས་ཏེ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བའི་ན་གཞོན་གྱི་ཐོག་མའི་སེམས་འདུན་དང་ལས་འགན་མཚོན་པར་བྱས། ནོར་སྦྲང་གིས་བློ་རྩ་བརྟན་པོས་བཤད་རྒྱུར། ངས་རང་གི་ནུས་པར་བརྟེན་ནས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོབས་ཤུགས་སྔར་ལས་མང་པོ་འབུལ་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།