ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་འགོ་ཁུངས་སྡེ་བའི་ག་ས་གང་དུ་བཀྲ་ཤིས་པའི་རྟགས་མཚན་ཞིག་ཤར་འདུག སྡེ་མི་ཆོས་སྐྱིད་ཀྱིས་སྔོན་ཆད་དང་འདྲ་བར་དགོང་ཟས་གྲ་སྒྲིག་བྱས་ཏེ་བུ་མོ་གཉིས་སློབ་གྲྭ་གྲོལ་ནས་ཁྱིམ་ལ་ལོག་པར་སྒུག་ཡོད།
ཆོས་སྐྱིད་ཀྱི་གདོང་ལ་མཛུམ་གྱིས་ཁེངས་བཞིན་གསར་འགོད་པར་བཤད་རྒྱུར། ཁྱིམ་དུ་ཆུ་གློག་རླངས་གསུམ་འཛོམས་ཤིང་། སྒོ་ཁར་བུད་མ་ཐག་སྒོ་རྩིས་ཚོང་ཁང་དང་སྤྱི་སྤྱོད་རླངས་འཁོར་གྱི་ས་ཚིགས་ཡོད་པས་ཧ་ཅང་སྟབས་བདེ་རེད། བྱིས་པ་གཉིས་ཀ་སློབ་ཆུང་འགྲིམ་བཞིན་ཡོད་ལ། སློབ་གྲྭ་ངེད་ཚང་དང་ཐག་ཉེ་ལ་ར་སྐོར་ཤིན་ཏུ་མཛེས། གཟའ་མཇུག་ཏུ་ཐོན་དུས། བཟའ་མི་གང་བོས་སྒེར་འཁོར་བསྐོར་ཏེ་ཕྱི་རོལ་དུ་འགྲོ་བ་སོགས་འཚོ་བ་བདེ་ཞིང་སྐྱིད།
1993ལོར་སྐྱེས་པའི་ཆོས་སྐྱིད་ཀྱིས་སྔོན་ཆད་ཕ་མ་གཉིས་དང་མཉམ་དུ་མདོ་དབུས་མཐོ་སྒང་གི་ལྟེ་བར་གནས་པའི་ཐོ་ཐོ་ཆུ་བོའི་འགྲམ་དུ་རྩྭ་ཆུར་སྙེག་པའི་འཚོ་བ་རོལ་བ་དང་། སྐབས་དེར། བཟའ་མི་གང་བོའི་སྡོད་ས་སྦྲ་གུར་དང་སྒྲོན་མེ་སྣུམ་སྒྲོན་ཡིན་ལ། བཏུང་བ་གངས་ཆུ་དང་ཟ་མ་རྩམ་པ་ཡིན་པའི་ཕྱུགས་རྫིའི་འཚོ་བ་རོལ་བ་རེད། ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་བྱས་ན། ལམ་དུ་འགྲོ་དཀའ་བ་དང་ཆུ་འཐུང་དཀའ་བ། སློབ་གྲྭར་འགྲིམ་དཀའ་བ། ནད་སྟོན་དཀའ་བ་སོགས་ནི་ཁོ་ཚོའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་དཀའ་ཁག་གཙོ་བོ་རེད། 2004ལོར་ཆོས་སྐྱིད་བཟའ་མི་གང་བོས་དགའ་དགའ་སྤྲོ་སྤྲོའི་ངང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། མཚོ་འཕང་སྨི4700ཡོད་པའི་རི་འགོ་ནས་མཚོ་འཕང་སྨི2800ཡོད་པའི་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འགྲམ་སྟེ། སྲིད་གཞུང་གིས་སེམས་ཞིབ་མོས་འཆར་གཞི་བཀོད་ནས་ལས་པའི་སྡེ་བ་གསར་པ་སྟེ་འབྲི་ཆུའི་འགོ་ཁུངས་སྡེ་བར་གནས་སྤར།
ཆོས་སྐྱིད་ཀྱིས་བཤད་རྒྱུར། “སྐབས་དེར་ང་རང་ལོ11ཡིན་ལ་སློབ་ཆུང་གི་ལོ་རིམ་ལྔ་པ་ཡིན། ཕ་མ་གཉིས་ཀས་ང་ཁྲིད་དེ་ཁོད་ཡངས་ལ་ནང་གསལ་བའི་ཁྱིམ་གསར་དུ་གནས་སྤར་བར་མ་ཟད། ང་རང་ངེད་ཚང་གི་སྒོ་ཁ་རུ་ཡོད་པའི་སློབ་གྲྭར་བསྐྱལ། སྐབས་དེ་ནས་བཟུང་། འགྲོ་འདུག་སྤྱོད་གསུམ་ཚང་མ་སྟབས་བདེར་གྱུར་ལ། ངས་ཀྱང་གྲོགས་པོ་མང་པོ་ཞིག་བསྒྲིགས་པས་དགའ་སྤྲོ་ཆེན་པོ་སྐྱེས།
འབྲི་ཆུའི་འགོ་ཁུངས་སྡེ་བར་གནས་སྤར་རྗེས། མོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྔོན་ཆད་ཀྱི་མཁུར་ཚོས་དམར་པོར་དཀར་མདངས་རྒྱས་ཤིང་། ཁྱིམ་དུ་སྔོ་ཚལ་དང་སིལ་ཏོག ཞོར་ཟས་སོགས་ཉིན་རེར་ཇེ་མང་དང་། ཟས་ཅོག་སྟེང་གི་ཟ་མའི་སྣ་ཁ་ཇེ་མང་། བརྙན་འཕྲིན་དང་ལག་འཁྱེར་ཁ་པར། དྲ་སྦྲེལ་སོགས་ཀྱིས་འཚོ་བར་ཚོན་མདངས་བསྩལ་བས། མོའང་སྔར་ལས་སེམས་པ་ཇེ་སྐྱིད་དང་རྣམ་རིག་ཇེ་རྒྱས་སུ་གྱུར།
ཆོས་སྐྱིད་ཀྱིས་བཤད་རྒྱུར། ལོ་འདི་འགའི་རིང་ལ། ངེད་ཚང་གིས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སྤྱོད་བྱས། ངེད་བཟའ་ཟླ་གཉིས་ཀ་སྡེ་བའི་ནང་གི་སྐྱེ་ཁམས་ལྟ་སྲུང་པ་ཡིན་པས། ལོ་རེར་སྒོར་ཁྲི་གཉིས་དང་སྟོང་གཅིག་ལྷག་གི་སྐྱེ་ཁམས་ལྟ་སྲུང་གི་ཁ་གསབ་ཡོད་ལ། ཁྱིམ་གྱི་རྒན་པ་དང་བྱིས་པ་རེ་ལའང་ཁ་གསབ་སྒོར5600རེ་ཡོད། ད་དུང་རྒྱལ་ཁབ་ཀྱི་རྩྭ་ཐང་སྐྱེ་ཁམས་ལྟ་སྲུང་གི་ཁ་གསབ་བྱ་དགའི་མ་དངུལ་སོགས་ཡོད་པས། ཡོང་སྒོ་འདི་དག་གིས་བཟའ་མི་གང་པོས་སྐྱིད་པའི་འཚོ་བ་རོལ་བར་གཏིང་ཤུགས་བསྩལ་ཡོད།
ལོ་འདི་འགའི་རིང་ལ། ཆོས་སྐྱིད་བཟའ་མི་གང་བོས་སྐྱིད་པའི་འཚོ་བའི་ཆེད་དུ་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། བཟའ་ཟླ་གཉིས་ཀ་སྡེ་བའི་ནང་གི་སྐྱེ་ཁམས་ལྟ་སྲུང་པར་གྱུར་རྗེས། དུས་ལྟར་རི་མགོ་དང་རྩྭ་ཐང་ལ་སྐོར་ཞིབ་བྱས་པར་མ་ཟད། ད་དུང་ཁོར་སྲུང་དང་བླངས་ཞབས་ཞུའི་བྱ་འགུལ་དུ་ཞུགས་ཅི་ཐུབ་བྱས་ཏེ། སེམས་བསམ་པས་མཛེས་སྡུག་གི་གཞིས་ཁྱིམ་སྲུང་བཞིན་ཡོད། གྲོང་རྡལ་གྱིས་རྩ་འཛུགས་བྱས་ནས་སྤེལ་བའི་འབྲི་ཆུ་སྡེ་བ་དང་རྒྱལ་ལམ109པའི་འགྲམ་ངོགས། ཐོ་ཐོ་ཆུ་བོའི་འགྲམ་ངོགས་སོགས་ཀྱི་གད་སྙིགས་འཐུ་བའི་དང་བླངས་བྱ་འགུལ་དུ་ཁོ་བཟའ་ཟླ་གཉིས་ཀ་ཆད་མ་མྱོང་། དེ་དང་མཉམ་དུ། བཟའ་ཟླ་གཉིས་ཀ་སྡེ་བའི་ནང་གི་གངས་རྒྱན་མེ་ཏོག་འཁྲབ་སྟོན་རུ་ཁག་ཏུ་ཞུགས་ཡོད་ལ། འཁྲབ་སྟོན་རུ་ཁག་གི་རྗེས་འབྲངས་ནས་གང་སར་འཁྲབ་སྟོན་བྱེད་དུ་སོང་བས། སྤྱི་སྐད་ཀྱི་སྨྲ་བརྗོད་ཀྱང་ཉིན་རེར་ཇེ་དག་ཏུ་གྱུར། དེ་ལྟར་མིའི་མཐོང་རྒྱ་དང་མིར་འབྲེལ་འདྲིས་བྱེད་པའི་ནུས་པ་ཇེ་ཆེར་གྱུར། དེ་ལས་གཞན། བཟའ་ཟླ་གཉིས་ཀས་བུ་མོ་གཉིས་ཀྱི་སློབ་གསོར་མཐོང་ཆེན་བྱས་ཏེ། བྱིས་པ་གཉིས་ཀར་སློབ་སྦྱོང་གི་ཆ་རྐྱེན་ལེགས་པོ་བསྐྲུན་པ་དང་བྱིས་པ་གཉིས་ཤེས་བྱར་བརྟེན་ནས་སྔར་ལས་འོད་སྟོང་འབར་བའི་མི་ཚེའི་ལམ་ཁ་སྙེག་པར་རེ་ལྟོས་བྱེད་བཞིན་ཡོད།
ཆོས་སྐྱིད་ཀྱིས་བཤད་རྒྱུར། ང་ཚོས་ད་ལྟའི་སྐྱིད་པའི་འཚོ་བ་འདི་སླ་མོར་ཐོབ་པ་ཞིག་མིན་པ་གསལ་པོར་ཤེས་ནས་བཟའ་མི་གང་བོས་འདིར་ལྷག་ཏུ་གཅེས་སྤྲས་བྱེད་བཞིན་ཡོད། ང་ཚོས་རང་གིས་ཧུར་བརྩོན་བྱས་ཏེ་འཚོ་བ་སྔར་ལས་སྐྱིད་པོ་རོལ་བའི་རེ་བ་བཅངས་ཡོད།
དགོང་མོར་ཆོས་སྐྱིད་ཀྱི་བུ་མོ་ཆུང་བ་དཔལ་བཟང་ལྷ་མོ་དང་བུ་མོ་ཆེ་བ་ཚེ་རིང་སྐྱིད་གཉིས་དགའ་དགའ་སྤྲོ་སྤྲོས་ཁྱིམ་དུ་ལོག དགོང་ཟས་འཐུང་རྗེས། ཚེ་རིང་སྐྱིད་ཀྱིས་རང་འགུལ་ངང་འབྲི་དེབ་བླངས་ཤིང་བློ་རིག་བསྒྲིམས་ནས་ལས་བྱ་འབྲི་འགོ་བརྩམས། དཔལ་བཟང་ལྷ་མོའང་ཆོས་སྐྱིད་ཀྱི་འགྲམ་དུ་ཡོང་ནས་གཏམ་རྒྱུད་བརྗོད། ཆོས་སྐྱིད་ཀྱིས་བུ་མོ་གཉིས་ལ་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་བཤད་པ་དང་། དཔལ་བཟང་ལྷ་མོས་སྤྲོ་སྣང་གིས་གཏམ་རྒྱུད་ལ་ཉན།
ཨ་ཕ་དང་ཨ་མ་གཉིས་ཀས་ཨ་ཅེ་དང་ངེད་གཉིས་ལ། ད་ལྟའི་རྩྭ་སྔོན་པོ་དང་ཆུ་དྭངས་མོ་ནི་ཚང་མས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་རེད་ཟེར་ཞེས་དཔལ་བཟང་ལྷ་མོའི་མིག་མདངས་ལ་རྣམ་རིག་རྒྱས་ནས་དེ་ལྟར་བཤད།
ཆོས་སྐྱིད་ཀྱི་ལག་འཁྱེར་ཁ་པར་ནང་གི་འདྲ་པར་ཁྲོད། འབྲི་ཆུའི་འགོ་ཁུངས་སྡེ་བའི་འགྱུར་ལྡོག་གི་བདེན་དཔང་དུ་གྱུར་པའི་འདྲ་པར་མང་པོ་ཡོད། འདྲ་པར་ཁྲོད་དུ་ད་ལྟའི་འབྲི་ཆུ་སྡེ་བའི་དྲང་མོར་རྒྱང་དུ་འཐེན་པའི་སྡེ་ལམ་དེ་གྲལ་འགྲིག་པའི་སྡེ་མིའི་སྡོད་ཁང་དང་ཕན་ཚུན་བརྒྱན་པ་དང་། སྡེ་ལམ་འགྲམ་ངོགས་ཀྱི་ལྗང་བསྒྱུར་སྡོང་བོ་དག་ཆེན་པོར་གྱུར་ཡོད་པ་དང་། གསར་དུ་ལས་པའི་ཞིང་ཕྱུགས་ཐོན་རྫས་ཁྲོམ་ར་དང་། རིག་གནས་ཁྱམས་ར། སྡེ་བའི་ལོ་རྒྱུས་ཁང་། རླངས་འཁོར་སྡོད་ས། དེ་མིན་གསར་དུ་ཕྱེ་བའི་ཟ་ཁང་དང་ཚོང་ཁང་། སྒོ་རྩིས་ཚོང་ཁང་། འགྲུལ་ཁང་། ཟོང་སྐྱེལ་ཞབས་ཞུ་བྱེད་གནས་སོགས་ཡོད་ལ། དེ་དག་གིས་འབྲི་ཆུ་འགོ་ཁུངས་སྡེ་བ་ཉིན་རེར་འཐུས་ཚང་དང་དར་རྒྱས་སུ་འགྲོ་བཞིན་པ་མཚོན།
ཆོས་སྐྱིད་ཀྱིས་བཤད་རྒྱུར། བྱིས་པ་གཉིས་གཉོམ་ལག་ཅུང་ཙམ་རྒྱས་རྗེས། ངས་སྡེ་བའི་ནང་དུ་བྱ་བ་མང་པོ་ཞིག་བསྒྲུབས་ནས་མཛེས་སྡུག་གི་གཞིས་ཁྱིམ་བསྐྲུན་པར་བྱས་རྗེས་འཇོག་རྩིས་ཡོད། ལོ་འདི་དག་གི་རིང་ལ། སྡེ་བའི་འཕེལ་རྒྱས་ཇེ་བཟང་ནས་ཇེ་བཟང་ཡིན་པས། ངེད་བཟའ་མི་གང་བོས་དེའི་ཁྲོད་ནས་ཕན་བདེ་མང་པོ་ལོངས་སྤྱོད་བྱས། མ་འོངས་པ་ན། རང་ཉིད་ཀྱིས་སྡེ་མི་རྣམས་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ཏེ་འབྲི་ཆུ་འགོ་ཁུངས་སྡེ་བའི་བདེ་སྐྱིད་ཡུན་རིང་དུ་བསྲིང་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།