དགུན་དུས་སུ་སླེབས་པས་ཞིན་ཧེ་རྩྭ་ཐང་དུ་གྲང་རླུང་ཆེན་པོ་ལྡང་བཞིན་འདུག
ཞོགས་པ་སྔ་མོར། གནམ་ལྷ་རྒྱལ་གྱིས་དམག་ལྭ་རིང་པོ་དེ་གོན་རྗེས་བྲེལ་འཚུབ་ངང་སྡེ་བའི་ཏང་ཀྲི་པུའུ་ཡི་བྱ་འགུལ་ཁང་དུ་སོང་ནས2025ལོའི་བྱ་བར་བསྡོམས་རྩིས་བྱས།
གནམ་ལྷ་རྒྱལ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཆུ་ཁོལ་ཡུལ་ཚོ་གསེར་ཐང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རེད། སྡེ་བའི་ཏང་ཀྲི་པུའུ་བྱ་འགུལ་ལྟེ་གནས་སུ་སླེབས་མ་ཐག གནམ་ལྷ་རྒྱལ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ ཁོངས་མི་རྣམས་ཀྱིས་སྡེ་བའི་བྱ་བའི་སྐོར་ནས་ཁ་བརྡ་བྱེད་འགོ་བརྩམས། ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ཁོ་ཚོའི་སེམས་ཀྱི་བར་ཐག་ཀྱང་དེ་བཞིན་དུ་ཇེ་ཉེ་ནས་ཇེ་ཉེར་གྱུར།
ཆུ་ཁོལ་ཡུལ་ཚོ་ནི་ཞིན་ཧེ་རྫོང་གི་གནམ་གཤིས་ཆེས་སྡུག་པའི་ཡུལ་ཚོའི་གྲས་ཤིག་ཡིན་པ་དང་། གསེར་ཐང་སྡེ་བ་ནི་ཆུ་ཁོལ་ཡུལ་ཚོ་ནས་ཐག་ཆེས་རིང་ཤོས་ཀྱི་སྡེ་བ་ཞིག་ཡིན་ཞིང་། ཆ་སྙོམས་ཀྱི་མཚོ་འཕང་ལ་རྨིད4000ཡན་ཡོད་པ་དང་། སྡེ་བ་ཡོངས་ལ་ཁྱིམ་ཚང571ཡོད། དཔལ་འབྱོར་གྱི་སྒྲིག་གཞི་སྣ་རྐྱང་ཡིན་པས་འབྲོག་པའི་འཚོ་བའི་ཡོང་འབབ་གཙོ་བོ་ནི་ཕྱུགས་ཟོག་འཚོ་སྐྱོང་བྱེད་པར་བརྟེན་ཡོད།
2021ལོའི་ཟླ7པར། གནམ་ལྷ་རྒྱལ་ཞིན་ཧེ་རྫོང་ནོར་སྲིད་ཅུའུ་ནས་གསེར་ཐང་སྡེ་བར་སོང་སྟེ་སྡེ་སྡོད་ཧྲུའུ་ཅི་དང་པོའི་བྱ་བ་སྒྲུབ་འགོ་བརྩམས། དུས་དེ་ནས་བཟུང་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སྣ་ཚོགས་ཇི་ལྟར་ཐག་གཅོད་བྱེད་པ་དང་། ཇི་ལྟར་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ། ཇི་ལྟར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་སྲ་བརྟན་དུ་གཏོང་རྒྱུ་བཅས་ནི་ཁོས་ཉིན་མཚན་ཀུན་ཏུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
གྲོང་གསེབ་སྤེལ་བྱེད་པར་ཐོན་ལས་སྔོན་དུ་བསྐྱོད་དགོས། སྡེ་སྡོད་ཧྲུའུ་ཅི་དང་པོ་བྱེད་པའི་རིང་ལ་གནམ་ལྷ་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་བྱ་བའི་གཙོ་གནད་དེ་ཐོན་ལས་འཕེལ་རྒྱས་ཀྱི་སྟེང་དུ་བཞག་ཡོད།
གསེར་ཐང་སྡེ་བ་ནི་ཞིང་ཕྱུགས་གཉིས་ཀར་བརྟེན་པའི་སྡེ་བའི་ཁོངས་སུ་གཏོགས་པ་དང་། མང་ཚོགས་སྐོར་ཞིག་གིས་ཕྱུགས་འཚོ་སྐྱོང་བྱེད་པར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་ཅིང་། ཡང་མང་ཚོགས་སྐོར་ཞིག་གིས་ཡུག་རྩྭ་འདེབས་པར་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད། ཐོག་མར་སྡེ་བར་བརྟག་ཞིབ་བྱེད་སྐབས་གནམ་ལྷ་རྒྱལ་གྱིས་སྡེ་བའི་ནང་དུ་གཟན་རྩྭ་འདེབས་འཛུགས་བྱེད་པའི་རྨང་གཞི་ལེགས་པོ་ཡོད་མོད། འོན་ཀྱང་གཞི་ཁྱོན་ཆེ་བའི་སྒོ་ནས་གཉེར་སྐྱོང་མ་བྱས་པར་བརྟེན། སྡེ་མི་རྣམས་ཀྱིས་ཐར་ཐོར་ངང་འདེབས་འཛུགས་བྱེད་པ་ཁོ་ནར་བརྟེན་ན་ཕན་འབྲས་ཐོན་གྱི་མེད་པ་ཤེས་རྟོགས་བྱུང་། དུས་དེ་ནས་བཟུང་། གནམ་ལྷ་རྒྱལ་གྱིས་ཧུར་ཐག་གིས་མང་ཚོགས་སྐུལ་སློང་བྱས་ནས་ཡུག་རྩྭའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་གིས་བཅད་པ་རེད།
ཁ་ཕྱོགས་གཏན་འཁེལ་བྱས་རྗེས།ང་ཚོས་སྡེ་མི་རྣམས་ལ་སྐུལ་སློང་བྱས་ནས་རྨོ་ཞིང་མཉམ་ལས་ཁང་མ་རྐང་དུ་འཇོག་པའི་ཐབས་ལམ་ལ་བརྟེན་ནས། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་འགོ་བརྩམས། དང་ཐོག་སྡེ་མི་ཚོས་ཡིད་ཆེས་དེ་འདྲ་མི་བྱེད། ང་ཚོས་ཚན་ཆུང་གསུམ་དུ་བགོས་ནས་ཉིན་རེ་བཞིན་ཁྱིམ་ཚང་རེ་རེར་སོང་ནས་ཁོ་ཚོའི་བསམ་བློར་སྐུལ་སློང་བྱས་པ་ཡིན། ཟླ་བ་གཅིག་ལྷག་ཙམ་འགོར་རྗེས་ཁྱིམ་ཚང200ལྷག་ཙམ་ལ་སྐུལ་སློང་བྱས་པའི་བྱ་བ་ལེགས་འགྲུབ་བྱུང་ནས། ས་ཞིང་སྤྱི་ཆིང216གཟན་རྩྭ་དང་ཡུག་རྩྭ་འདེབས་འཛུགས་བྱེད་པར་བཀོལ་ཞེས་གནམ་ལྷ་རྒྱལ་གྱིས་བཤད། དེ་ལྟར་ཐོག་མའི“དཀའ་ངལ”ལ་ཕྱིར་དྲན་བྱེད་སྐབས། གནམ་ལྷ་རྒྱལ་གྱི་སེམས་ཁམས་དེ་གཞི་ནས་ཅུང་ལྷོད་ལ་བབས་འདུག
གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་དཀའ་ངལ་མང་པོ་ཞིག་གི་མདུན་དུ། གནམ་ལྷ་རྒྱལ་གྱིས་ཕྱིར་འཐེན་མ་བྱས་པར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་། སྡེ་བའི་ཐུན་མོང་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས། དེ་མིན་སྡེ་མིའི་ཚན་ཆུང་བཅས་ཐེངས་མང་བསྡུས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་མཉམ་དུ་གྲོས་བསྡུར་བྱས་པ་རེད། གྲོས་བསྡུར་གཏིང་ཟབ་དང་བསམ་གཞིག་མང་དུ་བཏང་པ་བརྒྱུད། འོ་མ་དང་གཟན་ཆས་ཐོན་ལས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་ལས་གཞི་གཉིས་གསར་དུ་བྱུང་བ་རེད།
གནམ་ལྷ་རྒྱལ་གྱི་སྣེ་ཁྲིད་ཞིབ་མོའི་འོག མཉམ་ལས་ཁང་གིས་འོད་ནུས་ཐད་ཀྱི་མ་དངུལ་ཁག་ཅིག་གི་ཁེ་བཟང་དང་དངུལ་ཁང་གི་དངུལ་བུན་བཀོལ་སྤྱོད་འོས་འཚམ་བྱས་ནས། མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་དགུ་སྟོང་ལྟ་དང་བརྒྱ་བཏང་ནས་ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་ཆེ་གྲས་དང་། ས་བོན། རྫས་ལུད་བཅས་ཉོས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་། ལོ་དེའི་ལོ་མཇུག་ཏུ་གསེར་ཐང་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཁེ་བཟང་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཅིག་ཟིན་པ་དང་། སྡེ་མི་རྣམས་ལ་ཁེ་བཟང་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བདུན་བགོས་ཡོད་པར་མ་ཟད། རྫོང་ཞིང་ཕྱུག་དང་ཆུ་བེད་ཅུའུ་ཡིས་ལྷོ་ཕྱོགས་ཀྱི་གྲང་ངར་ཆེ་བའི་ས་མཐོའི་གཟན་རྩྭ་གསོག་འཇོག་ཐོན་སྐྱེད་རྟེན་གཞིར་གཏན་འཁེལ་བྱས་པ་རེད།
2022ལོར་གཟན་རྩྭ་ཐོན་ལས་ཀྱི་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཅིག་དང་། 2023ལོར་ཡོང་འབབ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་ལྔ། 2024ལོར་སྒོར་འབུམ་དགུ་དང་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་བཅས་ལོ་འགའི་རིང་གི་གཟན་རྩྭའི་ཐོན་ལས་ཀྱི་ཡོང་འབབ་སྐོར་གནམ་ལྷ་རྒྱལ་གྱི་སེམས་སུ་གསལ་ལྷིང་ངེར་ཡོད་པ་རེད། ཡིན་ནའང་གཟན་རྩྭའི་ཐོན་ལས་དེ་གཙོ་བོར་གནམ་ལ་བརྟེན་དགོས་ཀྱི་ཡོད་པས་ཁོས་གོ་རིམ་རྗེས་མའི་འཆར་གཞི་རྩིས་རྒྱག་མི་བྱེད་ཀ་མེད་བྱུང་ཡོད།
2024ལོར་ཕྱིར་མིག་བལྟས་ན། གནམ་ལྷ་རྒྱལ་སླར་ཡང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུར་བསྐྱོད་ཅིང་། ཁོ་རྫོང་ཞིང་ཕྱུག་དང་ཆུ་བེད་ཅུའུ་དང་རྫོང་གྲོང་གསེབ་འཕེལ་རྒྱས་ཅུའུ་ལ་ཡང་ཡང་སོང་ནས། ཐོན་ལས་འཕེལ་རྒྱས་ལས་གཞིའི་མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་དྲུག་བརྩོན་ལེན་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་གི་ཐོན་སྐྱེད་གཉེར་སྐྱོང་གཞི་ཁྱོན་སྔར་ལས་རྒྱ་སྐྱེད་བཏང་བར་མ་ཟད། འོ་མའི་ཐོན་ལས་ཀྱི་ལས་གཞིའི་ས་ཚིགས་དེ་བདེ་བླག་ངང་འཛུགས་པར་རོགས་རམ་བྱས་པ་རེད།
དེ་ཙམ་མ་ཟད། ཁོས་རྫོང་ཞིང་ཕྱུགས་དང་ཆུ་བེད་ཅུའུ་ནས་ཤ་རིགས་ལས་སྣོན་འཁོར་ཁང་ལས་གཞིའི་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་ལྔ་བརྩོན་ལེན་བྱས་པ་དང་། ད་ལྟ་ལས་གཞི་དེའི་གྲུབ་ཆ་གཙོ་བོའི་སྒྲོམ་གཞི་ལེགས་གྲུབ་བྱུང་ཟིན་ནས་2025ལོར་དངོས་སུ་འཁོར་སྐྱོད་བྱེད་ཐུབ་རྒྱུ་རེད། ལས་གཞ་དེ་ལག་བསྟར་བྱས་པ་ཡིས་གསེར་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རོང་འབྲོག་པའི་ཡོང་འབབ་མཐོ་རུ་གཏོང་བར་རྨང་གཞི་སྔར་ལས་བརྟན་པོ་ཞིག་བཏིངས་ཡོད།
མ་གཞིར་གནམ་ལྷ་རྒྱལ་གྱིས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་འཁུར་ནས་ལོ་གཉིས་འདས་ཟིན་པ་དང་། གཏན་འཁེལ་ལྟར་ན་ད་ལྟ་ཁོ་རང་ཕྱིར་སྔོན་ཆད་ཀྱི་ལས་གནས་སུ་ལོག་ཆོག་མོད། འོན་ཀྱང་ཁོས་ལག་པ་གཡུག་གཡུག་བྱེད་བཞིན། ད་ལྟ་ད་དུང་ང་རང་ཕྱིར་འགྲོ་མི་ཐུབ། ཤ་རིགས་ལས་སྣོན་བྱེད་པའི་འཁོར་ཁང་གི་ལས་གཞི་དེ་གནད་འགག་གི་དུས་སྐབས་སུ་ཡོད་པས་ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་ང་རང་ཕྱིར་ལོག་ཀྱང་འཕྱི་མི་འདུག་ཟེར།
སྡེ་སྡོད་ལས་བྱེད་པ་ཞིག་གི་ལས་ཀ་ནི་དེ་ཙམ་གྱིས་མི་ཚད་དེ། གནམ་ལྷ་རྒྱལ་གྱིས་ནམ་ཡང་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་དག་ཚང་མ་གཏན་ནས་ཆུང་ཆུང་ཞིག་མིན་པར་བསམ་བཞིན་ཡོད།
གནམ་ལྷ་རྒྱལ་ཁྱིམ་ཚང་རེ་རེར་སོང་ནས་ཁོ་ཚོའི་འཚོ་བར་རྒྱུས་ལོན་བྱེད་སྐབས། མགོན་པོ་ཚེ་རིང་ཚང་གི་ལོ11ལ་སླེབས་པའི་བུ་ཆུང་དེར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་རྐང་པ་གཅིག་ལ་རྨས་སྐྱོན་ཕོག་ཡོད་པ་ཤེས། དུས་ཐོག་ཏུ་སྨན་བཅོས་མ་བྱས་པའི་དབང་གིས་རྨ་ཁ་རེད་འདུག་པ་མཐོང་། ཁོས་གནས་ཚུལ་དེ་མིག་གིས་མཐོང་མ་ཐག་སེམས་ལ་ན་ཟུག་ཆེན་པོ་ཞིག་སྐྱེས་ཤིང་། མྱུར་དུ་རླངས་འཁོར་བཙལ་ནས་མཚན་རྒྱབ་སྟེ་སྤྱི་ལེ300ཡོད་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། དེ་ལྟར་བྱིས་པའི་རྐང་པ་གཉིས་གཞི་ནས་སྲུང་སྐྱོབ་བྱེད་ཐུབ་པར་གྱུར་སོང་།
བསོད་ཁོ་སྐྱབས་ཀྱི་བུ་མོས་ཞི་ཨན་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཏུ་རྒྱུགས་འཕྲོད་མོད། འོན་ཀྱང་བསོད་ཁོ་སྐྱབས་ཀྱིས་བུ་མོ་ཞིག་ཡིན་ན་སྔ་ཕྱིའི་ཁྱད་པར་ཙམ་མ་གཏོགས་གཉེན་སྒྲིག་བྱེད་དགོས་ཀྱི་ཡོད་པས་སློབ་སྦྱོང་བྱེད་པར་ཕན་ཐོགས་ཅི་ཞིག་ཡོད་ཟེར་ནས། སྲོལ་རྒྱུན་གྱི་འདུ་ཤེས་རྙིང་པ་མཁྲེགས་འཛིན་བྱས་ནས་བུ་མོས་སློབ་སྦྱོང་བྱེད་པར་བཀག་འགོག་བྱས། གནས་ཚུལ་དེ་མཐོང་རྗེས་གནམ་ལྷ་རྒྱལ་ལ་བྲེལ་འཚུབ་ཆེན་པོ་སྐྱེས་ཤིང་། ཁོས་བསོད་ཁོ་སྐྱབས་ལ་ཁ་ཏ་སློབ་གསོ་ནན་མོ་བྱས་པར་མ་ཟད། རང་གིས་མ་དངུལ་བཏང་ནས་མེ་འཁོར་གྱི་སྤ་སེ་ཉོས་ཏེ་བསོད་ཁོ་སྐྱབས་ཀྱི་བུ་མོ་དེ་སེམས་བདེ་མོའི་ངང་སློབ་སྦྱོང་བྱེད་པར་འགྲོ་རུ་བཅུག
དོན་དག་ཆུང་ཆུང་དེ་དག་དྲོད་འཇམ་གྱི་ཉི་འོད་དང་འདྲ་བར་གསེར་ཐང་སྡེ་བའི་ས་ཆ་ཀུན་ཏུ་འཕྲོ་བཞིན་ཡོད་ལ་སྡེ་མི་རེ་རེའི་སེམས་ལ་ཡང་དྲོད་ཀྱིས་ཁེངས་ཡོད། གནམ་ལྷ་རྒྱལ་གྱི་སྐོར་གླེང་སྐབས། སྡེ་མི་ཚོས་ཧྲུའུ་ཅི་དང་པོ་དེར་བསྟོད་བསྔགས་ཆེན་པོ་བྱེད་བཞིན་འདུག ཚང་མས་སྡེ་བའི་ནང་དཀའ་ངལ་ལ་མི་སྐྲག་པའི་ཧྲུའུ་ཅི་དང་པོ་གནམ་ལྷ་རྒྱལ་ཡོད་པས་ང་ཚོའི་འཚོ་བར་སྔར་ལས་མདུན་ལམ་ལྡན་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།