གཞི་རིམ་དུ་འབྲོག་པ་མང་ཚོགས་ལ་དཀའ་ཁག་སེལ་རོགས་བྱེད་བཞིན་པ།
—2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་མི་སྣ་བསམ་དགའ་སྒྲོལ་མའི་གནས་ཚུལ་བཀོད་པ།
“དངུལ་རྩ་ལ་དྲོད་འཁོལ་དང་བརྩེ་བ་ཡོད།”2024ལོའི་ཟླ12པའི་ཚེས30ཉིན། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཀྲུང་གོ་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་དངུལ་ཁང་གི་ནང་ཆེན་ཡན་ལག་དངུལ་ཁང(གཤམ་དུ“ཞིང་ལས་དངུལ་ཁང་ནང་ཆེན་རྫོང་ཡན་ལག་དངུལ་ཁང”ཞེས་བསྡུས་ཡོད) དུ་སོང་བ་ན། བྲེལ་འཚུབ་ཅི་འདྲ་ཆེ་ནའང་གདོང་ལ་ནམ་ཡང་འཛུམ་གྱིས་ཁེངས་པའི་མི་ཞིག་མཐོང་ཐུབ། མོའི་ལས་ལ་བརྩོན་པའི་རྒྱབ་གཟུགས་དེ་སྤྱིར་བཏང་གི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་རྩྭ་ཐང་དུ་བཞད་ཅིང་། ཡུལ་འདིའི་ས་ཆུ་སྲུང་ནས་ཁུ་སིམ་མེར་གཞན་ལ་ཕན་འདོགས་བཞིན་ཡོད།
“ཀྲུང་གོ་ཞིང་ལས་དངུལ་ཁང་ལྔ་གཅིག་བུད་མེད་དཔེ་ལེགས་ཅན”དང“ཡུས་ཧྲུའུ་ཡན་ལག་ཀུང་སིའི་རྩིས་ཐོ་ཕྱིར་འཚོང་མཛངས་མ།”“ཡུས་ཧྲུའུ་ཁུལ་གྱི་གསུམ་བརྒྱད་དར་དམར་སྒྲེང་མཁན།”“མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ལྔ་བཞི་ན་གཞོན་སྐབས་བཞི་པའི་ན་གཞོན་བྱ་དགའ་ཐོབ་མཁན”སོགས་ཀྱི་བྱ་དགའ་ཚང་མས་མོའི་བྱ་བར་བདེན་དཔང་བྱས་ཡོད་མོད། འོན་ཀྱང་དངུལ་རྩའི་ལས་ཡུལ་དང་པོ་བརྟན་པོར་སྲུང་བའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་ཅུང་ཙམ་ཡང་བྱུང་མེད་ལ། ཁོ་མོ་ནི་བསམ་དགའ་སྒྲོལ་ཡིན།
2012ལོའི་ཟླ7པར། བསམ་དགའ་སྒྲོལ་མ་ཧུའུ་པེ་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། གཞན་ཡུལ་དུ་བྱ་བར་ཞུགས་ཆོག་པའི་མོ་བློ་ཐག་རྦད་ཆོད་ཀྱིས་ཕྱིར་ཕ་ཡུལ་དུ་ལོག བསམ་དགའ་སྒྲོལ་མས་བཤད་རྒྱུར། “ང་རང་ཡུས་ཧྲུའུ་ནས་འཚར་ལོངས་བྱུང་བ་ཡིན་ལ། ཕ་ཡུལ་གྱིས་ང་རང་བསྐྱངས་པ་ཡིན། ད་ལྟ་དངུལ་རྩའི་ཤེས་བྱ་ཅུང་ཙམ་ཤེས་ཡོད་པས། ཕ་ཡུལ་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་བའི་འགན་འཁྲི་ཡོད་ལ་འོས་འགན་ཀྱང་ཡོད”ཟེར།
དད་སེམས་བརྟན་པོ་བཅངས་ཏེ་བསམ་དགའ་སྒྲོལ་མ་ཕྱིར་ཕ་ཡུལ་དུ་ལོག་ནས་རྒྱུགས་ལ་ཞུགས་འགོ་བརྩམས། 2012ལོའི་ཟླ11པར་མོའི་འདོད་པ་ལྟར་ཀྲུང་གོ་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་ཡན་ལག་དངུལ་ཁང་དུ་རྒྱུགས་འཕྲོད།
དངུལ་ཁང་གི་ལས་སྒོར་ཞུགས་མ་ཐག་པའི་སྐབས་སུ་བསམ་དགའ་སྒྲོལ་མས་སུན་སྣང་མེད་པར་སློབ་སྦྱོང་བྱས་པ་དང་། མོས་འཛད་མཐའ་མེད་པའི་སྟོབས་ཤུགས་བཀོལ་ནས་དུས་ནམ་ཡང་མཐའ་འཁོར་གྱི་མི་རྣམས་ལ་དྲང་ནུས་བསྩལ། སློབ་སྦྱོང་ལ་བརྩོན་པ་བསྐྱེད་པས་མོའི་བྱང་ཆ་ལྡན་པའི་ལས་སྒོར་རྨང་གཞི་བཏིངས།
“བསམ་དགའ་སྒྲོལ་མར་སློབ་སྦྱོང་གི་ནུས་པ་དྲག་པོ་ལྡན་པར་མ་ཟད་ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་དང་། རྨང་གཞི་བཟང་ལ་མི་རྣལ་མ་ཞིག་ཀྱང་རེད”ཅེས་བསམ་དགའ་སྒྲོལ་མ་གླེང་སྐབས་ལས་གྲོགས་ཚོས་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད།
འཇོན་ནུས་སྦྱངས་རྗེས་དེ་ངེས་པར་དུ་ལག་བསྟར་བྱེད་དགོས། ནང་ཆེན་རྫོང་ནི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། རི་མཐོ་ལུང་ཟབ་ཡིན་ལ་ལམ་ཐག་རིང་། གནས་དེ་རུ་གྲོང་རྡལ1དང་ཡུལ་ཚོ9། སྡེ་དམངས་ཨུ་ཡོན་ལྷན་ཁང69ཡོད་ལ། དཔལ་འབྱོར་ཆགས་སྟངས་ནི་ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་ཡོད།
བསམ་དགའ་སྒྲོལ་མས་བཤད་རྒྱུར། “ངས་ལས་སྒོ་བསྒྲུབ་ཏུ་ཡོང་བའི་མང་ཚོགས་དང་ཁ་བརྡ་བྱེད་སྐབས། འབྲོག་པ་མང་ཆེ་བར་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་གཉེར་བའི་ཕུགས་འདུན་ཡོད་རུང་། མ་དངུལ་མི་འདང་བའི་དཀའ་སྡུག་ལ་འཕྲད་ཡོད་པ་ཤེས”ཟེར།
རྒྱབ་ལྗོངས་དེའི་འོག་ཏུ། བསམ་དགའ་སྒྲོལ་མས་རང་འགུལ་གྱིས་རེ་བ་ཞུས་ཏེ། རྒྱུན་དུ་གཞི་རིམ་གྱི་ཁྱིམ་ཚང་དུ་སོང་ནས། ཏང་གི་དམངས་ཕྱུག་སྲིད་ཇུས་དང་དངུལ་རྩའི་ཤེས་བྱ་རོང་འབྲོག་མང་ཚོགས་ལ་ཤེས་སུ་བཅུག་པ་དང་། དངུལ་རྩའི་ཞབས་ཞུའི་ལས་དོན་དངོས་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ།
སྡེ་བའི་ཁྱིམ་ཚང་ལ་འཚམས་འདྲིར་འགྲོ་ཐེངས་རེ་ནི་ལུས་ཕུང་དང་བསམ་པར་ཚོད་བགམ་ལེན་ཐེངས་རེ་ཡིན་ལ། སྨུག་ཕྱིའི་འོད་དྲག་པ་དང་གསོ་རླུང་དཀོན་པའི་མཁའ་དབུགས་རྔུབས་ཏེ་ཀྱག་ཀྱོག་གི་རི་ལམ་རིང་མོ་བརྒྱུད་སྐབས་བསམ་དགའ་སྒྲོལ་མས་ཕྱིར་བཤོལ་གཏན་ནས་བྱས་མ་མྱོང་།
2021ལོའི་ཟླ11པའི་ཚེས15ཉིན། བསམ་དགའ་སྒྲོལ་མ་ནང་ཆེན་རྫོང་ཏང་ཨུའི་རྒྱུན་ལྡན་གྱི་ཚོགས་འདུར་ཞུགས་སྐབས། སྤུས་ལེགས་ཁེ་ལས་ཤིག་གིས་ཉེ་ལམ་མ་དངུལ་སྒོར་བྱེ་བ་གསུམ་ཙམ་རྩིས་ཁོངས་སུ་འཇུག་རྒྱུ་ཡིན་པ་ཤེས་པ་དང་། ཚོགས་འདུ་མཇུག་སྒྲིལ་རྗེས། བསམ་དགའ་སྒྲོལ་མས་མྱུར་དུ་ཁེ་ལས་དེའི་འགན་འཁུར་བ་དང་འབྲེལ་ཡོད་ལས་སྒོ་འབྲེལ་མཐུད་བྱས་མོད། འོན་ཀྱང་ཁེ་ལས་དེའི་ཚོང་གཉེར་ལག་ཁྱེར་དང་འགྲོ་ལུགས་སྣ་ཚོགས་ད་དུང་ཆ་ཚང་མེད་པའི་རྐྱེན་གྱིས་རྩིས་ཁོངས་སུ་འཇུག་པའི་དུས་ཚོད་ཕྱི་སྣུར་བྱེད་དགོས་པར་མ་ཟད། དངུལ་ཁང་གཞན་དུ་བྱང་བུ་ལས།
གནས་ཚུལ་རྒྱུས་ལོན་བྱས་རྗེས། བསམ་དགའ་སྒྲོལ་མས་བྱ་བ་དེ་མ་བསྐྱུར་བར་མྱུར་དུ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་རུ་བསྐྱོད་དེ། མགྲོན་པོའི་དཔྱད་གཞིའི་ཡིག་རིགས་ནང་འཇུག་བྱེད་རོགས་བྱས་པ་དང་། ཚོང་གཉེར་ལག་ཁྱེར་ལེགས་གྲུབ་ངང་སྒྲུབ་རྗེས་སླར་ཡང་དཀའ་གནད་ལ་འཕྲད།
བསམ་དགའ་སྒྲོལ་མས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “དངུལ་བཅོལ་གྲངས་འབོར་ཆེ་བའི་ལས་སྒོ་གཉེར་དགོས་ན། ད་དུང་ཁེ་ལས་དེའི་ཐམ་ག་དགོས་མོད། འོན་ཀྱང་སྐབས་དེར་རྫོང་དུ་བཟོ་ཐུབ་པའི་ཚོང་ཁང་གཅིག་ཀྱང་མེད”ཟེར།
དོན་དེ་བསྐྱུར་འདོད་མེད་པའི་བསམ་དགའ་སྒྲོལ་མས་ཁུལ་དུ་ཡོད་པའི་གྲོགས་པོ་དང་འབྲེལ་བ་བྱས་ནས། ཁེ་ལས་དེར་ཐམ་ཀ་བཟོ་རུ་བཅུག ཐམ་རྟགས་བཟོས་ཚར་རྗེས་ནམ་གུང་གི་ཆུ་ཚོད12ལ་སླེབས་ཡོད་པས། བསམ་དགའ་སྒྲོལ་མ་གཅིག་པུས་མཚན་བརྒྱབ་ཏེ་རླངས་འཁོར་བསྐོར་ནས་ཆུ་ཚོད་ལྔ་ལ་ཕར་འགྲོ་ཚུར་འོང་བྱས། 2021ལོའི་ཟླ11ཚེས17ཉིན་གྱི་སྔ་དྲོར། ལས་མགོ་མ་བརྩམས་སྔོན་། བསམ་དགའ་སྒྲོལ་མས་ཁེ་ལས་ཀྱི་ནོར་དོན་དང་འབྲེལ་གཏུག་བྱས་ནས་འགྲོ་ལུགས་སྒྲུབ་དུ་ཡོང་བ་དང་། ཁེ་ལས་ཀྱི་ནོར་དོན་རྫོང་ཡན་ལག་དངུལ་ཁང་དུ་འབྱོར་རྗེས། སྒོ་འབྱེད་པ་ནས་སྤྱོད་མགོ་བརྩམས་པའི་བར་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་འགོར་ཡོད། ཁེ་ལས་ཀྱི་འགན་འཁུར་བས་འབྲེལ་ཡོད་འགྲོ་ལུགས་ཆ་ཚང་བསྒྲུབས་ཡོད་པ་ཤེས་རྗེས། བློ་མཐུན་བསམ་དགའ་སྒྲོལ་མས་བརྒྱུད་རིམ་ཧྲིལ་པོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བསམ་དགའ་སྒྲོལ་མས་ལས་སྒྲུབ་ལས་ཆོད་ལ་བསྔགས་བརྗོད་ཆེན་པོ་བྱས།
2021ལོའི་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། ཞིང་ལས་དངུལ་ཁང་ནང་ཆེན་རྫོང་ཡན་ལག་དངུལ་ཁང་གི་བྱ་བ་མཇུག་མ་སྒྲིལ་སྔོན། དངུལ་ཁང་གཞན་གྱི་འགྲན་རྩོད་ཕུད་པའི་གནས་ཚུལ་འོག གཞུང་དོན་བཅོལ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བཞི་འབུམ་དགུ་ཁྲི་བཞི་སྟོང་ལྔ་བདེ་བླག་ངང་ཚོང་གཉེར་བྱས་ཏེ། ཞིང་ལས་དངུལ་ཁང་ནང་ཆེན་རྫོང་ཡན་ལག་དངུལ་ཁང་གི་གཞུང་དོན་བཅོལ་དངུལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མ་ཟད། གྲུབ་འབྲས་དེ་ཞིང་ལས་དངུལ་ཁང་ཡུས་ཧྲུའུ་ཡན་ལག་དངུལ་ཁང་གིས་ཕུལ་བྱུང་ཚོང་གཉེར་གྱི་དཔེ་མཚོན་དུ་བདམས།
2022ལོར། བསམ་དགའ་སྒྲོལ་མ་རྩ་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ཅུའུ་ལ་མངགས་ནས་འགན་འཁུར་དུ་བཅུག ལས་ཁུངས་གསར་པའི་ནང་བསམ་དགའ་སྒྲོལ་མས་མགྱོགས་མྱུར་གྱིས་དེར་ལོབས་པ་དང་། ཡུལ་དེའི་སྲིད་གཞུང་གི་བྱ་བའི་མ་ལག་ཁྲོད་འདྲེས་པའི་ཐད་འབད་བརྩོན་ལྷོད་མེད་བྱས།
བསམ་དགའ་སྒྲོལ་མས་རང་ཉིད་ཀྱི་སྒེར་གྱི་འབྲེལ་བ་བརྒྱུད་པ་དང་། ཧུར་བརྩོན་གྱིས་འབྲེལ་མཐུད་མཐུན་སྦྱོར་བྱས་པ་བརྒྱུད་ནས། ནང་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་བཅུའི་དབུལ་ཕོངས་ཁྱིམ་ཚང་ཁག་ཅིག་དང་། ནང་ཆེན་རྫོང་ཁོར་སྲུང་ལས་བཟོ་པ་སོགས་ལ་སྔོ་ཚལ་ཏུན20ཞལ་འདེབས་སུ་ཕུལ། ཟི་ལིང་ཐེན་མའོ་རླངས་འཁོར་ཞིག་གསོ་ཁང་ལ་འབྲེལ་གཏུག་བྱས་ཏེ། ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་དང་དུས་ཡུན་ལོ་ངོ3གྱི་གྲོང་གསེབ་དར་སྤེལ་འཛད་སྤྱོད་ཀྱི་རོགས་སྐྱོར་གྲོས་འཆམ་བཞག་པ་དང་། ཡུལ་དེའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་སྤེལ་བྱས་པའི་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་ལ་སླེབས། དུས་མཚུངས་སུ། མོས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་ཏེ་མར་དང་སྐམས་ཤ་སོགས་ཞིང་ལས་ཐོན་རྫས་རྒྱ་མ3200བཙོངས་པའི་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་ལ་སླེབས་པ་སོགས་ལས་རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཐབས་ལམ་ཕན་ནུས་ལྡན་པའི་སྒོ་ནས་རྒྱ་བསྐྱེད།
2024ལོར། བསམ་དགའ་སྒྲོལ་མ་ཕྱིར་ཞིང་ལས་དངུལ་ཁང་ནང་ཆེན་ཡན་ལག་དངུལ་ཁང་དུ་ལོག་པ་དང་། སྐབས་དེར་མོའི་ཐོབ་ཐང་ལ་ཡང་བསྐྱར་འགྱུར་ལྡོག་བྱུང་།
བསམ་དགའ་སྒྲོལ་མས་བཤད་རྒྱུར། “ད་ལྟ་ང་ནི་ཞིང་ལས་དངུལ་ཁང་ནང་ཆེན་ཡན་ལག་དངུལ་ཁང་གི་འགོ་བ་ཡིན་པས་ཕྲག་སྟེང་གི་འགན་འཁུར་ཇེ་ལྕིར་སོང་ཡོད་མོད། འོན་ཀྱང་ངས་བྱ་སྤྱོད་དངོས་ལ་བརྟེན་ནས་ཚང་མའི་སྣེ་ཁྲིད་དེ། ནང་ཆེན་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན”ཟེར།
ད་ལྟ། བསམ་དགའ་སྒྲོལ་མའི་སྣེ་ཁྲིད་འོག ཞིང་ལས་དངུལ་ཁང་ནང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་སུ་བཅུག་ཡོད་པར་མ་ཟད། ད་དུང་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་སྐྲུན་བྱས་པ་བརྒྱུད་ནས། ཡུལ་དེའི་དམངས་གཉེར་ཁེ་ལས་ཆུང་གྲས་དང་རོང་འབྲོག་པའི་དངུལ་རྩའི་དགོས་མཁོ་སྐོང་བཞིན་ཡོད། 2024ལོར། ཞིང་ལས་དངུལ་ཁང་ནང་ཆེན་ཡན་ལག་དངུལ་ཁང་གིས་བསྡོམས་པས་ཞིང་ཕན་དངུལ་བུན་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་དྲག་པོ་བབསྣན།
དུས་མཚུངས་སུ། ནང་ཆེན་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། བསམ་དགའ་སྒྲོལ་མས་ཁྱད་ལྡན་དངུལ་བུན་ཐོན་རྫས་འགྲེམ་ཅི་ཐུབ་བྱས། མོས་ཡུལ་དེའི་དམངས་གཉེར་ཁེ་ལས་ཆུང་གྲས་དང་རོང་འབྲོག་པའི་དགོས་མཁོར་རྒྱུས་ལོན་ཞིབ་མོ་བྱས་ཏེ། རིམ་བསགས་ཀྱིས་དམངས་ཕྱུག་ཐོན་ལས་རོགས་སྐྱོར་གྱི་དངུལ་བུན་སྒོར་ས་ཡ་གསུམ་དང་འབུམ་བདུན་བཀྲམ་པ་དང་། མ་དངུལ་དེ་དག་གིས་ནང་ཆེན་རྫ་ནག་དང་ཚྭ་དམར། ནས་ནག་སོགས་ཀྱི་ཁྱད་ལྡན་ཐོན་ལས་བརྩེ་བས་བསྐྱངས་ལ། དེ་དག་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཆེན་པོ་བྱུང་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཐབས་ལམ་གསར་པ་བཏོད།
སྒེའུ་ཁུང་ལས་གཉེར་པ་ནས་སྐུ་མགྲོན་བདག་གཉེར་པའི་བར་དང་། ཕྱོགས་བསྡུས་ཆེད་བསྐོས་པ་ནས་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་ལས་འགན་འཁུར་བའི་བར། དེ་ནས་ད་ལྟའི་ཞིང་ལས་དངུལ་ཁང་ནང་ཆེན་རྫོང་ཡན་ལག་དངུལ་ཁང་གི་འགོ་བའི་འགན་འཁུར་བའི་བར་དུ། བསམ་དགའ་སྒྲོལ་མས་ཞབས་ཞུ་ལེགས་པོར་བརྟེན་ནས“སྐུ་མགྲོན་གཙོ་བོ་ཡིན་པའི”འདུ་ཤེས་ལ་འགྲེལ་བཤད་བྱས་ཤིང་། བྱ་སྤྱོད་དངོས་ཀྱིས་ཞིང་ལས་དངུལ་ཁང་གི“‘ཞིང་གསུམ’ལ་གཞིགས་ནས་མཁར་གྲོང་ལ་ཞབས་འདེགས་ཞུ་བའི”ལས་འགན་དེ་ལའང་འགྲེལ་བཤད་གསལ་བོ་བྱས་ཡོད།
ཤ་བོ་རིན་མཚོས་བསྒྱུར།