དཀའ་ཁག་ཅི་འདྲ་ཆེ་རུང་མདུན་དུ་བསྐྱོད་དགོས།
ལོ་གསར་བསུ་ལ་ཉེ་བའི་སྐབས་འདིར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་གྲང་རླུང་གི་ངར་ཁ་རྒོད། གྲོང་ཁྱེར་དང་བར་ཐག་སྤྱི་ལེ་དགུ་ཅུ་ཡོད་པའི་ཧ་ཤུལ་ཡུལ་ཚོའི་གཞི་རིམ་གྱི་ལས་ཡུལ་དང་པོའི་སྐྱེ་ཁམས་ལྟ་སྲུང་བ་ཚང་མས་སྔར་བཞིན་བྱ་བར་བྲེལ་བཞིན་འདུག ཧ་ཤུལ་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་ས་ཚིགས་ཚན་ཆུང་གི་ཚན་གཙོ་རྟ་མགྲིན་དབང་འདུས་ཀྱིས་བཤད་རྒྱུར། ནམ་ཟླར་གྲང་ངར་ཆེ་ཞིང་རང་བྱུང་ཆ་རྐྱེན་ཅི་འདྲ་ཞན་རུང་། ང་ཚོ་ཡུལ་ཚོའི་ལྟ་སྲུང་ས་ཚིགས་ཀྱི་མི་ཉི་ཤུར་ཉེ་བ་ཚང་མས་ས་གནས་ཀྱི་རི་ཆུར་སྲུང་སྐྱོབ་བྱེད་པར་སེམས་ཤུགས་ཡོད་རྒུ་བཏོན་ཡོད་ཟེར།
ལྟ་སྲུང་ས་ཚིགས་ཀྱི་སྐྱེ་ཁམས་ལྟ་སྲུང་བ་དབང་ཚུལ་གྱིས་སྐད་ཆའི་སྣེ་མཐུད་ནས་བཤད་རྒྱུར། ངོ་མ་རེད། ལོ་གསར་ཐོན་ལ་ཉེ་བས། ང་ཚོས་སྐོར་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཕ་ཡུལ་གྱི་ནགས་ཚལ་དང་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས་སྟེ། རུ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ན། ད་གཟོད་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ལེགས་ཤོས་རྒྱུན་སྲུང་བྱེད་ཐུབ་ཟེར།
2011ལོར། རྟ་མགྲིན་དབང་འདུས་ཀྱིས་སྡེ་བའི་སྡེ་དམངས་དང་མཉམ་དུ་གྲོས་མོལ་བྱས་པར་མ་ཟད། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་འཐད་པ་བྱུང་རྗེས། ཕྱི་ནས་ཡོང་བའི་ཕྱུགས་རྫིར་དོ་དམ་བྱེད་པའི་ལམ་ལུགས་གཏན་འབེབས་བཟོས། ལྟ་སྲུང་བ་དང་འབྲོག་ཁྱིམ། གླ་རྒྱག་མཁན་བཅས་ཀྱི་རྣམ་པས་གཅིག་གྱུར་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་ལེན་ཡི་གེར་མིང་རྟགས་བཀོད་པ་དང་། འགན་འཁྲིའི་དྲ་རྒྱ་ཚགས་པོ་བཟོས་ནས་འབྲོག་ཁྱིམ་དང་གླ་རྒྱག་མཁན་སུ་ཡིན་རུང་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མི་རེ་རེས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་མཇུག་འབྲས་ཚབས་ཆེན་གསལ་བོར་ཤེས་པར་ཁག་ཐེག་བྱེད་ལ། དུད་ཁྱིམ་རེ་རེས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་སྲུང་བརྟན་པོ་བྱས་ནས། གླ་རྒྱག་མཁན་ལ་དོ་དམ་བྱེད་པའི་དཀའ་གནད་ཐག་གཅོད་བྱས་ཤིང་། སྐྱེ་ཁམས་ལ་གཏོར་བརླག་བཟོ་བའི་ཉེན་ཁ་རྩ་བ་ནས་མེད་པར་བཏང་།
རྟ་མགྲིན་དབང་འདུས་ཀྱིས་གསར་འགོད་པར་གསལ་བཤད་བྱས་རྒྱུར། ཏང་དང་སྲིད་གཞུང་གིས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཤིང་། ཆུང་དུས་ནས་བཟུང་ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་པར་བརྟེན། ང་ལ་སྔར་ནས་ཕ་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་བསམ་ཚུལ་ཡོད། ལོ་ངོ་བཅུའི་རིང་། ང་དང་འདོད་མོས་མཐུན་པའི་གྲོགས་པོ་ཚོས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་རི་ཆུར་སྲུང་སྐྱོབ་བྱས་པ་ཡིན་ཟེར།
ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གླེང་སྐབས། ལྟ་སྲུང་ས་ཚིགས་ཀྱི་སྐྱེ་ཁམས་ལྟ་སྲུང་བ་འཕྲིན་དགའ་ཡིས་གདོང་ལ་སྤོབས་ཉམས་ཀྱིས་ཁེངས་ནས་བཤད་རྒྱུར། དགུན་གཞུང་གི་ཡུལ་གྲུས་མི་རྣམས་ལ་མཛེས་སྡུག་གི་ལྟད་མོ་གཞན་ཞིག་བཤམས་ཡོད། ལོ་འདི་དག་གི་རིང་ལ། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་བྱུང་ཡོད་དེ། ད་སྐབས་ཕྱི་རུ་སྐོར་སྲུང་ལ་འགྲོ་དུས། ནམ་རྒྱུན་རི་མཐོ་སར་གནའ་བ་བརྒྱ་ཕྲག་ལྷག་བག་ཕེབས་ངང་འགྲོ་བཞིན་པ་མཐོང་ཐུབ། སྟབས་ལེགས་ན‘གངས་ཀྱི་རྒྱལ་བོ’གསའ་ལའང་ཐུག་ཐུབ་ཟེར།
དེར་མ་ཟད། རྟ་མགྲིན་དབང་འདུས་ཀྱིས་རང་འགུལ་སྒོས་ཉེ་འགྲམ་གྱི་སྡེ་དམངས་དང་སྐྱེ་ཁམས་ལྟ་སྲུང་བ་རྩ་འཛུགས་བྱས་ཤིང་། དུས་ལྟར་ས་གནས་གཏན་འཁེལ་བྱས་ཏེ་གད་སྙིགས་ཕྱིར་བསྡུ་དང་སྐྱེལ་འདྲེན་བྱ་བ་བསྒྲུབས། གཟའ་འཁོར་རེ་རེར་ཞིང་སྡེའི་ཁོར་ཡུག་གཙང་སྦྲ་བྱས་པ་དང་། སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་སྟོན་བྱང་བུ་དང་མཚོན་རྟགས་བྱང་བུ། དྲིལ་སྒྲོག་སྒོ་བྱང་བཅས་བཟོས་ནས། འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཤེས་སུ་བཅུག་པ་དང་། ཁོ་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་བཏང་།
འཕྲིན་དགའ་ཡིས་ངོ་སྤྲོད་བྱས་རྒྱུར། ཉིན་འདི་གར་རི་ཁུལ་དུ་སྐོར་སྲུང་བྱེད་སྐབས། ང་ཚོའི་ལྟ་སྲུང་ས་ཚིགས་ཀྱིས་ཡུལ་ཚོའི་སྡེ་བ་སོ་སོའི་སྡེ་དམངས་རྣམས་ཁྲིད་དེ། གནའ་བ་དང་གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར། འགུལ་སྐྱོད་གནས་ཚུལ་བཅས་ཟིན་ཐོར་བཀོད་ནས། སྐོར་སྲུང་བྱ་བ་ཕྱོགས་ཡོངས་སུ་ཁེབས་པར་བྱས་པ་ཡིན་ཟེར།
བཤད་མཚམས་འདིར་ཐོན་དུས། ནམ་རྒྱུན་སྐད་ཆ་བཤད་རྒྱུར་མི་དགའ་བའི་འཕྲིན་དགས་ཡང་བསྐྱར་སྐད་ཆའི་སྣེ་མཐུད་ནས་བཤད་རྒྱུར། འབྲི་ཆུའི་བཞུར་རྒྱུད་བརྒྱུད་དེ། འབྲི་སྟོད་རྫོང་གི་ས་མཚམས་ནས་ཨ་ཁྲོ་ཡུལ་ཚོའི་ས་མཚམས་བར་སྐོར་བཤེར་བྱས་པ་དང་། ང་ཚོའི་རུ་ཁག་གི་སྤྱི་ལེ་གྲུ་བཞི་མ230ཡི་ཁུལ་ཁོངས་སུ་སྐོར་ཞིབ་བྱས་པ་ཡིན། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བར་སྟོང་ལ་འགན་སྲུང་བྱས་པ་དང་མཉམ་དུ། གད་སྙིགས་གཙང་སེལ་ས་ཚིགས་གཅིག་ཀྱང་ལྷག་ལུས་མེད་པར། བློ་གཅིག་སེམས་གཅིག་གིས་རི་སྐྱེས་སྲོག་ཆགས་དང་ཉེ་འཁོར་མང་ཚོགས་ལ་བདེ་འཇགས་འཆམ་མཐུན་གྱི་འཚོ་གནས་ཁོར་ཡུག་བསྐྲུན་པར་འབད་པ་ཡིན་ཟེར།
རྟ་མགྲིན་དབང་འདུས་ཀྱིས་སྤོབས་ཉམས་ཀྱིས་ཁེངས་ནས་ཁ་གསབ་བྱས་རྒྱུར། དུས་སྐབས་ནམ་ཡིན་རུང་ང་ཚོས་འགན་ཁུར་བའི་ཁུལ་ཁོངས་ཀྱི་ཡུལ་ལྗོངས་ཧ་ཅང་མཛེས་སྡུག་ལྡན་ལ་སྐྱེ་ཁམས་རྣམ་པ་ཧ་ཅང་ལེགས། ད་སྐབས། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་གྱི་རྣམ་པ་ཧ་ཅང་མངོན་གསལ་རེད་ཟེར།
ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་ནས་ལོ་ངོ་བཅུ་ལྷག་འགོར་བའི་རིང་། ཞིང་སྡེས་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་དག་གཙང་རྒྱུན་སྲུང་བྱས་པས། ང་ཚོས་རི་སྔོ་ཆུ་དྭངས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ། རྟ་མགྲིན་དབང་འདུས་ཀྱིས་གསར་འགོད་པར་བཤད་རྒྱུར། ད་ནས་བཟུང་། ང་དང་གྲོགས་པོ་ཚོས་སྔར་བཞིན་ཕ་ཡུལ་ཞེས་པའི་དག་ཞིང་འདིར་སྲུང་སྐྱོབ་ལེགས་པོ་བྱས་ནས། ནམ་མཁའ་སྔར་ལས་སྔོ་ཞིང་རི་ཆུ་སྔར་ལས་དྭངས་གཙང་ཡོང་བར་འབད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།