མགོ་ལོག་གི་སློབ་བུ་ཚོར་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན།
2025.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

                     2024ལོའི་ལས་བཀུར་བྱས་རྗེས་འཇོག་མཁན་མཚོ་སྔོན་གྱི་མི་བཟང་ཁྲང་ཐུའུ་ཡི་གནས་ཚུལ་བཀོད་པ།

ཟླ1པོའི་ཚེས5ཉིན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་ཏང་ཙུའུ་ཧྲུའུ་ཅི། སློབ་གཙོ་ཁྲང་ཐུའུ་ཡིས་མཐོ་འབྲིང་གསུམ་པའི་ཚོད་རྒྱུགས་རྒྱུགས་རར་སློབ་མ་ཚོར་བཤད་རྒྱུར། སློབ་གྲོགས་རྣམ་པ། དེ་རིང་གི་ཚོད་ལྟའི་རྒྱུགས་མཚམས་འདི་ནས་མཇུག་སྒྲིལ་བ་ཡིན། ཚང་མ་ཕྱིར་ལོག་རྗེས་སྔ་མོ་ནས་ངལ་གསོ་བྱས། སང་ཉིན་ད་རུང་བོད་ཡིག་བསླབ་ཚན་གྱི་རྒྱུགས་གཅིག་ཡོད་པས། ཚང་མས་ཤུགས་རེ་བྱས་ནས་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ལེན་དགོས་ཞེས་སྐུལ་ལྕག་བཏང་།

རྒྱུགས་བཤེར་བྱ་བ་ཚར་རྗེས། ཁྲང་ཐུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཉིན་འདི་གར་སློབ་མ་རྣམས་ཀྱི་དཀའ་ལས་བརྒྱབ་སོང་ལ་དགེ་རྒན་རྣམ་པས་ཀྱང་དེ་བཞིན་དུ་དཀའ་ལས་མི་ཉུང་བ་བརྒྱབ་ཡོད། ད་རུང་ཟླ་ཕྱེད་ཡས་མས་འགོར་རྗེས་དགུན་གནང་གཏོང་རྒྱུ་ཡིན་པས། ང་ཚོས་ད་རུང་ཤུགས་བརྒྱབ་ནས་སློབ་མ་རེ་རེར་སློབ་སྐབས་འདིར་ཐོབ་བྱ་ཡོད་པར་འབད་རྒྱུ་ཡིན་ཟེར།

2022ལོའི་ཟླ7པར། ཧྲང་ཧྲེ་གྲོང་ཁྱེར་གྱི་སྐོར་ཐེངས་ལྔ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མགོ་བརྩམ་པ་དང་། ཧྲང་ཧེའི་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་ཆེན་གྱི་ཟུར་གཏོགས་ནུས་གསོག་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲང་ཐུའུ་ཡིས་གོང་རིམ་ཏང་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་བྱས་ནས། སྤྱི་ལེ་སྟོང་གཉིས་ལྷག་གི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཡོང་བ་དང་། ལོ་གསུམ་གྱི་སློབ་གསོའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བགྲོད་ལམ་དུ་བསྐྱོད་མགོ་བརྩམ།

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཧྲང་ཧེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་ལ་བརྟེན་ནས་ཟི་ལིང་དུ་བཙུགས་པའི་སློབ་གྲྭ་ཞིག་རེད། ཐོག་དང་པོར་སློབ་མ་བསྡུ་རུབ་བྱས་པའི་ཚུན་ལ། མགོ་ལོག་གི་སློབ་མ་སྟོང་གཅིག་དང་བདུན་བརྒྱ་ལྷག་གིས་སློབ་གྲྭ་འདིར་སློབ་གཉེར་བྱེད་ཀྱིན་ཡོད་པ་དང་། 2022ལོའི་སྐོར་ཐེངས་དང་པོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་དངོས་གཞིར་རྒྱུགས་འཕྲོད་ཚད་ཕལ་ཆེར་བརྒྱ་ཆའི་རེ་བརྒྱད་ལ་སླེབས་ཤིང་། མགོ་ལོག་ཁུལ་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཀོད། 2023ལོར། སློབ་གྲྭའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་དངོས་གཞིར་རྒྱུགས་འཕྲོད་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། ཁྲང་ཐུས་ཡིས་ང་སློབ་གྲྭ་འདིར་མ་ཡོང་སྔོན་ལ། རང་ལ་དམིགས་འབེན་གསུམ་བཞག་ཡོད་དེ། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་སློབ་མ་ཚོར་སློབ་སྦྱོང་བཟང་པོ་བྱེད་དུ་འཇུག་པ་དང་། ཟ་མ་ཞིམ་པོ་ཟ་རུ་བཅུག་ནས་སྐྱིད་པོར་སྡོད་དུ་འཇུག་རྒྱུ་དེ་ཡིན། ལམ་ལ་མ་ཆས་གོང་ནས་གྲ་སྒྲིག་གང་ལེགས་བྱས་ཡོད་མོད། གནས་འདིར་ཐོན་དུས་ད་དུང་དཀའ་ཁག་མང་པོར་འཕྲད་སོང་ཟེར།

2022ལོའི་ཟླ8པའི་ཟླ་དཀྱིལ་དུ། མཚོ་སྔོན་ལ་ཡོང་ནས་ཟླ་གཅིག་ཀྱང་འགོར་མེད་པའི་ཁྲང་ཐུའུ་ལ་བརྡ་ཐོ་འབྱོར་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་སློབ་གྲྭས་དྲ་ངོས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱེད་དགོས་པས། ཁོས་དགེ་རྒན་རྣམས་རྩ་འཛུགས་བྱས་ནས་དྲ་ངོས་སློབ་ཁྲིད་ཀྱི་གྲ་སྒྲིག་བྱ་བ་ལས་མགོ་ཚུགས། ཁྲང་ཐུའུ་ཡིས་བཤད་རྒྱུར། སློབ་མར་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཚེ། དཀའ་ཁག་ཅི་འདྲ་ཆེ་རུང་ཐབས་འཐེན་ནས་ཐག་གཅོད་བྱེད་དགོས། སྐབས་དེར་ནམ་ཞིག་ལ་ཡུལ་དངོས་སློབ་ཁྲིད་བྱེད་ཐུབ་མིན་མི་ཤེས་པས། ང་ཚོས་སྔོན་ལ་སློབ་མ་ཚོར་བསླབ་ཚན་སོ་སོའི་གློག་རྡུལ་བསླབ་དེབ་གྲ་སྒྲིག་བྱས་པ་ཡིན་མོད། འོན་ཀྱང་སློབ་མ་ཚོས་དྲ་ངོས་སློབ་ཁྲིད་ལ་ཉན་པའི་ཉིན་མགོ་མ་དེ་དག་ལ་ངས་ཤོག་བུའི་བསླབ་དེབ་མེད་ཚེ་སློབ་མ་ཚོས་སློབ་ཁྲིད་ལ་ཉན་པའི་སྣང་ཚུལ་མི་ལེགས་པ་ཤེས་བྱུང་ཟེར།

བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། ཁྲང་ཐུའུ་ཡིས་སྔོན་ཆད་ཧྲང་ཧེ་རུ་སློབ་མ་ཚོར་ཤོག་བུའི་བསླབ་དེབ་བསྐུར་བའི་ཉམས་མྱོང་སྤྱོད་རྒྱུའི་ཐག་བཅད་དེ། དགེ་རྒན་རྣམས་རྩ་འཛུགས་བྱས་ནས་སློབ་མ་རེར་ཁུག་མ་རེ་གྲ་སྒྲིག་བྱས་པ་དང་། སློབ་མ་ཚོར་དགོས་པའི་བསླབ་དེབ་དག་བསླབ་ཚན་གྱི་རིགས་བགར་ནས་བསྡུས་ལ། དེའི་རྗེས་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་སློབ་གསོ་ཅུའུ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་རླངས་འཁོར་གྲ་སྒྲིག་བྱས་ཏེ་སློབ་མ་ཚོར་བསླབ་དེབ་བསྐྱལ་བ་རེད།

མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཝང་ཝེ་ཆིན་གྱིས་བཤད་རྒྱུར། སློབ་གཙོ་ཁྲང་ཐུའུ་ཡིས་བྱ་བ་བསྒྲུབ་དུས་འདང་ཞིབ་མོ་བརྒྱབ་ཡོད་དེ། སློབ་མ་ཚོར་ཤོག་བུའི་བསླབ་དེབ་འབྱོར་རྗེས། ཁོས་དྲ་ངོས་སློབ་ཁྲིད་ཐད་གཏོང་ཁང་སོ་སོ་ནས་སློབ་མ་ཚོའི་སློབ་སྦྱོང་གི་གནས་ཚུལ་ལ་བལྟས་པ་དང་། ནམ་རྒྱུན་སློབ་ཁྲིད་དགེ་རྒན་དང་མཉམ་དུ་ཁྲིད་བྱའི་གནད་དོན་ལ་བགྲོ་གླེང་བྱེད་ཀྱིན་ཡོད། ཤོག་བུའི་བསླབ་དེབ་འབྱོར་རྗེས། སློབ་མ་ཚོས་དྲ་ངོས་སློབ་ཁྲིད་ལ་ཉན་པའི་ཧུར་སེམས་རང་བཞིན་དང་སློབ་ཁྲིད་ལ་ཉན་པའི་སྤུས་ཀ་མཐོར་འདེགས་བྱུང་བ་དང་། དགེ་རྒན་རྣམས་ཀྱི་ཡིད་ཆེས་ཇེ་བརྟན་དུ་སོང་བས། ཁོའི་བྱ་བ་ལས་སྟངས་ཞིབ་ཕྲ་ཅན་དང་འགན་འཁྲིའི་འདུ་ཤེས་འདི་དག་ལ་ངས་སློབ་སྦྱོང་བྱེད་འོས་ཟེར།

སྤྱི་ཚོགས་ཕན་འདོགས་ཐུབ་པའི་མི་ཞིག་བྱེད་དགོས་ཚེ། བསམ་བློ་ཆབ་སྲིད་སློབ་གསོ་ནི་མེད་དུ་མི་རུང་ཞིག་རེད། མཐོ་འབྲིང་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་ཁང་དུ། གསར་འགོད་པས་ཁྲིད་སྟེགས་མདུན་དུ་དཔེ་སྒྲོམ་ཞིག་ཡོད་ལ་དེའི་ནང་དུ་དཔེ་ཆ་རིགས་མི་འདྲ་བ་མང་པོ་བསྒྲིགས་ཡོད། སྔོན་ཏག་ཏག་ལ་སློབ་གྲྭར་འབྱོར་ནས་སློབ་ཁང་དུ་ལོག་པའི་སློབ་མ་དཀོན་མཆོག་སྒྲོལ་མས་བཤད་རྒྱུར། དཔེ་སྒྲོམ་དུ་དཔེ་ཆ་རིགས་མང་པོ་ཡོད་པ་དང་། དེ་ལས་ང་རང་ཀློག་རྒྱུར་དགའ་བ་ནི་ཀྲུང་གོའི་ཡོན་ཧྲིའི་ཚན་རིག་ཞིབ་འཇུག་གི་ལོ་ངོ་བརྒྱ་ཞེས་པ་དེ་ཡིན་ལ། ལེའུ་རེ་རེར་ནང་དོན་མང་པོ་མེད་རུང་གཏམ་རྒྱུད་ལ་གོ་རྒྱུ་ཡོད་ཀི་ཟེར། དཀོན་མཆོག་སྒྲོལ་མས་གསར་འགོད་པས་དཔེ་ཆའི་ནང་དོན་ངོ་སྤྲོད་བྱས་རྒྱུར། ལེའུ་འདིའི་ནང་དུ་ཨ་མྱེས་ཡུས་མའེ་ཡི་གཏམ་རྒྱུད་བཤད་ཡོད་དེ། ཁོང་ནི་ཉིང་དངོས་ལུགས་ཚན་རིག་པ་གྲགས་ཅན་ཞིག་ཡིན་ལ། མདེལ་གཉིས་སྐར་གཅིག་ཐད་མཛད་རྗེས་ཆེན་པོ་འཇོག་མཁན་ཡང་རེད། འདིའི་ནང་གི་དཔེ་མང་པོ་ཞིག་སློབ་གཙོ་ཁྲང་ཐུའུ་ཡིས་བསམ་བློ་ཆབ་སྲིད་སློབ་ཁྲིད་སྟེང་ང་ཚོར་བཤད་མྱོང་ཡོད། རྗེས་ཕྱོགས་ངས་ཀྱང་སྔོན་རབས་པ་ཚོར་སློབ་སྦྱོང་བྱས་ནས་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐུབ་པའི་མི་ཞིག་བྱེད་རྒྱུ་ཡིན་ཟེར།

ཁྲང་ཐུའུ་ཡིས་གསར་འགོད་པར་ངོ་སྤྲོད་བྱས་རྒྱུར། ང་ཚོའི་འཛིན་གྲྭ་རེ་རེར་དཔེ་སྒྲོམ་རེ་ཡོད་ལ། དེའི་ནང་གི་མང་ཤོས་ནི་རྒྱལ་གཅེས་རིང་ལུགས་བརྗོད་གཞི་ཡིན་པའི་དཔེ་ཆ་ཡིན་མོད། འོན་ཀྱང་བསམ་བློའི་ཆབ་སྲིད་སློབ་གསོ་ཡག་པོ་ཞིག་བྱེད་དགོས་ཚེ། དཔེ་ཆ་ཁོ་ནར་བརྟེན་ན་སློབ་གསོ་ཡག་པོ་ཐོབ་པའི་ངེས་པ་མེད་ཟེར། དུས་ཡུན་རིང་པོར་སློབ་མར་ཚོར་ཞིབ་བཤེར་འཚམས་འདྲི་བྱས་པ་བརྒྱུད། ཁྲང་ཐུའུ་ཡིས་སློབ་གྲྭ་བསམ་བློ་ཆབ་སྲིད་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་མོད། ཡིན་ཡང་སློབ་མ་རྣམས་ལ་ཚོར་བ་ཟབ་མོ་སྐྱེ་བཞིན་མེད་པས། ཁོས་ལག་ལེན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་། སློབ་མ་རྣམས་ཀྱིས་དཔེ་ཆ་གཅིག་པུར་མ་བརྟེན་པར་རང་གི་བརྩེ་བ་ངོ་མར་བརྟེན་ནས་ཏང་གི་གཏམ་རྒྱུད་གསར་བ་དང་ཀྲུང་གོ་གསར་བའི་གཏམ་རྒྱུད་རྒྱུས་ལོན་བྱས་ཤིང་། ལག་ལེན་དངོས་ལ་བརྟེན་ནས་དུས་རབས་གསར་བའི་འགྱུར་ལྡོག་དང་འཕེལ་རྒྱས་རྟོགས་པར་བྱས།

གཞན་དང་མི་འདྲ་བའི་བསམ་བློ་ཆབ་སྲིད་སློབ་ཁྲིད་འདིའི་སྐོར་ནས།  མཐོ་འབྲིང་གཉིས་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཚེ་རིང་སྒྲོལ་མས་གསར་འགོད་པར་རང་གི་མྱོང་ཚོར་བཤད་རྒྱུར། 2023ལོའི་ཟླ11པར། ང་དང་སློབ་གྲོགས་རྣམས་ཧྲང་ཧེ་ལ་སོང་ནས་རྟོག་ཞིབ་བྱ་འགུལ་ལ་ཞུགས་པ་ཡིན། ང་ཚོ་ཐོག་མར་ཀྲུང་གུང་ཚོགས་ཆེན་དང་པོ་ཚོགས་སར་ཐོན་བྱུང་ལ། བསླབ་དཔེ་ངོས་ཀྱི་འདྲ་པར་དངོས་སུ་མིག་མདུན་དུ་མངོན་དུས་ངོ་མ་སེམས་འགུལ་ཐེབས་ཤིང་སྤོབས་པ་ཚད་མེད་སྐྱེ་བར་མ་ཟད། གུང་ཁྲང་ཏང་མེད་ན་ཀྲུང་གོ་གསར་བ་མེད་ཅེས་པའི་སྐད་ཆ་འདིའི་དོན་གསལ་བོར་རྟོགས་ལ། རྗེས་ཕྱོགས་རང་ཉིད་ཀྱང་ཏང་ནང་དུ་ཞུགས་པ་དང་། དུས་རབས་གསར་བའི་རྒྱུད་འཛིན་པ་ཚད་ལྡན་ཞིག་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན་ཟེར།

ལག་ལེན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ལས་གཞན། ཁྲང་ཐུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བ་དེ་སློབ་གྲྭའི་ཉིན་རྒྱུན་སློབ་ཁྲིད་ཁྲོད་འཇོག་པར་དོ་སྣང་ཆེན་པོ་བྱས། ཁྲང་ཐུའུ་ཡིས་བཤད་རྒྱུར། གུང་གསེང་རེ་རེའི་སྐབས་སུ་ངས་སློབ་མ་ཚོར་སྤྱི་ཚོགས་ལག་ལེན་ལས་བྱ་བཀོད་སྒྲིག་བྱས་ཏེ། སློབ་མ་ཚོས་ཁོ་ཚོ་རང་གི་མཐོང་སྣེ་ནས་ཕ་ཡུལ་གྱི་འགྱུར་ལྡོག་ལ་དོ་སྣང་བྱེད་པར་ཁྲིད་སྟོན་བྱས་པ་ཡིན།  ད་དུང་དེའི་རྨང་གཞིའི་སྟེང་། སློབ་མས་བརྙན་ཐུང་དང་པར་ལེན་པ། ལག་བྲིས་བརྩམས་ཆོས། སྙན་ངག་གསར་རྩོམ། སྒྲུང་ཐུང་འབྲི་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ་ཕ་ཡུལ་གྱི་འགྱུར་ལྡོག་ཆེན་མོ་མཚོན་ཐུབ། སློབ་མགོ་བརྩམས་རྗེས། མི་རིགས་མི་འདྲ་བའི་སློབ་མ་རྣམས་ཀྱིས་མཐོང་སྣེ་མི་འདྲ་བ་ནས་ཁོ་ཚོའི་སེམས་ཁོང་གི་མགོ་ལོག་ངོ་སྤྲོད་བྱས་པ་དང་། ཚང་མས་རང་རང་གི་བསམ་ཚུལ་བཤད་པས། ཡུལ་དངོས་རྣམ་པ་ཧ་ཅང་ཟང་ཟིང་རེད་ཟེར།  

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་ངོ་གཉིས་ལྷག་གི་རིང་ལ། ཁྲང་ཐུང་རྒྱ་མ་བཅོ་ལྔ་ལྷག་གིས་ཇེ་སྐམ་དུ་སོང་བ་དང་། སྐྲ་ཡང་ཇེ་ཉུང་དུ་སོང་མོད། འོན་ཀྱང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མྱོང་ཚོར་གླེང་སྐབས། ཁོས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་རྒྱུར། དབྱང་དབུགས་དཀོན་རུང་སྙིང་སྟོབས་ཆེ་བ་དང་། མཚོ་འཕང་མཐོ་ཡང་རྟོགས་པ་མཐོ་བས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྗེས་མའི་ལོ་ཕྱེད་ཀ་ཙམ་གྱི་རིང་ལ། ངས་ད་དུང་མུ་མཐུད་དུ་རྣམ་པ་སྣ་ཚོགས་པའི་བསམ་བློ་ཆབ་སྲིད་བསླབ་ཚན་བཀོད་སྒྲིག་བྱེད་པ་གཙོ་བོར་བཟུང་ནས། སློབ་མས་སྤྱི་སྐད་བཤད་ཤེས་པར་མ་ཟད་ཡིག་གཟུགས་ལེགས་པོ་འབྲི་ཤེས་པ་དང་། ཀྲུང་གོའི་མི་བཟང་པོ་ཞིག་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། རང་ནུས་ཅི་ཡོད་ཀྱིས་མགོ་ལོག་གི་བྱིས་པ་ཚོར་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།