ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཡུན་ད་དུང་ཧ་ཅང་རིང་།
2025.02.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བའི་ཕྱི་ནང་གི་མཁའ་དབུགས་གང་སར་མར་རྩམ་གྱི་དྲི་མ་ཞིམ་པོ་ཞིག་གིས་བར་མེད་དུ་ཁྱབ་ཡོད་ཅིང་། སྔོ་ཡུག་ཡུག་གི་ནམ་མཁའི་འོག་ཏུ། སྐར་ལྔའི་དར་དམར་རླུང་བུའི་རྒྱུ་ཕྱོགས་དང་བསྡོངས་ནས་ལྷབ་ལྷུབ་གཡོ་བཞིན་ཡོད་ལ། ལོ་སར་གྱི་དགའ་སྣང་གིས་སྡེ་གྲོང་ཧྲིལ་བོ་འུར་ཆིལ་ལེར་བཏང་ཡོད།

སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འགས་སྡེ་བ་ཐུན་མོང་གི་སྐམས་ལུག་གི་ཤ་ལས་སྣོན་བྱེད་སའི་འཁོར་ཁང་དུ་ཐོན་རྫས་སར་དབོར་བཞིན་མཆིས།

བཀྲ་ཤིས་ཟླ་བས་བཤད་རྒྱུར། ད་ལྟའི་དུས་ཚོད་འདི་ལ་མཚོན་ནས་བཤད་ན། ཐོན་རྫས་ཕྱིར་བཙོང་གི་དུས་ཚིགས་ལེགས་ཤོས་ཡིན། ང་ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ། དྲ་རྒྱའི་ཚོང་ལམ་བེད་སྤྱོད་གང་ལེགས་བྱས་ནས། གདང་ལ་གྲོང་རྡལ་གྱི་སྐམས་ཤ་དང་ལུག་ཤ་རྒྱལ་ཡོངས་ཀྱི་ས་ཆ་གང་སར་བསྐྱལ་ནས། མི་སྔར་ལས་གང་མང་ཞིག་ལ་ས་ཆ་འདིའི་ནོར་ལུག་གི་ཤའི་བྲོ་བ་མྱོང་དུ་འཇུག་ཞོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་མང་དུ་གཏོང་དགོས་ཟེར།

ཉེ་བའི་ལོ་འདི་དག་གི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་གྲུ་གཡོར་བསླངས་ནས་རྒྱ་མཚོའི་དཀྱིལ་གཤགས་ཏེ་དམིགས་སར་གཟས་ཏེ་ཆས་པའི་གྲུ་བོ་ཆེ་ཞིག་དང་མཚུངས་པར། བློ་ཐག་རྦད་ཆོད་སྒོས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསོལ་མགྲོན་ཁང་གཉེར་ནས་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཞིག་ཕྱེ་བཞིན་ཡོད། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་དང་སྡེ་སྡོད་ལས་བྱེད་པའི་དཔུང་སྡེ་ཡིས་སེམས་ནུས་གཅིག་སྒྲིལ་བྱས་ཏེ། སྐྱེ་ཁམས་ཀྱི་དགོངས་པར་མཐུན་ཞིང་ལྷད་མེད་ཁ་ལ་ཞིམ་པའི་ནོར་ལུག་གི་ཤའི་ལས་སྣོན་ཉོ་ཚོང་རྟེན་གཞི་དང་སྡེ་བའི་ལོ་རྒྱུས་ཁང་། བོད་པ་ཚང་དམངས་སྲོལ་མགྲོན་ཁང་། འབྲི་ཆུའི་འབྲོག་གླུ་ཡི་སྦྲ་ནག་གསོལ་སྟོན་བཤམས་ས་སོགས་ཀྱི་ལས་གཞི་རིམ་པར་བསྐྲུན།

འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡོ་སྡོད་ཧྲུའུ་ཅི་དང་པོ་ལིང་ལིང་གི་མིག་ནང་དུ་རེ་ལྟོས་ཀྱི་འོད་སྣང་ལམ་ལམ་འཚེར་བཞིན་ངོ་གདོང་ཧྲིལ་བོར་རྒྱལ་ཁའི་འཛུམ་མདངས་ཕྱུང་ནས་བཤད་རྒྱུར། ཉིས་སྟོང་ཉེར་བཞི་ལོར། རང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་ཡོང་སྒོ་སྒོར་ས་ཡ་གཅིག་ལས་བརྒལ་ཡོད། འབྲི་ཆུའི་འགོ་ཁུངས་སྡེ་བར་མཚོན་ནས་བཤད་ན། སྐྱེ་ཁམས་སྤོ་དམངས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་ཉི་ཤུ་རྐྱང་འཁོར་ཡོད་ཅིང་། ཁྱོད་ཀྱིས་ལྟོས་དང་། ང་ཚོའི་སྡེ་བ་འདི་འཕེལ་རྒྱས་བྱུང་བ་ཇི་འདྲའི་བཟང་ལ། མ་འོངས་འཚོ་བར་རྒྱང་ལྟ་བྱས་པ་ཡིན་ན། འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་དགའ་རུ་འགྲོ་ངེས་གཏན་ཡིན་པས། འཚོ་བ་སྐྱིད་པོ་ད་དུང་རྗེས་ན་ཡོད་ཐག་ཆོད་ཡིན་ཟེར།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་སྐབས་ཐོག་དེར། སྤྱི་ཁྱབ་ཧྲུའུ་ཅི་ཁོང་མཚོ་འཕངས་སུམ་སྟོང་ལྷག་གི་སར་ཆགས་པའི་འབྲི་ཆུའི་འགོ་ཁུངས་སྡེ་བ་ཡོད་ས་འདིར་ཕེབས་ཏེ། སྡེ་བ་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚང་མ་མཛེས་ཤིང་གྲལ་དག་པའི་ཐོག་ཁང་ནང་བསྡད་ཡོད་ཅིང་། སྡེ་མི་ཚང་མར་ཡོང་སྒོ་བརྟན་པོ་ཡོད་ལ། སྡེ་མི་ཡོངས་གཞི་རྩའི་སྨན་བཅོས་འགན་སྲུང་དང་རྒན་གསོའི་འགན་སྲུང་ཁྲོད་ཞུགས་ཡོད་པར་མ་ཟད། འཚོ་བའི་ཆུ་ཚད་སྔར་དང་བསྡུར་ན་ཇེ་མཐོར་ཕྱིན་ཡོད་པ་མཐོང་རྗེས། ཁྱོད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་རོལ་ཡུན་ད་དུང་ཧ་ཅང་རིང་ཞེས་གསུངས་མྱོང་།

དུས་ཚོད་ནི་ཆེས་དྲང་གཞག་དང་ཆེས་རླབས་ཆེན་གྱི་བདེན་དཔང་མཁན་དང་འབྲས་བུ་ཅི་འབྱུང་ལ་ལན་ཁ་སྟེར་མཁན་ཁོ་ན་ཡིན་ཞིང་། དུས་ཚོད་ཀྱིས་གཞི་ནས་རྒྱུ་འབྲས་ཀྱི་རྣམ་གཞག་ཅི་རིགས་ཟིན་ཐོར་འགོད་བཞིན་ཡོད།

འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། ཕུགས་བསམ་སྐྱིད་པོ་ཞེ་ལ་བཅངས་ཏེ། སྐྱོད་ལམ་གསར་པའི་སྟེང་དུ་འབད་འབུངས་ཧུར་སྐྱེད་བྱས་ནས། དུས་རབས་གསར་པའི་ཁྲོད་བྱས་རྗེས་བཞག་ནས་ལས་གཉེར་ལས་སྐྲུན་བྱེད་བཞིན་ཡོད།

ལོ་ངོ་འདི་དག་གི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་རིམ་གྱིས་ནར་སོན་པའི་བྱིས་པ་ཞིག་དང་འདྲ་བར་ལོ་རེ་རེའི་ནང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། ཉིན་རེ་རེའི་ནང་དུའང་འགྱུར་བ་འགྲོ་བཞིན་ཡོད། ལོ་ཉི་ཤུའི་སྔོན་ལ་རེ་བ་ཆེན་པོའི་སྒོ་ནས་བཙུགས་པའི་ལྗང་མྱུག་དེར་ད་ལྟ་ལོ་འདབ་རབ་ཏུ་རྒྱས་ནས་འབྲས་བཟང་ཁུར་གྱིས་དུད་འདུག

སྡེ་བའི་ནུབ་མགོའི་སྲང་ལམ་ཀྱག་ཀྱོག་དེད་ནས་སོང་ན་ནོར་བུ་བསམ་འགྲུབ་ཀྱི་དམངས་སྲོལ་མགྲོན་ཁང་སྟེ་བཙན་པོའི་གཞིས་སྒར་དུ་སླེབས་ཐུབ་ཅིང་། དམངས་གཉེར་མགྲོན་ཁང་དེར་མཚོན་ནས་བཤད་ན། ནང་དུ་འཛུལ་མ་ཐག་མཐོང་ལམ་དུ་མངོན་ཐུབ་པའི་རྩིས་རྒྱག་སའི་སྟེགས་བུ་དང་ཚོམས་ཆེན་བཅས་གང་ལ་མཚོན་ནས་བཤད་ན། སྲོལ་རྒྱུན་བོད་ཀྱི་འཚེམ་བཟོའི་རྣམ་པ་མངོན་ཡོད་ཅིང་། དེ་ནི་མཁའ་མཐའ་ན་འཁྱོག་པར་དཔྱངས་པའི་འཇའ་ཚོན་སྣ་ལྔ་ཞིག་དང་འདྲ་བར་མ་ཟད། ཁང་ཀླད་ཀྱི་རྒྱན་སྤྲས་བྱེད་སྟངས་ལ་ཁྱད་ཆོས་ལྡན་པར་བརྟེན། འདི་ནས་དར་ཅིག་བསྡད་ནའང་བོད་མི་རིགས་ཀྱི་ཡུལ་ཁམས་རིག་གནས་ཀྱི་མཁའ་དབུགས་སྟུག་པོ་དེས་ཁྱོད་ཀྱི་སེམས་ཁམས་ལ་ཞི་ལྷོད་ཀྱི་ཉམས་སྣང་ཅི་ཡང་འདྲེན་ངེས།

ནོར་བུ་བསམ་འགྲུབ་ཀྱིས་གསར་འགོད་པ་འཁྲིད་དེ་དམངས་སྲོལ་མགྲོན་ཁང་གི་ཁང་མིག་རེ་རེར་ཞིབ་མཇལ་བྱེད་དུ་བཅུག སེམས་ཞིབ་མོས་བཀོད་སྒྲིག་བྱས་པའི་མགྲོན་ཁང་གི་ཚོམས་ཆེན་ནས་མགྲོན་པོ་ཉལ་སའི་ཁང་མིག་རེ་རེའི་རྒྱན་སྤྲས་ཀྱི་རྣམ་པ་དང་སྒྲིག་ཤོམ་གྱི་ཁྲོད་དུ། ཁོའི་ལྷག་བསམ་རྣམ་དག་གིས་ཚོང་གཉེར་ན་འདོད་པའི་བསམ་པ་མངོན་ཡོད། ནོར་བུ་བསམ་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ཁྱོད་ཀྱིས་མིག་ཟུང་འདི་གར་གཡོར་དང་། འདི་ནི་སོས་དལ་དུས་ཟ་ས་འཐུང་ས་ཡིན་ལ། ཕར་ཕྱོགས་ཀྱི་གན་ནི་མི་རིགས་ཀྱི་གྱོན་གོས་དང་རྒྱས་ཆས་ཀྱི་འགྲེམས་ཁུལ་ཡིན། ང་ཚོས་རིགས་མི་འདྲ་བའི་མགྲོན་པོ་ཞག་འདུག་བྱེད་སའི་ཁང་མིག་ལྔ་གྲ་སྒྲིག་བྱས་ཡོད་ཅིང་། ཞག་འདུག་བྱེད་མཁན་གྱི་མགྲོན་པོ་སོ་སོའི་དགོས་མཁོ་ཅི་རིགས་སྐོང་གང་ཐུབ་བྱེད་ཀྱིན་ཡོད་ཟེར།

འབྲི་ཆུའི་འགོ་ཁུངས་སྡེ་བ་ཡི་ཆེས་སྔ་བའི་ལས་སྐྲུན་སྣེ་ཁྲིད་པར་བརྩི་བའི་ནོར་བུ་བསམ་འགྲུབ་ཀྱིས། ལོ་འགའི་སྔོན་ལ་ཁོའི་ཆུང་མ་དང་མཉམ་དུ་སྡེ་བ་འདིའི་ནང་དུ་བོད་ཀྱི་གྱོན་གོས་ཚོང་ཁང་ཞིག་ཕྱེས་པ་རེད། ཁོའི་ཚོང་ཁང་ནང་གི་རྒྱན་ཆ་དང་བོད་ལྭ་ཡི་རྣམ་པ་གསར་ཤོས་ཆེ་ལ་གོང་ཅུང་སླ་མོ་ཡིན་སྟབས། སྡེ་བའི་ནང་གི་མི་ཚང་མས་དགའ་བསུ་ཚད་མེད་ཐོབ་བཞིན་ཡོད། ཉེ་བའི་ལོ་གཉིས་ཀྱི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བས་ཁྱད་ལྡན་མི་རིགས་གྲོང་གསེབ་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་སྤེལ་བ་དང་། ཚོང་གི་ཀླད་པ་ཡོད་པའི་ནོར་བུ་བསམ་འགྲུབ་ཀྱིས་ལས་གཞི་དེའི་ཁྲོད་ཚོང་གི་གོ་སྐབས་བཙལ། ཁོས་རང་གི་ཁྱིམ་མི་དང་གྲོས་བསྡུར་བྱས་རྗེས། ལོ་གང་མང་ལ་ཚོང་བརྒྱབ་པ་ལས་བྱུང་བའི་གསོག་དངུལ་ཅི་རིགས་བཀོལ་ནས། སྔ་ཕྱིར་མ་དངུལ་སྒོར་འབུམ་དགུ་ལྷག་བཏང་སྟེ། རང་ཉིད་ཀྱི་ལས་སྐྲུན་རིམ་པ་གཉིས་པ་གཉེར། ཁོས་སྡེ་བའི་ནང་མགྲོན་ཁང་དང་ཟ་ཁང་། རྒྱན་གོས། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་བཅས་གཞི་གཅིག་ཅན་གྱི་བོད་ལུགས་དམངས་སྲོལ་མགྲོན་ཁང་ཞིག་གཉེར་བར་བརྟེན། དེས་འབྲི་ཆུའི་འགོ་ཁུངས་སྡེ་བའི་ཡུལ་སྐོར་ལས་རིགས་ལ་བཀྲག་མདངས་གསར་པ་དང་གསོན་ཤུགས་ཆེན་པོ་བསྣན།

ནོར་བུ་བསམ་འགྲུབ་ཀྱིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། ལོ་སར་རྗེས། ངས་གོང་སླ་མོ་བྱེད་པའི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་ལ། དེ་མིན་ད་དུང་ལྟད་མོ་ཆེ་བའི་གླུ་གར་འཁྲབ་སྟོན་ཐེངས་འགའ་སྤེལ་ནས། མགྲོན་པོ་གསར་རྙིང་ཚང་མ་དམངས་སྲོལ་མགྲོན་ཁང་འདི་རུ་ཡོང་ནས་འཛད་སྤྱོད་བྱེད་པའི་ཐད་ཐབས་ཤེས་འདོན་རྒྱུ་ཡིན། གནམ་གཤིས་ཇེ་དྲོ་རུ་སོང་བའི་འགྲོས་དང་བསྟུན་ནས། ཡུལ་སྐོར་བ་བུང་བ་མེ་ཏོག་གི་བཅུད་ལ་རོལ་དུ་ཡོང་བ་ལྟར་ངང་གིས་འདུ་ངེས་གཏན་ཡིན་ལ། སྐབས་དེར་ཐོན་ན་ངའི་ཚོང་ལམ་ཡང་ཇེ་བཟང་ཇེ་ལེགས་ཡིན་པ་ཐག་གིས་ཆོད་ཟེར།

སྡེ་བའི་ཕྱིའི་བཟོ་བཀོད་ལེགས་ཤིང་བདེ་སྐྱིད་ཀྱི་སྣང་བ་དགུང་དང་མཉམ་བཞིན་ཡོད། ད་ལྟའི་འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་རི་མོ་མཁན་གྱིས་ཆེད་དུ་ཇུས་འགོད་ཞིབ་ཚགས་བྱས་རྗེས་བསྐྲུན་པའི་ཡིད་འོང་ཞི་འཇམ་གྱི་གནས་སྐྱིད་པོ་ཞིག་ཡིན། དྲང་ཤ་སེར་འཐེན་པའི་གཞུང་ལམ་དེ་ཉིད་རས་ཡུག་ནག་པོ་ཞིག་བར་མེད་དུ་མཐའ་རུ་བརྐྱངས་པ་དང་འདྲ་ཞིང་། སྡེ་མིའི་སྡོད་ཁང་རྣམས་གྲལ་འགྲིག་པོར་བསྒྲིགས་ཡོད་པས། བལྟས་ན་ཉམས་དགའ་བའི་རི་མོ་ཞིག་དང་མྱངས་ན་རོ་ཉམས་རྫོགས་པའི་རྩམ་པ་ཞིམ་པོ་ཞིག་དང་འདྲ། གསར་དུ་ཕྱེས་པའི་ཟ་ཁང་སོ་སོའི་ནང་དུ་ཟས་ཞིམ་གྱི་དྲི་མ་སྡེ་གྲོང་ཧྲིལ་བོར་ཁྱབ་ཡོད་ཅིང་། ན་གཞོན་ལས་སྐྲུན་སྲང་ལམ་དུ་གསོན་ཤུགས་དང་རེ་ལྟོས་ཀྱིས་ཀུན་ནས་བརྟས་ཡོད། མི་རིགས་རྒྱན་གོས་ཚོང་ཁང་གི་ཚོང་སྣ་འཛོམས་ཤིང་སྤུས་དག་ཡིན་ལ། མེ་ཏོག་དཀར་དམར་སེར་གསུམ་གནས་གཅིག་ཏུ་སྤུངས་ནས་མཆོད་པ་འབུལ་བ་དང་ཡང་འདྲ། དེ་མིན་ད་དུང་གསར་དུ་བསྐྲུན་པའི་སྡེ་བའི་ལོ་རྒྱུས་ཁང་དེ་ཉིད་ནི། བྱམས་བརྩེ་ཡིས་ཕྱུག་པའི་བགྲེས་པོ་ཞིག་དང་འདྲ་བར། ཧ་ཅང་གཟབ་ནན་དང་སྒམ་བརླིང་གི་སྒོ་ནས་སྡེ་དམངས་ཀྱི་འཕེལ་རྒྱས་བཞུད་ལམ་རེ་རེ་ཟིན་ཐོར་འགོད་མུས་ཡིན། སྡེ་བའི་ནང་གི་གང་ས་གང་སར་ཉམས་སྣང་གསར་པ་འབར་ཡོད་ཅིང་། ཉམས་སྣང་དེ་དག་གིས་ཏང་གི་དྲིན་དྲན་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བང་གིས་རྒྱུག་བཞིན་པའི་རྟ་མཆོག་ཅིག་དང་འདྲ་བར་ཕྱིར་མི་ལྡོག་པའི་སྤོབས་སེམས་ཀྱིས་ཀུན་ནས་བརྟས་འདུག

བན་དེ་སྐྱབས་ཀྱིས་བསྒྱུར།