སློབ་མའི་སེམས་ཀྱི་སྒྲོན་མེ།
2025.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལོ་སར་གྱི་སྔ་གཞུག་ཏུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭ་གཉིས་པའི་ནང་དུ་དགེ་རྒན་དཔལ་ལྡན་བཀྲ་ཤིས་ཀྱིས་སྒྲ་ཉམས་གཉིས་ལྡན་གྱི་བོད་ཀྱི་བརྡ་སྤྲོད་སྐོར་གྱི་སློབ་ཁྲིད་གནང་བཞིན་འདུག

དཔལ་ལྡན་བཀྲ་ཤིས་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་བྱས་ནས་སློབ་མཐར་ཕྱིན་པ་དང་། 2015 ལོའི་ཟླ 4 པར། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་དགེ་རྒན་ལ་རྒྱུགས་འཕྲོད།

མིག་ལྡེབ་དབང་ཙམ་གྱིས་དཔལ་ལྡན་བཀྲ་ཤིས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་དུ་ཡོང་ནས་ལོ་ངོ་བཅུ་གཉིས་འགོར་བ་དང་འཛིན་གྲྭའི་ཀྲུའུ་རིན་གྱི་ལས་འགན་ཡང་བསྟུད་མར་ལོ་དགུ་ལ་འཁུར་བ་རེད། སློབ་མའི་སློབ་གསོ་དང་དོ་དམ་བྱ་བའི་ཐད་ཉམས་མྱོང་མང་པོ་བསགས་ཡོད།

བོད་ཡིག་ཡག་པོ་སྦྱངས་ན་སློབ་མར་ཅི་ཕན་ཟེར་ན། དཔལ་ལྡན་བཀྲ་ཤིས་ཀྱིས་བལྟས་ན། སྐད་ཡིག་ཡག་པོ་སྦྱངས་ན་སློབ་མའི་མི་ཆོས་ཀུན་སྤྱོད་ལ་ཕན་པ་ཆེན་པོ་ཡོད་པ་དང་། མི་རིགས་སྐད་ཡིག་ནི་གྲངས་ཉུང་མི་རིགས་སློབ་མའི་མ་འོངས་མདུན་བསྐྱོད་ཀྱི་སྒེའུ་ཁུང་ལྟ་བུ་ཡིན་ལ། བོད་ཀྱི་རིག་གནས་དང་ཀྲུང་ཧྭ་རིག་གནས་དབར་གྱི་ཁྲག་རྒྱུད་འབྲེལ་བ་ཤེས་རྟོགས་བྱེད་པ་དང་སློབ་མའི་མ་འོངས་མདུན་བསྐྱོད་ཀྱི་བསམ་བློའི་ལྡེ་མིག་ཀྱང་རེད།

མི་རྣམས་ཀྱིས་རྒྱུན་དུ་དགེ་རྒན་བཟང་པོ་ཞིག་དང་འཕྲད་པ་ནི་མི་ཚེའི་བསོད་ནམས་རེད་ཅེས་བཤད། དེས་ན་དགེ་རྒན་བཟང་པོ་ནི་ག་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་ཟེར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཕུགས་བསམ་དང་ཡིད་ཆེས་ཡོད་པ་དང་། ཀུན་སྤྱོད་ལྡན་པ། ཡོན་ཏན་ཡོད་པ། བྱམས་སེམས་ལྡན་པ་བཅས་ལྡན་པ་བཞིའི་དགེ་རྒན་བཟང་པོའི་ཚད་གཞིར་གཞིགས་ནས་སློབ་མ་རྣམས་རང་གི་བུ་བཞིན་སྐྱོང་བ་དང་། སློབ་མའི་སློབ་སྦྱོང་དང་འཚོ་བར་མཐོང་ཆེན་བྱ་དགོས་ཞེས་གསུངས་ཡོད་པ་རེད། སློབ་མར་དཀའ་ངལ་དང་དོགས་པ་ཡོད་ཚེ། དཔལ་ལྡན་བཀྲ་ཤིས་ཀྱིས་དུས་ཐོག་ཏུ་ངང་རྒྱུད་རིང་པོ་དང་བརྩེ་སེམས་ཀྱི་ཐོག་ནས་སློབ་མ་དཀའ་ངལ་ལས་ཐར་བར་རོགས་རམ་བྱེད་ཀྱི་ཡོད།

“2018ལོར། འཛིན་གྲྭའི་ནང་དུ་བསོད་ནམས་རྒྱལ་ཟེར་བའི་སློབ་མ་ཞིག་ཡོད།  སློབ་སྦྱོང་གི་རྣམ་འགྱུར་མི་བཟང་བ་དང་། པྲ་ཚགས་སོགས་ཀྱི་རྐྱེན་གྱིས། དུས་རྒྱུན་དུ་དགེ་རྒན་གྱིས་མིང་བཏོན་ནས་སྐྱོན་བརྗོད་བྱས་པ་དང་། ཅུང་ཙམ་མིན་ན་སློབ་སྦྱོང་གི་མཇུག་སྐྱོང་མ་ཐུབ་པ་རེད། ”དཔལ་ལྡན་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། ཉིན་ཞིག་སློབ་མ་བསོད་ནམས་རྒྱལ་རྩིས་རིག་དགེ་རྒན་དང་འགལ་བ་བྱུང་རྗེས་སློབ་གྲྭ་མཚམས་འཇོག་གི་བསམ་ཚུལ་བྱུང་སྟེ། གཅིག་པུ་རླངས་འཁོར་ས་ཚུགས་སུ་རྒྱུགས་ནས་ཁྱིམ་དུ་ལོག་རྩིས་བྱས། དཔལ་ལྡན་བཀྲ་ཤིས་ཀྱིས་གནས་ཚུལ་ཐོས་མ་ཐག་མྱུར་དུ་རླངས་འཁོར་ས་ཚུགས་སུ་སོང་ནས་བསོད་ནམས་རྒྱལ་བཙལ་ནས་རླངས་འཁོར་ས་ཚུགས་འགྲམ་གྱི་ཐང་ཆེན་ཆུང་ཆུང་ཞིག་ནས་ནན་ཏན་གྱིས་སློབ་མའི་སྡུག་གཏམ་ལ་ཉན་པ་དང་། སློབ་མ་དང་མཉམ་དུ་དུས་ཚོད་རིང་པོར་གླེང་མོལ་བྱས།

དཔལ་ལྡན་བཀྲ་ཤིས་ཀྱིས་རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ལོངས་སུ་སྤྱོད་པ་ནས་ཤེས་བྱས་ལས་དབང་བསྒྱུར་བའི་གནས་ལུགས་བཤད་པ་དང་། གོ་གནས་བརྗེ་ནས་བསམ་བློ་གཏོང་བའི་བྱེད་ཐབས་སྤྱད་དེ་སློབ་མར་རང་ཉིད་ཀྱི་གནད་དོན་གསལ་པོར་ཤེས་སུ་བཅུག་པ་དང་། དུས་མཚུངས་སུ་བསམ་ཤེས་གུ་ཡངས་ཀྱི་སློབ་གསོ་སོགས་ངང་རྒྱུད་རིང་པོས་ཁྲིད་སྟོན་བྱས་པ་བརྒྱུད། བསོད་ནམས་རྒྱལ་ཕྱིར་སློབ་གྲྭར་ལོག་པ་དང་སློབ་གྲྭའི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་པར་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ནས་བདེ་བླག་ངང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་རེད།

དཔལ་ལྡན་བཀྲ་ཤིས་ཀྱིས་དགེ་རྒན་ཞིག་ཡིན་ན་སློབ་མའི་ནོར་འཁྲུལ་ཇེ་ཆེར་མི་གཏོང་བར། སློབ་མའི་སེམས་གཏམ་ལ་ཉན་པ་དང་གྲོགས་པོའི་རྣམ་པའི་དགེ་རྒན་བྱེད་དགོས་ལ། རྒྱུན་པར་སློབ་མའི་སློབ་སྦྱོང་དང་འཚོ་བའི་དཀའ་ཁག་ལ་རྒྱུས་ལོན་བྱས་ནས་སློབ་མར་སེམས་འགུལ་ཐེབས་སུ་འཇུག་དགོས་ཟེར།

ཚེ་རིང་རྡོ་རྗེ་ནི་དཔལ་ལྡན་བཀྲ་ཤིས་ཀྱིས་སློབ་ཁྲིད་བྱས་མྱོང་བའི་དམིགས་བསལ་གྱི་བྱིས་པ་ཞིག་ཡིན། ཁྱིམ་ཚང་གི་ཆ་རྐྱེན་མི་ལེགས་པ་དང་ཕ་མ་གཉིས་བཟའ་ཐོར་བྱུང་བ་སོགས་དོན་དངོས་ཀྱི་རྒྱུ་རྐྱེན་དེ་དག་ནི་ཚེ་རིང་རྡོ་རྗེའི་སེམས་ནང་གི་ཁུར་བོ་ཆེན་པོ་ཞིག་ཏུ་གྱུར།

དཔལ་ལྡན་བཀྲ་ཤིས་ཀྱིས་ཕྱོགས་གཅིག་ནས་སློབ་གསེང་གི་དུས་ཚོད་སྤྱད་དེ་ཚེ་རིང་རྡོ་རྗེ་ལ་གསབ་ཁྲིད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་གི་སེམས་ཁམས་ཀྱི་དོགས་པ་སེལ་བས། དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་ཚེ་རིང་རྡོ་རྗེ་སྔར་བས་ཡིད་ཆེས་དང་སྤྲོ་སྐྱིད་ལྡན་པར་གྱུར།

སློབ་གསོའི་ལག་ལེན་གྲངས་མེད་ཀྱིས་མི་རྣམས་ལ་བློ་སྒོ་ཕྱེ་ཡོད་པ་སྟེ། བྱིས་པ་རེ་རེར་ཐུན་མོང་མ་ཡིན་པའི་འོད་སྣང་རེ་ཡོད་པ་དང་། དེ་བས་མང་བའི་སྐབས་སུ། ཁོ་ཚོར་མཁོ་བ་ནི་སེམས་ཀྱི་སྒྲོན་མེ་ཞིག་ཡིན། དཔལ་ལྡན་བཀྲ་ཤིས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོའི་སྟོབས་ཤུགས་མངོན་པར་བྱས་ཤིང་། རང་ཉིད་ཀྱི་བརྩེ་བ་དངོས་ལ་བརྟེན་ནས་རེ་ཞིག་མགོ་འཐོམས་པའི་སློབ་མའི་སེམས་ཁམས་ལ་སླར་ཡང་ཕྱིར་ལོག་པའི་ལམ་སྣེ་བསྟན་པ་དང་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་པར་མ་ཟད། ད་དུང་ཁོ་ཚོའི་ཡིད་ཀྱི་ཞིང་སར་རེ་བའི་ས་བོན་གཏོར་ཡོད།

རྟ་མགྲིན་འཚོ་ནི་དཔལ་ལྡན་བཀྲ་ཤིས་ཀྱིས་སློབ་ཁྲིད་བྱས་མྱོང་བའི་སློབ་མ་གཞན་ཞིག་རེད། ཁོ་མོ་སློབ་གྲྭར་སླེབས་སྐབས་ལྷན་སྐྱེས་རང་བཞིན་གྱི་རྒྱང་རིང་མི་མཐོང་བའི་མིག་དབང་གི་ནད་ཡོད་པ་དང་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་ཁོ་མོའི་མིག་དབང་རིམ་བཞིན་ཇེ་སྡུག་ཏུ་ཕྱིན་ནས་མཐར་དབང་པོ་སྐྱོན་ཅན་རིམ་པ་གཉིས་པར་ངོས་འཛིན་བྱས།  མཐོ་གསུམ་གྱི་ལོ་དེར། ཕྱོགས་གཅིག་ནས་གནོན་ཤུགས་ཆེ་བའི་མཐོ་རྒྱུགས་ཀྱི་ལས་འགན་སེམས་ན་ཡོད་པ་དང་། ཕྱོགས་གཅིག་ནས་ཁྱིམ་མིའི་ལུས་ཕུང་གི་གནས་ཚུལ་མི་བཟང་བའི་བསམ་བློའི་གནོན་ཤུགས་ཆེ་བས། སྐབས་ཤིག་རྟ་མགྲིན་མཚོ་རེ་ཐག་ཆད་པ་དང་། སློབ་སྦྱོང་དོར་ནས་ཁྱིམ་དུ་ལས་ཀ་བྱེད་རྒྱུའི་བསམ་ཚུལ་བྱུང་།  དཔལ་ལྡན་བཀྲ་ཤིས་བསྟུད་མར་ཐེངས་གཉིས་ལ་ཁོ་མོའི་ཁྱིམ་དུ་འཚམས་འདྲིར་ཕྱིན་པ་དང་། ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། ཁོ་མོར་སྐུལ་ལྕག་དང་ཁྲིད་སྟོན་ལེགས་པོ་གནང་།   དེ་ནས་ཁོ་མོས་རིམ་བཞིན་ཡིད་ཆེས་རྙེད་པ་དང་ཡང་བསྐྱར་སློབ་སྦྱོང་དང་འཚོ་བར་ཧུར་ཐག་བྱས། 2024 ལོའི་ཟླ 9 པར། རྟ་མགྲིན་མཚོ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དངོས་གཞི་ཚན་པར་རྒྱུགས་འཕྲོད་པ་རེད།

རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གི་སློབ་གཙོ་གཞོན་པ་མཁར་འབུམ་གྱིས་བཤད་རྒྱུར། དཔལ་ལྡན་བཀྲ་ཤིས་ནི་བརྩེ་བ་དང་འགན་འཁྲི་ལ་བརྟེན་ནས་དགེ་རྒན་གྱི་ཐོག་མའི་སེམས་འདུན་དང་ལས་འགན་འཁུར་ནས་སློབ་མའི་སེམས་ཀྱི་ཟབ་སར་འཛུལ་ཐུབ་པར་མ་ཟད།  ད་དུང་སློབ་ཁྲིད་ཀྱི་ནུས་པ་ལྡན་པ་དང་སློབ་ཁྲིད་ཀྱི་གྲུབ་འབྲས་འབུར་དུ་ཐོན་པས། སློབ་མར་བརྩི་འཇོག་གང་ལེགས་བྱེད་པ་དང་སློབ་མའི་བཟང་ཆ་རྟོགས་ཅི་ཐུབ་བྱེད་པའི་དགེ་རྒན་བཟང་པོ་ཞིག་ཡིན་ཟེར།

གཟི་བརྗིད་མཚན་སྙན་ནི་དགེ་རྒན་ཞིག་གི་ཁས་ལེན་ཡིན།

དཔལ་ལྡན་བཀྲ་ཤིས་ལ་མཚོ་སྔོན་ཞིང་ཆེན་གྱི2020ལོ་དང2021ལོའི་སྐབས་གཉིས་ཀྱི་བོད་ཡིག་དཔེ་མཚོན་སློབ་ཁྲིད་སོགས་ཀྱི་དཔྱད་འདེམས་བྱ་འགུལ་ཁྲོད་སློབ་གསོའི་དོན་བརྗོད་རིགས་ཀྱི་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ། ཉེ་བའི་ལོ་འགའི་རིང་ལ། སློབ་གྲྭའི་ཕྱི་ནང་གི་འགྲན་བསྡུར་བྱ་འགུལ་སྣ་ཚོགས་ཁྲོད་བྱ་དགའི་རྟགས་མ 20 ལྷག་ཐོབ་ཡོད།

དཔེ་ཁྲིད་མི་སྐྱོང་བྱེད་པའི་ལམ་བུའི་ཐོག་དཔལ་ལྡན་བཀྲ་ཤིས་འོད་སྣང་ཞིག་དང་འདྲ་བར་སློབ་མ་དེ་བས་མང་པོར་ཐུགས་ཁུར་དང་དྲོད་ཁོལ་མྱོང་དུ་བཅུག