རིན་ཆེན་སྒྲོལ་མས་སྲོལ་རྒྱུན་གྱི་གྱོན་གོས་ལ་འགུག་ཤུགས་གསར་པ་བསྩལ།
2025.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རིན་ཆེན་སྒྲོལ་མས་གྱོན་གོས་ཇུས་འགོད་འགྲན་སྡུར་གྱི་གཟེངས་རྟགས་བླངས།

སྣེ་འཁྲིད་མཁན་ཅི་འདྲ་ཞིག་གིས་མང་ཚོགས་མིག་ལམ་གྱི་སྲོལ་རྒྱུན་གྱི་བོད་ལྭའི་གནའ་ཉམས་རྒྱུན་འཛིན་བྱེད་ཞོར་དུས་ཀྱི་རླབས་རྒྱུན་དང་འཚམ་པར་བྱེད་ནུས་སམ། མི་མང་པོ་ཞིག་གོ་གནས་བརྩོན་པ་དང་མིང་གྲགས་སྙེག་པར་བྲེལ་བའི་དུས། མོ་ཅིའི་ཕྱིར་གཡོ་འགུལ་སྤུ་ཙམ་ཡང་མེད་པར་དམིགས་འབེན་ལ་རེ་སྙེག་བྱེད་ཐུབ་བྱུང་ངམ།

དེ་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་རིན་ཆེན་སྒྲོལ་མར་དབང་བའི་ཞིབ་འཇུག་བྱ་གཞི་ཡིན་ལ། གཟུགས་འདས་ཤུལ་བཞག་རིག་གནས་ལག་རྩལ་གྱི་མེ་ཏོག་སྣ་བརྒྱ་བཞད་པའི་དུས་རབས་སུ་འཚོ་བའི་མོས་བཤད་རྒྱུར། “བསྲེགས་བཅད་བརྡར་གསུམ་བྱས་ན། ད་གཟོད་རྩེར་སོན་གྱི་གྲུབ་འབྲས་ཐོབ་ཐུབ”ཟེར།

1987ལོར། རིན་ཆེན་སྒྲོལ་མ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཚ་རྔ་འགག་གྲོང་རྡལ་ཁེ་ཚེ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། མོའི་ཨ་མ་ནི་སྲོལ་རྒྱུན་བོད་ལྭའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་རབས་གསུམ་པ་ཡིན་ཞིང་། ཕུལ་དུ་བྱུང་བའི་ལག་རྩལ་ལ་བརྟེན་ནས་གཅེན་གཅུང་གསུམ་པོ་སློབ་ཆེན་འགྲིམ་དུ་བཅུག ཨ་མའི་བག་ཆགས་ཟབ་མོས་རིན་ཆེན་སྒྲོལ་མས་ཆུང་དུས་ནས་ གཙག་དྲུབ་དང་འདྲ་གཅོད་སོགས་ཀྱི་ལག་རྩལ་ཤེས།

སློབ་ཆེན་མཐར་ཕྱིན་རྗེས། རིན་ཆེན་སྒྲོལ་མ་ནི་ཕྱོགས་ངེས་གཏན་འཁེལ་གྱི་སློབ་མ་ཡིན་པས་ཞིང་ཆེན་གློག་ཤུགས་མ་ལག་ཁྲིམས་དོན་པུའུ་རུ་བྱ་བ་བགོས་པ་དང་། བྱ་བ་བཟང་པོ་དེས་མོས་ཡིད་སེམས་མ་བཀུག་པར་མ་ཟད། མོས་ཕུགས་བསམ་སྙེག་པའི་གོམ་པ་ཇེ་མགྱོགས་སུ་བཏང་སྟེ། ཁོམ་སྐབས་བཙལ་ནས་བོད་ལྭ་ཇུས་འགོད་དང་བཟོ་བའི་བྱ་བའི་ཁྲོད་ཞུགས་ཏེ་རང་ཉིད་ཀྱི་བོད་ལྭ་བཟོ་བའི་ལག་རྩལ་ལ་སྦྱོང་བརྡར་ལེགས་པོ་བྱས།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཕུགས་བསམ་གྱི་ས་བོན་རིམ་བཞིན་རྒྱས་ཏེ་འབྲས་བུ་ཆེན་པོ་སྨིན། ཨ་མདོའི་བོད་ལྭའི་མིང་གྲགས་ཚད་རྒྱ་བསྐྱེད་གཏོང་ཕྱིར། མོས་རིག་གནས་བྱ་འགུལ་ཆེ་གྲས་ཀྱི་གོ་སྐབས་དམ་འཛིན་བྱས་པས་འཁྲབ་སྟོན་གྱི་ལྭ་བ་བཟོ་བའི་མངག་ཐོ་བླངས་ཤིང་ལྟད་མོ་བས་ཁས་ལེན་པའི་བོད་ལྭ་ཇུས་འགོད་བྱེད་ཐུབ་པ་བྱུང་། རིན་ཆེན་སྒྲོལ་མས་བཤད་རྒྱུར། མཚམས་ལན་རེར་གྱོན་གོས་གཅིག་ཇུས་འགོད་དང་བཟོ་བའི་འགྲོ་གྲོན་སྒོར་ཁྲི་གཉིས་ལ་སླེབས་པས། རང་ལ་སྒོར་མོ་མེད་དུས་གྲོགས་པོར་བསྐྱིས་པ་ཡིན། ཕུགས་འདུན་སྙེག་པའི་ལམ་དུ། མོས་རིན་དོད་ཆེན་པོ་དང་དུས་ཚོད་རྩ་ཆེན་ལྭ་བ་ཇུས་འགོད་ཀྱི་ཐད་བཏང་ཡོད། ཚོང་ཟོག་མངག་ཐོ་མང་པོའི་སྐབས་སུ། མོས་བསྟུད་མར་ཟླ་བ་འགར་ལས་སྣོན་བྱས་ནས་བོད་ལྭ་བཟོ་དགོས། དེའི་སྐབས་སུ་མོ་དཀའ་ཁག་ཅི་ཞིག་ལ་འཕྲད་ཀྱང་མོས་དོན་དེ་བསྐྱུར་མ་མྱོང་།

2017ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་དངོས་མང་བཤམས་སྟོན་ཁང་གིས་སྒྱུ་རྩལ་དུས་ཆེན་གྱི་གྱོན་གོས་བརྒྱ་ལྷག་མངག་ཉོ་བྱས་པས། མོས་ལེགས་ཐོག་ལེགས་འཚོལ་གྱིས་གསར་གཏོད་དང་ཇུས་འགོད་བྱས་པས་བཟོ་དབྱིབས་དཔེ་གསར་ཡིན་པའི་འཁྲབ་སྟོན་ལྭ་བ་བཟོ་ཐུབ་པ་བྱུང་། ཀྲེ་ཅང་དུ་སོང་ནས་རྒྱལ་ཡོངས་མི་རིགས་གྱོན་གོས་ཇུས་འགོད་འགྲན་སྡུར་ཆེན་མོར་ཞུགས་དུས། མོས་ཁྱད་ཆོས་ལྡན་པའི་སྒོ་ནས་མཚོ་སྔོན་གྱི་གཡའ་དག་པའི་མདོག་སྔོན་པོ་དང་ཀྲུང་གོའི་ཁ་དོག་དམར་པོ་གཙོ་བོ་བྱས་ནས་ཕོ་བྲང་གི་ཁྱད་ཆོས་དང་ཨ་མདོའི་ཁྱད་ཆོས་ཟུང་འབྲེལ་བྱས་པའི་བོད་ལྭ་ཇུས་འགོད་བྱས་པར་གདེང་འཇོག་ཡག་པོ་ཐོབ་ཅིང་། མཇུག་མཐར་རྒྱལ་ཡོངས་ཀྱི་ཐབས་མཁས་བཟོ་བའི་བྱ་དགའ་བླངས།

རྗེས་སུ། རིན་ཆེན་སྒྲོལ་མས་མཚོ་སྔོན“ཨ་ཅེ་འབྲོག་མོ”རིག་གནས་ཡུལ་སྐོར་ཐོན་ལས་ཚད་ཡོད་ཀུང་སི་བཙུགས། ཨ་མདོའི་བོད་ལྭའི་རྒྱབ་ཀྱི་རིག་གནས་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱ་ཆེད། མོས་ཚ་གདུག་ལ་མ་འཛེམ་པར་ལ་རྒྱུག་ལུང་རྒྱུག་བྱས་ནས་དགེ་རྒན་བསྟེན་ཞིང་ལག་རྩལ་སྦྱངས་པས་སྔར་ལས་ལེགས་པའི་ཨ་མདོའི་བོད་ལྭ་བཟོ་ཐུབ་པ་བྱུང་། བེར་ཆེན་ཡོད་པའི་བོད་ལྭ་དང་རིག་རྩལ་དྭངས་གསལ་ཅན་གྱི་རིག་གནས་ཐོན་རྫས། སློབ་ལྭ་སོགས་བཟོས་པས། མོའི་ཚེམ་བཟོ་འཁོར་ཁང་དུ་གྱོན་གོས་སྤུས་ལེགས་ལྟ་བས་མི་ལོང་བ་ཞིག་ཡོད། ཕྱོགས་གཞན་ཞིག་ཏུ། གཙག་དྲུབ་བྱེད་མཁན་བུད་མེད་རྣམས་ཀྱིས་མངག་ཐོ་ལྟར་ལྭ་བཟོ་བར་བྲེལ་བཞིན་ཡོད་ཅིང་། ཁབ་དང་སྐུད་པའི་འདྲེན་འགུག་བར་ནས་གཙག་རས་ངོས་སུ་རིས་དབྱིབས་སྣ་ཚོགས་ངང་གིས་གྲུབ་ཡོད།

རིན་ཆེན་སྒྲོལ་མས་བཤད་རྒྱུར། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་དོན་སྙིང་ནི་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་དེ་གཟུགས་དང་རྣམ་པའི་ལམ་ནས་རྗེས་རབས་པ་རྣམས་ལ་འཇོག་རྒྱུ་དེ་ཡིན། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། རིན་ཆེན་སྒྲོལ་མས་རང་གི་ལག་རྩལ་ལ་བརྩི་མཐོང་བྱེད་ཅིང་། སྲིད་གཞུང་སྡེ་ཁག་གི་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་ལྷག་པར་གཅེས་སྤྲས་བྱེད། རང་ཉིད་ཀྱི་ལག་རྩལ་མཐོར་འདེགས་སུ་གཏོང་བ་དང་ཆབས་ཅིག མོས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གོ་དོན་སྔོག་འདོན་བྱེད་པར་མཐོང་ཆེན་བྱེད་ལ། ཐོན་རྫས་རེ་རེ་སྤུས་ལེགས་ཞིབ་ཚགས་དང་སྐྱེ་སྟོབས་ཀྱིས་ཁེངས་པར་བརྩོན་ལེན་བྱེད་སྲིད། རིན་ཆེན་སྒྲོལ་མས་བཤད་རྒྱུར། ཀུང་སིས་སྔ་གཞུག་ཏུ་ས་གནས་ཀྱི་ལས་བཟོ་པ64བསྡུས་པའི་ཁྲོད་ཀྱི་མི14ནི་ཕ་མ་མི་འཛོམས་པའི་ཁྱིམ་ཚང་དང་དབང་བོ་སྐྱོན་ཅན་ཡིན། མོས་གུང་ཧོ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣས་མཛུབ་སྟོན་འོག ཁོ་མོས་མི10ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་རེ་ཞུ་བྱས།

ཉེ་བའི་ལོ་འགར། རིན་ཆེན་སྒྲོལ་མར་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་བྱས་རྗེས་ཆེ་བའི་བུད་མེད་དཔེ་ལེགས་ཅན་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཕྱུག་བསྒྱུར་མཛངས་མ་སོགས་ཀྱི་བྱ་དགའི་མཚན་སྙན་ཐོབ། ཨ་མདོའི་བོད་ལྭའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་བགྲོད་ལམ་སྟེང་མོའི་གོམ་པ་སྤོ་མཚམས་བཞག་མ་མྱོང་ལ། ཨ་མདོའི་བོད་ལྭའི་མདོག་སྡེབ་པ་དང་ཁབ་འདེམས་པ། མངག་ཐོ་ལེན་པ་ནས་མཚན་སྙན་མང་པོ་ཐོབ་པའི་བར་་ཚང་མར་གྲུབ་འབྲས་མང་པོ་བླངས་ཡོད།

ཤ་བོ་རིན་མཚོས་བསྒྱུར།