ཟླ་བཞི་པའི་ནང་མཚོ་སྔོན་པོའི་འགྲམ་གྱི་རླུང་བུ་སྐམ་ཞིང་གྲང་ངར་ཆེ་བ་དང་། ཐེབ་རྒྱ་སྡེ་བའི་རྩྭ་སའི་སྟེང་། སེག་རྡོའི་ལམ་ཕྲན་ཞིག་མཁའ་མཐའ་རུ་རྒྱུན་བསྲིང་ལ། རབ་རིབ་ཀྱི་གཟུགས་བརྙན་ཞིག་སེག་ལམ་བརྒྱུད་དེ་དལ་ལྷོད་ལྷོད་ཀྱིས་འབྲོག་ཁྱིམ་གཞན་ཞིག་ཏུ་བསྐྱོད་པ་མཐོང་ཐུབ།
ཁོའི་མིང་ལ་ཐུབ་ཆེན་རྒྱལ་ཟེར་བ་དང་། ཉིན་རྒྱུན་དུ་སྡེ་བའི་ནང་གི་སྡེ་མིར་སྨན་བཅོས་བྱེད་ཀྱིན་ཡོད་ཅེས་བཤད་པ་དང་། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེལ་ནག་གྲོང་རྡལ་དཀྱིལ་སྙིང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་དཔལ་བཟང་གི་མཛུད་མོའི་ཁ་ཕྱོགས་བརྒྱུད་དེ་ཁོ་རང་མཐོང་བྱུང་བ་དང་། ལ་ཁའི་ཉི་མའི་འོག གཟུགས་བཪྙན་དེ་རིམ་བཞིན་དུ་གསལ་བོར་མངོན་བྱུང་།
ཐེབ་རྒྱ་སྡེ་བ་ནས་གུང་ཧོ་རྫོང་མཁར་བར་སྤྱི་ལེ200ཡོད་པ་དང་། སྤྲེལ་ནག་གྲོང་རྡལ་མངའ་ཁོངས་ཀྱི་འབྲོག་ལས་རྐྱང་པའི་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། ཁོངས་གཏོགས་སུ་མཉམ་ལས་ཁང་བཞི་ཡོད་ཅིང་། རོང་འབྲོག་ཁྱིམ་ཚང326བསྡད་ཡོད་པ་དང་། བསྡོམས་པས་མི1134ཡོད་ལ། རང་བྱུང་རྩྭ་ས་ཡངས་ཤིང་རྒྱ་ཆེ། མཐུ་ཆེན་རྒྱལ་ནི་དབེན་རིང་རི་གྲོང་འདིའི་སྨན་པ་ཞིག་ཡིན།
དབྱར་དགུན་རེས་འཁོར་དང་རླུང་སད་གངས་ཆར་ཁྲོད། ཐེབ་རྒྱ་སྡེ་བའི་རྩྭ་ཐང་གི་ག་ས་གང་དུ་ཐུབ་ཆེན་རྒྱལ་གྱི་རྐང་རྗེས་བཞག་ཡོད། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་རྐྱེན་གྱིས། ཐུབ་ཆེན་རྒྱལ་འཕྲུལ་རྟར་ཞོན་ནས་སྨན་བཅོས་བྱེད་པར་འགྲོ་བའི་ཐེངས་གྲངས་བགྲང་གིས་མི་ལང་བ་དང་། ཁོས་ལྷག་བསམ་ཟོལ་མེད་ཀྱིས་ན་ཟུག་གིས་མནར་བའི་འབྲོག་ཁུལ་གྱི་མང་ཚོགས་གྲངས་ལས་འདས་པར་བདེ་ཐང་དང་འཕྲིན་བཟང་སྐྱེལ་ཡོང་།
ཟླ4པའི་ཚེས6ཉིན་ཏེ་བྱེ་རླུང་ལྡང་བའི་ཉིན་མོ་ཞིག་ལ། ཐུབ་ཆེན་རྒྱལ་ལ་ཐུག་སྐབས། ཁོས་ལུས་ལ་གཙང་ཞིང་གྲལ་དག་པའི་སྨན་གོས་དཀར་པོ་ཞིག་གྱོན་ནས། ནད་པའི་ཁྲག་ཤེད་འཇལ་བཞིན་ཡོད་པ་དང་། ང་ཚོས་ཁོས་ཟིན་ཐོར་བཀོད་པའི་བདེ་ཐང་ཡིག་ཚགས་ལ་བལྟས་པ་ཡིན། མཐུ་ཆེན་རྒྱལ་གྱིས་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་། སྡེ་བའི་འཕྲོད་བསྟེན་ཁང་དང་བར་ཐག་རིང་ཙམ་ཡོད་པས། ཉིན་འདི་དག་ལ་སྡེ་བའི་ནང་གི་ཁྲག་ཤེད་མཐོ་བའི་ནད་པ61གི་གཟུགས་པོར་བརྟག་དཔྱད་བྱེད་པར་བྲེལ་བཞིན་ཡོད་ཅེས་བཤད།
ཡིག་ཚགས་ལས་མངོན་པ་ལྟར་ན། ཐེབ་རྒྱ་སྡེ་བ་རུ་ཁྲག་ཤེད་མཐོ་བའི་ནད་པ་ལས་གཞན། ད་དུང་གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པ7དང་། སྨྱོ་འབོག་གི་ནད་བྱུང་བའི་ནད་པ3། གྲུམ་བུའི་ནད་བྱུང་བའི་ནད་པ47། གློ་བ་དལ་འགོག་གི་ནད་བྱུང་བའི་ནད་པ5བཅས་ཡོད་ལ། ཁོ་ཚོ་ཚང་མས་གན་རྒྱ་བཞག་ཟིན་པ་དང་། ཡིག་ཚགས་ནང་དུ་འབྲེལ་ཡོད་ཀྱི་ལུས་བརྟག་སྙན་ཞུ་ཟུར་བཀོད་བྱས་ཡོད།
ཁྱིམ་ཚང་གི་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་ཡིས་ཁྱིམ་ཚང་གི་སྨན་པ་དེ་འབྲོག་པར་ཐོག་མར་སྨན་བཅོས་བྱེད་པའི་སྨན་པར་འགྱུར་བར་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་བར་དུ་གན་རྒྱའི་འབྲེལ་བ་བརྟན་པོ་འཛུགས་པར་འབད་འཐབ་བྱས་པ་དང་། གཞི་རྩའི་སྤྱི་ཐུན་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས། ཁ་ཆད་སྤོ་དཔྱད། ནད་གཞི་དྲག་སྐྱེད། བདེ་ཐང་དོ་དམ། ཡུན་རིང་ལྟ་སྐྱོང་སོགས་ཚུད་པའི་མུ་འབྲེལ་མཉམ་ལས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་ནས། མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་བྱུང་བཞིན་པའི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་སྐོང་ཐབས་བྱས།
ཐེབ་རྒྱ་སྡེ་བའི་ཁྱིམ་བསྐྱོད་བགྲོད་ལམ་ཁ་ཤས་སྲ་བསྒྱུར་བྱས་མེད་པ་དང་། ཀྱག་ཀྱོག་ཆེ་ལ་རླངས་འཁོར་འགྲོ་དཀའ་བ་དང་། ལྷག་པར་དུ་དབེན་རིང་རི་ཁུལ་ཁ་ཤས་སུ་ཁ་པར་གྱི་བརྡ་རྟགས་མེད། མཐུ་ཆེན་རྒྱལ་སྡེ་བའི་སྨན་པར་གྱུར་རྗེས། སྡེ་དམངས་ཚོར་ཛ་དྲག་བྲེལ་མྱུར་གྱི་སྨན་བཅོས་དགོས་མཁོ་ཡོད་ཚེ། ཁོ་མྱུར་བ་མྱུར་དུ་ཡུལ་དངོས་སུ་སོང་ནས། ཐོག་མའི་བརྟག་གཅོད་དང་སྨན་བཅོས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་སྡེ་མིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱས་པས། སྡེ་བའི་རྒན་གཞོན་ཚང་མས་ཁོ་ལ་ཨ་ཁུ་སྨན་པ་ཞེས་འབོད་ཀྱིན་ཡོད།
ཐུབ་ཆེན་རྒྱལ་གྱི་རྗེས་སུ་འབྲངས་ནས་ང་ཚོ་འབྲོག་པ་གཡང་སྐྱིད་ཀྱི་ཁྱིམ་དུ་སོང་བ་ཡིན། བགྲེས་སོང་གཡང་སྐྱིད་ད་ལོར་ལོ72ལ་སླེབས་པ་དང་། གྲུམ་བུའི་ནད་ཚབས་ཆེན་བྱུང་ནས་འགྲོ་སྐྱོད་བྱེད་ཐུབ་ཀྱིན་མེད། མཐུ་ཆེན་རྒྱལ་མཐོང་རྗེས། བགྲེས་སོང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ལྷག་པར་དུ་ཐུབ་ཆེན་རྒྱལ་གྱིས་བགྲེས་སོང་གི་ལྷུ་ཚིགས་ལ་བོད་སྨན་བྱུག་སྐབས་བགྲེས་སོང་གི་མིག་ནང་གི་མིག་ཆུ་བཞུར་མཚམས་ཆད་མ་མྱོང་ལ། ལྷག་བསམ་རྣམ་དག་གིས་མཐུ་ཆེན་རྒྱལ་ལ་ཐུགས་རྗེ་ཞུས།
ཐུབ་ཆེན་རྒྱལ་གྱི་སྡེ་བའི་འཕྲོད་བསྟེན་ཁང་དུ་འགྲོ་རྩིས་ཡོད་མོད། འོན་ཀྱང་ཁོང་གིས་སྨན་སྒམ་ཁུར་ནས་ཁྱིམ་ཚང་འདི་གར་ནས་དེ་གར་བསྐྱོད་པ་དང་། རྒན་རྒོན་དང་བྱིས་པར་ཐུག་དུས་ཁོ་ཚོའི་ལུས་པོའི་གནས་ཚུལ་དང་སྨན་འཐུང་བའི་གནས་ཚུལ། འགོག་སྨན་དུས་ཐོག་ཏུ་བརྒྱབ་མིན་གྱི་གནས་ཚུལ་གསལ་བོར་འདྲི་བ་སོགས་བྱས་ནས་ཧ་ཅང་བྲེལ་མྱུར་ཆེ་བ་མཐོང་ཚེ། ང་ཚོས་ཁོ་ལ་སུན་སློང་བཟོ་མ་ཕོད།
རླངས་འཁོར་སྔར་བཞིན་དུ་འདར་ཡོམ་ཆེ་བ་དང་། དུས་ཚོད1རིང་གི་ལམ་ཐག་རྗེས་བརྒྱུད་དེ། ང་ཚོ་གཞི་ནས་ཐེབ་རྒྱ་སྡེ་བའི་འཕྲོད་བསྟེན་ཁང་དུ་འབྱོར་བྱུང་། འཕྲོད་བསྟེན་ཁང་ལ་སྨི་གྲུ་བཞི་མ80ཡོད་པ་དང་། ཁང་མིག་བཞི་བོ་ཁ་དགར་ཞིང་། ཕྱི་ལུགས་སྨན་སྣ100དང་བོད་སྨན་སྣ་ཁ55། རྒྱུན་སྤྱོད་གཞུང་ལས་དང་སྨན་བཅོས་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱས་ཡོད་ལ། རྒྱུན་མཐོང་ནད་གཞི་སྨན་བཅོས་བྱེད་ཐུབ་པ་དང་། རིགས་བཞི་སྣ་དྲུག་ཁྲོད་བོད་ལུགས་གསོ་རིག་གི་འོས་མཐུན་ལག་རྩལ་བཀོལ་སྤྱོད་བྱེད་ཐུབ།
གླེང་རིན་ཡོད་པ་ཞིག་ནི། འཕྲོད་བསྟེན་ཁང་དུ་ད་ལྟ་དྲ་སྦྲེལ་བྱས་པ་དང་། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། མང་ཚོགས་ཀྱིས་སྡེ་བའི་འཕྲོད་བསྟེན་ཁང་ནས་བྱང་བརྡར་བྱས་ནས་སྨན་ལེན་ཐུབ་པ་དང་། དེའི་སྔོན་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་འགྲོ་མི་དགོས་པར་བྱས་ལ། འབྲོག་པས་ཀྱང་རང་ཁྱིམ་གྱི་སྒོ་ཁ་ནས་རྫོང་རིམ་པ་དང་ཁུལ་རིམ་པའི་སྨན་ཁང་གི་ཆེད་མཁས་པའི་བརྟག་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ།
དཔལ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྨན་བཅོས་བཅོས་བསྒྱུར་གྱི་དཔྱིད་རླུང་ལ་བརྟེན་ནས། གུང་ཧོ་རྫོང་ཡོངས་ནས་སྔོན་ལ་སྨན་ཁང་དུ་སྡོད་པ་དང་། རྗེས་སུ་སྨན་རྩིས་རྒྱག་པའི་ས་ཚིགས་གཅིག་དང་མེད་པར་བཟོ་བ་གཅིག་དང་ཉུང་འཕྲི་བདུན་གྱི་ཞབས་ཞུའི་མ་དཔེ་སྔོན་ལ་ཁྱབ་གདལ་ལག་བསྟར་བྱས་པས། ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱིམ་ཚང་དང་སྤྱིར་བཏང་གི་དབུལ་ཕོངས་ཁྱིམ་ཚང་གི་སྨན་ཁང་དུ་བསྡད་དེ་རྩིས་རྒྱག་བྱེད་པའི་བསྡུར་ཚད་སོ་སོར90%དང80%ཡན་ལ་སླེབས་པ་དང་། སྨན་བཅོས་འགན་སྲུང་གིས་མི་ཚོགས་མི་འདྲ་བར་ཁ་གཏད་དེ་འགན་ཞུགས་དངུལ་སྤྲོད་མི་དགོས་པ་དང་ཡང་ན་ཁ་ཤས་ཀྱི་འགན་ཞུགས་དངུལ་ཇེ་ཉུང་དུ་བཏང་བ་དང་། དེས་ཐུབ་ཆེན་རྒྱལ་གྱི་ཁུར་བོ་སྔར་ལས་ཇེ་ལྕི་རུ་བཏང་།
བཅར་འདྲི་མཇུག་རྫོགས་དུས། ཐུབ་ཆེན་རྒྱལ་གྱིས་སྔར་བཞིན་དུ་འབྲོག་པ་མང་ཚོགས་ལ་བདེ་ཐང་སློབ་གསོ་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་སྡེ་བའི་ནང་གི་ལོ་ལོན་དང་དབང་བོ་སྐྱོན་ཅན། དྭ་ཕྲུག་སོགས་མི་ཚོགས་ལ་ཁྱིམ་ཚང་དུ་སོང་ནས་ལུས་དཔྱད་བྱས་ཏེ། བདེ་ཐང་མཛུབ་སྟོན་དང་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད། སྨན་བཅོས་བརྟག་བཅོས་བྱེད་པ་ལས་གཞན། ཐུབ་ཆེན་རྒྱལ་གྱིས་ད་དུང་འབྲོག་པ་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་པ་དང་། ཁ་བརྡ་བྱེད་པ་དང་སེམས་གཏམ་ལ་ཉན་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་སེམས་གསོ་དང་རྒྱབ་སྐྱོར་འདོན་སྤྲོད་བྱས།
མཚོ་སྔོན་པོ་ཁ་རུ་ཡང་བསྐྱར་བྱེ་རླུང་ལྡང་བྱུང་བ་དང་། རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས། མཐུ་ཆེན་རྒྱལ་གྱི་གཟུགས་བརྙན་དེ་མེ་ཏོག་གངས་ལྷ་ཞིག་དང་འདྲ་བར། བྱེ་རླུང་ཁྲོད་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བ་དང་། ང་ཚོའི་གུས་སྨོན་གྱི་སེམས་པ་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར།
རིན་ཆེན་མཚོས་བསྒྱུར།