-----གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་དོ་དམ་པ་ཀུན་དགའི་གནས་ཚུལ་བཀོད་པ།
ཀུན་དགའ་ཡིས་སེམས་ཞིབ་མོས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་ལ་བདག་སྐྱོང་བྱེད་བཞིན་པའི་རྣམ་པ།
མིའི་རིགས་ཀྱི་འཚོ་བའི་གོམ་གཤིས་ཁྲོད། ཁྱིམ་མི་ནི་བརྩེ་བའི་ས་བོན་འདེབས་མཁན་དང་དྲོད་ཁོལ་ཕངས་མེད་སྦྱིན་མཁན་དེ་ཡིན། ཡིན་ན་འང་། ང་ཚོས་མིག་ཟུང་གི་ཞགས་པ་རང་བྱུང་གི་ཁམས་ཆེན་མོ་འདིར་འཕངས་ན། ཁྱིམ་མི་ཞེས་པའི་གོ་དོན་ནི་དེ་ཙམ་གྱིས་ཚད་འཇལ་ཆོག་པ་ཞིག་མིན་པར། མིའི་རིགས་དང་རི་སྐྱེས་སྲོག་ཆགས་ཀྱི་བར་དུ་ཡང་བརྩེ་དུང་གི་འབྲེལ་ཐག་དམིགས་བསལ་བ་ཞིག་ཡོད་པ་ཤེས་ཐུབ། དཔེར་ན་སྐྱེ་ཁམས་ཁོར་སྲུང་བ་ནང་བཞིན་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རང་བྱུང་ཁམས་ཆེན་མོའི་ཁྲོད་ཀྱི་ཁྱིམ་མི་ཞེས་པའི་གོ་དོན་ལ་འགྲེལ་བཤད་བྱེད་བཞིན་ཡོད།
ཟླ་བཞི་བར། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་རྣམ་སྲས་གྲོག་རོང་དུ་ཐོན་པ་ན། ཁྲི་གདུགས་ཉི་མའི་འོད་ཟེར་གྱིས་འཁྱགས་རོམ་ཡོངས་སུ་བཞུས་པའི་ཆུ་ཕྲན་དག་གཅིག་དུ་འདུས་ནས་ལང་ལོང་དུ་རྒྱུ་བའི་འབྲི་ཆུར་འདྲེས་པ་དང་། དཔྱིད་ཀྱི་དཔལ་མོས་ཀྱང་སྒོ་འབྱེད་རོལ་དབྱངས་དཀྲོལ་བཞིན་མཆིས་ལ། དགུན་ཟླ་རིང་མོར་གཉིད་དུ་ཡུར་བའི་ནོར་འཛིན་མ་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་རྒུ་ལའང་གསོན་ཤུགས་ཀྱིས་ཁེངས་འདུག གནས་འདི་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་པས་ཟུངས་ཁྲག་དང་རྔུལ་ཆུ་གཏོར་སའི་གཡུལ་སའང་ཡིན། ཁོ་ཚོས་ལོ་ཟླའི་ཁོར་མོ་ཡུག་ཏུ་རི་ཀླུང་གྲོགས་སུ་བཀུར་ཞིང་རི་རབ་ཀྱི་དཔངས་བརྒལ་ཏེ་ལྷག་བསམ་རྣམ་དག་གིས་འབྲི་ཆུའི་ཉེ་འགྲམ་གྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།
ཟླ4བའི་ཚེས13ཉིན་གྱི་སྔ་དྲོར། རྫ་སྟོད་རྫོང་རྣམ་སྲས་གྲོང་རྡལ་གནས་མདོ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་པ་ཀུན་དགའ་ནམ་རྒྱུན་ལྟར་བྲོ་ཁ་དང་པར་ཆས་རྒྱབ་ཏུ་ཁུར་ཞིང་། “གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་སྐོར་ཞིབ”ཅེས་པའི་ཡི་གེ་བྲིས་ཡོད་པའི་དཔུང་རྟགས་དམར་པོ་དེ་བཏགས་ནས་ཉིན་གཅིག་གི་སྐོར་ཞིབ་བྱ་བའི་མགོ་བརྩམས།
ཀུན་དགའ་ཁེར་རྐྱང་ངང་གསེར་མདོག་གི་རྩྭ་ཐང་དུ་གོམ་པ་ཁྱར་ཁྱོར་ངང་འགྲོ་བཞིན་འདུག སྐོར་ཞིབ་བྱ་བར་དཀའ་ངལ་ཅི་ཙམ་ཆེ་ནའང་ཁོའི་མིག་མདངས་ལ་ཡིད་ཆེས་དང་རེ་བས་ཁེངས་ཡོད་ལ། ཁོས་བཤད་རྒྱུར། ང་རང་གནས་འདིར་ཧ་ཅང་དགའ་བོ་ཡོད། དེ་བས་ཀྱང་གནས་འདིའི་རི་སྐྱེས་སྲོགས་ཆགས་ལ་དགའ་བོ་ཡོད། ཁོ་ཚོར་སྲུང་སྐྱོབ་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡང་ཡིན་ཟེར།
2016ལོ་ནས་བཟུང་ཀུན་དགའ་སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བའི་ལས་འདིར་ཞུགས་པ་ནས་བཟུང་། ཁོའི་འཚོ་བ་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་གཞི་གཅིག་ཏུ་འདྲེས་ཡོད།
2019ལོར། ཐོལ་བྱུང་གི་གངས་རླུང་དྲག་པོ་ཞིག་གིས་རྫ་སྟོད་ཀྱི་ལྷང་འཇགས་རྨང་ནས་དཀྲོགས་པ་དང་། ཁྱད་པར་དུ་རྫ་ཆེན་གྲོང་ཚོ་དང་རྣམ་སྲས་གྲོང་ཚོའི་གནོད་སྐྱོན་དེ་བས་ཀྱང་ཚབས་ཆེན་ཡིན། ཀུན་དགས་ཕྱིར་དྲན་བྱེད་རྒྱུར། སྐབས་དེར། ཁ་བ་ཧ་ཅང་མཐུག་ལ། རྐང་པ་ཕལ་ཆེར་ཁ་བའི་ནང་དུ་ནུབ་འགྲོ་ཟེར། དེ་ལྟ་བུའི་གནས་ཚུལ་ལ་འཕྲད་སྐབས་ཀུན་དགས་ཆེས་སེམས་ཁུར་བྱེད་ས་ནི་རང་ཁྱིམ་གྱི་ཕྱུགས་ཟོག་མིན་པར། རི་མགོའི་རི་སྐྱེས་སྲོག་ཆགས་དག་ལ་གཟན་ཆས་ཡོད་མེད་དང་ལྟོགས་ཤི་ཐེབས་མིན་དེ་རེད།
ཀུན་དགའི་སེམས་ལ་འཚུབ་ཆ་ལངས་ཏེ། མྱུར་དུ་ཁོ་དང་བསམ་ཕྱོགས་མཐུན་པའི་གྲོགས་པོ་སྐོར་ཞིག་བསྡུས་ནས། བློ་ཐག་ཆོད་པའི་ངང་ཁ་བའི་ཁྲོད་ཀྱི་སྲོག་ཆགས་དག་ལ་གཟན་ཆས་བསྐྱལ་བར་ཆས།
གཟན་ཆས་བསྐྱལ་བའི་ལམ་བར་དུ་བློ་བུར་བའི་ཉེན་ཁ་སྣ་ཚོགས་ཀྱིས་ཁེངས་ཡོད་ལ། ཁོ་ཚོས་ཁ་བས་གཡོགས་པའི་རི་རབ་དང་ཆུ་བོ་རེ་རེ་བརྒལ་དགོས་པར་མ་ཟད། ཆུ་བོ་བྲུག་པའི་སྐབས་དང་འཕྲད་ཚེ། ལྷམ་ཕུད་དེ་རྐང་སྣམ་ཡར་བརྫེས་ནས་གྲང་ཤུར་ཤུར་གྱི་ཆུ་བོའི་ནང་རྐང་པ་སྤོ་དགོས་ལ། གྲང་གཟེར་གྱི་ན་ཟུག་སྙིང་ལ་ཟུག་ནའང་ཁོ་ཚོ་ཕྱིར་སྣུར་བྱེད་མི་སྲིད།
ཀུན་དགས་ཚང་མའི་སྣེ་ཁྲིད་དེ། ཡང་དང་བསྐྱར་དུ་རི་མགོར་གཟན་ཆས་སྐྱེལ་གྱིན་འདུག དུས་ཡུན་རིང་པོར་ཚད་མཐོའི་ངལ་རྩོལ་བྱས་པར་བརྟེན། མི་མང་པོའི་ལུས་ཟུངས་ཟད་དེ་མགོ་ཡོམ་འཁོར་བ་དང་རྐང་པ་འདར་བ། ཐ་ན་ལོག་འགྲོ་བ་སོགས་ཀྱི་གནས་ཚུལ་ཡང་འབྱུང་བཞིན་ཡོད། འོན་ཀྱང་ཀུན་དགས་ཨམ་གཙིགས་བསྡམ་སྟེ“ང་ཚོས་གཟན་ཆས་མང་ཙམ་སྐྱེལ་ཐུབ་པ་ཡིན་ན་སྲོག་ཆགས་ཀྱང་མང་ཙམ་སྐྱོབ་ཐུབ”ཅེས་ཚང་མར་སྙིང་ཕུར་བརྡབ་པ་དང་། ཁོ་ཚོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་གངས་གནོད་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་གང་མང་ཞིག་སྐྱོབ་ཐུབ་པ་བྱུང་།
ཀུན་དགས་རི་སྐྱེས་སྲོག་ཆགས་ལ་བཅངས་བའི་བརྩེ་བ་ནི་ཞིབ་ཕྲའི་སྤྱོད་ལམ་རེ་རེའི་ཁྲོད་དུ་མངོན་ཡོད། 2020ལོའི་ཟླ11པའི་ཚེས29ཉིན། ལྷོ་ཕྱོགས་ནས་འཕུར་འོང་བའི་ཁྲུང་ཁྲུང་སྐེ་ནག་ཞིག་རྣམ་སྲས་གྲོག་རོང་བརྒྱུད་སྐབས་གླག་རྒོད་ཅིག་གིས་རྒོལ་ཏེ་གཤོག་པར་རྨས་ཕོག་ནས་འཕུར་ཐབས་བྲལ། ཀུན་དགས་གནས་ཚུལ་དེ་གོ་མ་ཐག་མྱུར་དུ་ཡུལ་དངོས་སུ་སོང་ནས་སེམས་ཆུང་ངང་ཁྲུང་ཁྲུང་སྐེ་ནག་དེ་རླངས་འཁོར་ནང་བཞག་སྟེ་ཁྱིམ་དུ་ཁྱེར། ཁྱིམ་དུ་ཐོན་པ་ན་ཁོས་བྲེལ་འཚུབ་ངང་ཕྱུགས་རིགས་སྨན་པ་གདན་དྲངས་ནས་ཁྲུང་ཁྲུང་སྐེ་ནག་ལ་སྨན་བཅོས་བྱས་པ་དང་། དེའི་རྗེས་ཀྱི་ཟླ་གསུམ་གྱི་ནང་ཀུན་དགས་ཁྲུང་ཁྲུང་སྐེར་ནག་དེར་བདག་སྐྱོང་བྱེད་པའི་འགན་ཁུར་དང་དུ་བླངས།
ཁྲུང་ཁྲུང་སྐེ་ནག་དེའི་གཟན་ཆས་ལ་འཚོ་བཅུད་ལྡན་པར་བྱེད་ཆེད། ཀུན་དགའ་ཐེངས་མང་པོར་རྫོང་ཐོག་ཏུ་སོང་ནས་སེར་སྣ་སྤུ་ཙམ་མེད་པར་འབུ་དང་ཉ་ཤ་ཉོས་ཡོང་བ་དང་། ཞོགས་པ་རེ་རེར། ཁོ་སྔ་མོ་ནས་ཡང་ལངས་ཏེ་ཆུ་གཙང་མ་ཞིག་གི་ནང་དུ་གཟན་ཆས་དཀྲུགས་ཏེ་ཁྲུང་ཁྲུང་སྐེ་ནག་གི་ཉིན་གཅིག་གི་གཟན་ཆས་གྲ་སྒྲིག་ཚགས་སུ་ཆུད་པར་བྱས་རྗེས། ད་བཟོད་སེམས་བདེ་མོའི་ངང་ཕྱི་རུ་ལྟ་སྲུང་བྱེད་དུ་འགྲོ་བཞིན་ཡོད། དགུང་མོར་ཕྱིར་ཁྱིམ་དུ་ཐོན་པ་ན་ཁོ་ངལ་གསོ་ཁོམ་ཡང་མེད་པར་སྔོན་ལ་ཁྲུང་ཁྲུང་སྐེ་ནག་གི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་ཡིན།
ཀུན་དགའི་བློ་སེམས་རྩེ་གཅིག་གི་བདག་སྐྱོང་འོག ཁྲུང་ཁྲུང་སྐེ་ནག་དེའི་རྨས་སྐྱོན་རིམ་བཞིན་ཇེ་བཟང་དུ་སོང་བ་མ་ཟད་རྣམ་རིག་ཀྱང་ཇེ་གསལ་དུ་སོང་། ཟླ་གསུམ་གྱི་རྗེས་ནས། ཁྲུང་ཁྲུང་སྐེ་ནག་དེའི་གཤོག་པའི་རྨས་སྐྱོན་ཡོངས་སུ་སླར་གསོ་བྱུང་བས། ཀུན་དགས་ཁྲུང་ཁྲུང་སྐེ་ནག་དེ་ཁྱེར་ནས་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སོང་ནས་ཕྱིར་བཏང་། ཁྲུང་ཁྲུང་སྐེ་ནག་དེས་གཤོག་ཟུང་བརྐྱངས་ནས་ནམ་འཕངས་གཅོད་བཞིན་པར་ལྟ་བཞིན། ཀུན་དགའི་སེམས་སུ་བློས་གཏོང་མི་ཕོད་པ་དང་ཡིན་སྨོན་གྱི་སེམས་འགྱུ་སྣ་ཚོགས་ཀྱིས་ཁེངས།
2011ལོའི་ཟླ11པར། གསའ་ཞིག་འགྲོ་མ་ཐུབ་པར་གནས་གཅིག་ན་ཡུན་རིང་བོར་ཉལ་འདུག་པ་མཐོང་བས། ཀུན་དགའ་དང་ཁོའི་རོགས་པ་ཚོ་མྱུར་དུ་གསའ་དེ་སྐྱོབ་པའི་ལས་ལ་བྲེལ་བ་དང་། དེ་མུར་རོགས་སྐྱོབ་ས་ཁུལ་དུ་ཁྱེར། ཡིན་ནའང་། གསའ་དེ་ལོ་ཆེ་བ་དང་སོ་ཚང་མའང་ལྷུང་ཟིན་པས་རོགས་སྐྱོར་ས་ཚིགས་ཀྱི་ཆེད་ལས་སྨན་བཅོས་ལ་གེགས་རྒྱ་ཆེན་པོ་བཟོས། གསའ་དེའི་བག་ཕེབས་ཀྱི་ཚེ་མཇུག་ཅིག་རོལ་ཐུབ་ཆེད། ཀུན་དགས་འབྲེལ་བ་སྣ་ཚོགས་བརྒྱུད་མཐར་པེ་ཅིང་སྲོག་ཆགས་གླིང་དུ་བསྐྱལ་བ་དང་། གསའ་དེར་འཚོ་གནས་ཀྱི་ཁོར་ཡུག་བཟང་བོ་ཞིག་མཁོ་སྤྲོད་བྱས། 2022ལོའི་ཟླ1པོའི་ཚེས12ཉིན། བྱ་ཐང་དཀར་ཞིག་གི་གཤོག་པ་གཡོན་པར་རྨས་སྐྱོན་ཕོག་སྟེ་འཕུར་མ་ཐུབ་པར་ཡོད་པའི་སྐབས་དེར། ཀུན་དགས་ཡང་བསྐྱར་བརྩེ་བའི་ལག་ཟུང་བསྐྱངས་ཏེ་རང་ཁྱིམ་དུ་ཁྱེར་ནས་སེམས་ཞིབ་མོས་ངང་ཟླ་གཅིག་རིང་བདག་སྐྱོང་བྱས་ནས་སངས་དྲག་ཏུ་གྱུར་ནས་ཐང་དཀར་དེས་ཡང་བསྐྱར་མཐོན་པོའི་ནམ་མཁའ་བཅད་སོང་།
འདི་ལྟར་སྲོག་ཆགས་སྐྱོབ་པའི་ལས་མང་པོ་བསྒྲུབས་པ་བརྒྱུད་ཀུན་དགའ་དང་རི་སྐྱེས་སྲོགས་ཆགས་ཀྱི་བར་དུ་བརྩེ་དུང་གི་འབྲེལ་ཐག་དམིགས་བསལ་བ་ཞིག་ཆགས། ཀུན་དགའི་སྣེ་ཁྲིད་འོག་ད་ལྟ་རྣམ་སྲས་གྲོང་རྡལ་གྱི་སྐྱེ་ཁམས་སྲུང་སྐྱོབ་པ་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་གྲོགས་པོའི་ཚུལ་དུ་བཟུང་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ཟློག་ཏུ་མེད་པའི་འགན་འཁྲི་རུ་བསམ་ཡོད། ཁོ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཚེ་སྲོག་ལ་རྩིས་ཆེན་བྱེད་པ་དང་གནས་འདིར་བཅངས་པའི་བརྩེ་བ་མངོན་བཞིན་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།