སྐྱིད་པའི་སེམས་གཏམ་ཁྲོད་ཀྱི་འཚོ་བའི་རྣམ་པ་གསར་པ།
2025.05.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ཉེ་ཆར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་སྟོད་མ་ཡུལ་ཚོ་བོ་རོག་སྡེ་བའི་སྡེ་མི་ཀུན་དགའ་ཁྱོ་ཤུག་གཉིས་སྔ་མོར་མལ་ལས་ལངས། འོ་ཇ་ཁོལ་ཏེ་དྲི་ཞིམ་འཐུལ་ཡང་བཟའ་ཟླ་གཉིས་ཀྱིས་ཁམ་གང་མ་འཐུང་བར་བུ་མོའི་པང་གི་ཚ་བོ་ཆུང་ཆུང་ལ་གད་མོ་སློང་བར་བྲེལ།  ད་ལོའི་ཟླ1པོའི་ཟླ་མཇུག་ཏུ་ཚ་བོ་ཆུང་ཆུང་སྐྱེས་པ་དེས་རྒན་རྒོན་གཉིས་ཀྱི་འཚོ་བར་དགའ་བ་དང་སྤྲོ་བ་མང་པོ་ཞིག་བསྩལ།

ཚ་བོ་ཆུང་ཆུང་འདི་བརྩིས་ན་མིག་སྔར་ཀུན་དགའ་ཚང་ལ་ཁྱིམ་མི7ཡོད་པ་དང་། ད་ལྟའི་འཚོ་བ་གླེང་ཚེ། ཀུན་དགའ་དང་འཇམ་དབྱངས། ཁྱིམ་དུ་ཚ་བོ་ཆུང་ཆུང་སྙོར་བཞིན་པའི་བུ་མོ་ཆེ་བ་པད་དབྱངས་བཅས་ལ་སོ་སོའི་སྐྱིད་པའི་སེམས་གཏམ་རེ་བཤད་རྒྱུ་ཡོད།

ཀུན་དགས་སྐམས་ཤ་ཟ་ཞོར་དང་འོ་ཇ་འཐུང་ཞོར་དུ། ང་ཚོ་ས་མཐའི་སྡེ་བར་བསྡད་ཡོད་ཀྱང་། གྲོང་ཁྱེར་དང་འདྲ་བར་ཁྱིམ་དུ་གློག་ཆས་དང་ཁྱིམ་ཆས་ཚང་མ་འཛོམས་ལ། འཚོ་བའི་ཆ་རྐྱེན་དེ་ང་ཚོ་ན་གཞོན་གྱི་དུས་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཟེར། ཁོང་གིས་ཆུང་དུས་ནས་ཕྱུགས་འཚོས་པས་ལས་ཀ་ལས་པའི་འཚོ་བར་ལོབས་ཡོད་པ་དང་། སྔོན་ཆད། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་ནི་ནོར་བཞི་ལྔ་ཙམ་ལ་བརྟེན་ཡོད་པས། ལོ་གཅིག་གི་ཡོང་སྒོས་གཞི་རྩའི་འཚོ་བའི་འགྲོ་སོང་ཐག་གཅོད་པར་ཡང་དཀའ་ཁག་ཅུང་ཟད་འདུག་ཟེར།

སྐབས་དེར། ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་དུ་ངོས་འཛིན་བྱས་རྗེས། དབུལ་ཕོངས་ཀྱི་ལས་དབང་ལ་མགོ་མི་སྒུར་བའི་ཀུན་དགས་ཁྱིམ་འབྱོར་རོགས་སྐྱོར་མ་དངུལ་དང་། རང་གི་ལོ་མང་པོའི་ཕྱུགས་འཚོ་དང་གསོ་སྤེལ་ཐད་ཀྱི་ཉམས་མྱོང་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་གིས་གསོ་སྤེལ་ལས་རིགས་གཉེར།

ཀུན་དགས། ངེད་ཚང་གི་ནོར་གནག27ནི་ངེད་ཚང་ལ་མཚོན་ན་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་དང་། ལོ་རེའི་ཟླ9པ་ནས་ཟླ10པའི་བར་དུ། ཞང་ཐོག་ནས་ཕྱུགས་ཟོག་ཉོ་ཚོང་རྩ་འཛུགས་བྱེད་པས། ཕྱུགས་ཟོག་འཚོང་བར་སེམས་ཁུར་བྱེད་མི་དགོས། ལོ་རེར་གསུམ་བཞི་རེ་བཙོང་ཚེ་སྒོར་ཁྲི4ཙམ་བཙལ་ཐུབ། ལོ་འདི་འགར། ཁུལ་ཐོག་ནས་བསྟུད་མར་སྲིད་ཇུས་བཟང་པོ་མང་པོ་ཕྱིར་བཏོན་པ་དང་། ཕྱུགས་ཁང་ལ་ཆེད་དོན་ཁ་གསབ་དངུལ་ཡོད་ཅིང་། གསོ་སྤེལ་ལ་ཆེད་མཁས་པའི་མཛུབ་སྟོན་ཡོད་པས། ངའི་རྗེས་ཕྱོགས་ཀྱི་སེམས་ཁུར་མེད་པར་བཟོས། སེམས་བདེ་མོ་དང་སྙིང་སྟོབས་ཆེན་པོས་མུ་མཐུད་དུ་བཟང་ཕྱོགས་སུ་སྒྲུབ་ཆོག་ཟེར།

ཀུན་དགས། ནོར་འགའ་ནས་ནོར་བཅུ་ཕྲག་ལ་འཕར་བ་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་མཐོང་རྗེས། ཀུན་དགའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར། རང་ཉིད་ཀྱི་རྔུལ་ཆུ་དང་ལག་ཟུང་ལ་བརྟེན་ནས་ཕྱུག་པོར་བསྒྱུར་ན། ད་གཟོད་འཚོ་བ་ཉིན་རེ་བཞིན་ཇེ་སྐྱིད་ཡིན། རྗེས་ཕྱོགས་ངས་ད་དུང་གྲངས་ཉུང་དངུལ་བུན་བསྐྱིས་ནས་གསོ་སྤེལ་གྱི་གཞི་རྒྱ་ཆེར་སྐྱེད་རྒྱུ་བསམ་ཡོད་པ་དང་། ཡོང་སྒོ་ཅུང་ཟད་འཕར་བར་བརྩོན་ལེན་བྱས་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཅེས་བཤད་པ་དང་།

ཆུང་མ་འཇམ་དབྱངས་ཀྱིས་དགའ་སྤྲོའི་ངང་ཚིག་སྣེ་མཐུད་དེ། ད་ལྟ་སྡེ་བའི་ནང་ཆུ་དང་གློག་བཀོལ་ན་ཧ་ཅང་སྟབས་བདེ་ཡིན། འབྲས་དང་ཕྱེ། འབྲུ་རིགས། སྣུམ། འཚོ་བའི་མཁོ་རྫས། ད་དུང་ཕྱུགས་ཟོག་གི་གཟན་ཆས་སྤུས་ལེགས་བཅས་པ་སྤྱི་ལེ་གཅིག་ལ་རྐང་ཐང་དུ་སོང་ཚེ་སྡེ་བའི་སྣ་འཛོམས་ཐོན་ལས་ཁུལ་སྣ་འཛོམས་ཞབས་ཞུ་སྒོ་རྩིས་ཁང་ནས་ཆ་ཚང་ཉོ་ཐུབ། སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལས་གཞན། ང་ཚོས་ལོ་རེར་སྡེ་བའི་ནང་གི་ལུད་རྫས་ལས་སྣོན་རྟེན་གཞི་དང་རྩམ་པ་ལས་སྣོན་བཟོ་གྲྭ་ལྟ་བུའི་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་ཁེ་སྤོགས་བགོ་ཐུབ་པས། འཚོ་བ་ནི་ལོ་རེ་ནས་ལོ་རེར་ཇེ་སྐྱིད་རེད་ཟེར།

རྒན་རྒོན་གཉིས་ཀྱིས་བརྩོན་འགྲུས་ལྡན་པའི་ལག་ཟུང་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལེགས་པོར་བརྟེན་ནས། ཁྱིམ་མི་གང་བོའི་འཚོ་བའི་རྒྱུ་སྤུས་སྔར་ལས་ཇེ་མཐོ་ནས་ཇེ་མཐོར་བཏང་།

ཆུང་མ་འཇམ་དབྱངས་ཀྱིས། ནོར་གནག་གསོ་སྤེལ་གྱི་ལས་ཀ་འདིར་ཚེགས་ཅུང་ཙམ་ལྕི་ནའང་། བྱིས་པ་བཞི་བོ་ནར་སོན་དུ་འཇུག་ཐུབ་པས། ངེད་བཟའ་ཟླ་གཉིས་ཀྱིས་དཀའ་སྡུག་ཇི་འདྲ་མྱངས་དགོས་ཀྱང་སེམས་སྐྱིད་པོ་འདུག  ད་ལྟ་བུ་མོ་ཆེ་བ་དང་འབྲིང་བས་བྱ་བ་ལས་བཞིན་ཡོད་པ་དང་། བུ་མོ་ཆུང་བ་དང་ཞི་ལིས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་དངོས་གཞི་འདོན་བཞིན་ཡོད། ང་ཚོས་ཟླ་རེར་སྒོར800ཡི་འཚོ་བའི་འགྲོ་གྲོན་ལས་གཞན་ཅི་ལའང་སེམས་ཁུར་བྱེད་མི་དགོས། ཁོ་ཚོ་སློབ་མཐར་ཕྱིན་རྗེས་བྱ་བ་བཟང་པོ་ཞིག་རྙེད་རྒྱུ་དེ་ཁོ་ནར་རེ་ལྟོས་བྱེད་ཀྱིན་ཡོད་ཅེས་བཤད།

གཉེན་བསྒྲིགས་ཤིང་ལས་ཀར་ཞུགས་ཡོད་པའི་པད་དབྱངས་ཀྱིས་ཚེ་ཕྱེད་ལ་འབད་འབུངས་བྱས་པའི་ཕ་མ་གཉིས་ཀྱི་ཕྱོགས་ནས་མྱོང་ཚོར་བརྗོད་པ་སྟེ། སྔོན་ཆད་ཕ་མ་གཉིས་ཀྱི་སེམས་ཤུགས་ཡོད་ཚད་ཕྱུགས་འཚོ་བའི་སྟེང་ན་ཡོད། དེ་ཚོར་བདག་སྐྱོང་བཟང་པོ་བྱས་ཚེ་ད་གཟོད་ཁྱིམ་ལ་ཡོང་སྒོ་ཡོད། ད་ལྟ་སྡེ་བའི་ནང་གི་སྒོ་རྩིས་ཁང་དང་སྐྱེ་ལྡན་ལུད་རྫས་ལས་སྣོན་རྟེན་གཞི། རྩམ་པ་བཟོ་གྲྭ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་སོང་བས། སྡེ་མི་ཡོངས་ལ་ཕན་པ་ཆེན་པོ་ཐོབ། ལོ་རེར་ཁེ་སྤོགས་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་འཚོ་བའི་དངོས་རྫས་སྣ་ཚོགས་བགོ་རྒྱུ་ཡོད། འདིས་ནམ་རྒྱུན་གྲོང་ཁྱེར་དུ་བྱ་བ་ལས་བཞིན་པའི་ང་ལ་མཚོན་ན་ཕ་མ་གཉིས་ཀྱི་འཚོ་བར་སེམས་ཁུར་བྱེད་མི་དགོས་པར་གྱུར་ཟེར།

སྡེ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེས་དགའ་རུ་བཅུག་པ་ནི་སྡེ་མི་ཁོ་ན་མ་ཡིན་པར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉི་ལའང་ཡིད་ཆེས་དང་སྒུལ་ཤུགས་བསྩལ། 2024ལོར། བོ་རོག་སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི110ཙམ་ཐོབ་པ་དང་། དངོས་རྫས་ཀྱི་ཁེ་སྤོགས་སྒོར་མོར་བཀུག་པ་དང་ལག་དངུལ་བགོས་པ་བསྡོམས་པས་སྒོར་ཁྲི42ལྷག་ལ་སླེབས།

སྐབས་འདིའི་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ལ་ཟུངས་ཁྲག་གསར་པ་བསྣན་ཡོད། ལོ་ཚོད་དང་རིག་གནས་ཆུ་ཚད། འཕེལ་རྒྱས་ཀྱི་རིག་ལམ་སོགས་གང་ཐད་ནས་ཇེ་ལེགས་སུ་སོང་སྟེ། སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ནུས་པ་ཡོངས་སུ་འདོན་ཐུབ་ཡོད་པ་དང་། རྩ་འཛུགས་སྟོབས་ལྡན་དུ་གྱུར་ཅིང་མི་སེམས་གཅིག་ཏུ་བསྡུས་ན་ད་གཟོད་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་ཇུས་འགོད་བྱེད་ཐུབ་ཅེས་བོ་རོག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་ཡེ་ཤེས་ཀྱིས་དེ་ལྟར་བཤད།

ད་ལོར། རྟ་མགྲིན་ཡེ་ཤེས་དང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཟླ་གཅིག་ཙམ་ལ་འདུར་རྒྱུག་བྱས་པར་བརྟེན། བོ་རོག་སྡེ་བའི་སྣ་འཛོམས་ཐོན་ལས་ཁུལ་སྣ་འཛོམས་ཞབས་ཞུ་སྒོ་རྩིས་ཁང་ནི་མི་འགྱངས་པར་རྣམ་པ་གསར་པར་བརྗེ་རྒྱུ་རེད། རྟ་མགྲིན་ཡེ་ཤེས་ཀྱིས། ཡུས་ཧྲུའུ་རུ་ཚོང་ལས་སྒོ་རྩིས་ཁང་གཉེར་བའི་ཕྱོགས་ལ་ཡུས་ཧྲུའུ་ཁུལ་སི་ཁྲོན་ཚོང་ཚོགས་ཀྱིས་མ་དངུལ་གཏོང་རྒྱུ་ཡིན་པ་དང་། སྡེ་བའི་སྣ་འཛོམས་ཞབས་ཞུ་སྒོ་རྩིས་ཁང་གི་ཕྱི་ངོས་དང་ནང་གི་ཟོང་སྒྲོམ་གསར་པར་བརྗེས་ནས་ཇེ་ཡག་ཏུ་གཏོང་བའི་ལས་ཀ་ཟླ་འདིའི་ནང་ལེགས་འགྲུབ་བྱེད་ཐུབ། དུས་མཇུག་ཏུ་ད་དུང་ཁོ་ཚོ་འདིར་ཡོང་ནས་སྒོ་རྩིས་ཁང་གི་དོ་དམ་དང་འཁོར་སྐྱོད་ཚོང་གཉེར་འཐུས་ཚང་ཡོང་བར་མཛུབ་སྟོན་བྱེད་རྒྱུ་རེད། ང་ཚོས་སྒོ་རྩིས་ཁང་ལེགས་པོར་གཉེར་ཚེ། ད་གཟོད་ཡོང་སྒོ་སྔོན་ཆད་ལས་བརྒལ་ངེས་ལ་སྡེ་མིའི་ཡོང་འབབ་ཀྱང་ཇེ་མཐོར་འགྲོ་ངེས་ཟེར།

སྔོན་ཆད། བོ་རོག་སྡེ་བའི་ཐོན་ལས་འཕེལ་རྒྱས་རྗེས་ལུས་ཡིན་ཞིང་སྡེ་མིའི་འཚོ་བའི་སྤུས་ཀ་ཞན་པས། སྡེ་བ་དེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་མིང་དུ་གྲགས་པའི་རྗེས་ལུས་སྡེ་བ་ར་གྱུར་ཡོད་པ་དང་།  ད་ལྟ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྣེ་ཁྲིད་འོག བོ་རོག་སྡེ་བས་ཐོན་ལས་ལ་བརྟེན་ནས་སྡེ་མིའི་འཕེལ་རྒྱས་ཀྱི་བརྩོན་སེམས་ཆེར་བསླངས་པས། སྡེ་མིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཀ་བཟང་བའི་འཚོ་བ་བརྩོན་ལེན་བྱེད་པའི་འདུན་པ་ཇེ་དྲག་ཏུ་གྱུར་ཅིང་། མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་ལྟོས་ཇེ་ཆེ་རུ་གྱུར་ཡོད། །

རིན་ཆེན་མཚོས་རྩོམ་སྒྲིག་བྱས།