འཆམ་མཐུན་མཛེས་སྡུག་གི་བདེ་སྐྱིད་སྡེ་བ།
2025.05.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

ཟླ4པའི་ཟླ་མགོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་བདེ་སྐྱིད་སྡེ་བར་སོང་བ་ན། དྭངས་ཤིང་གཙང་བའི་རྨ་ཆུ་སྔོན་མོ་དལ་གྱིས་འབབ་པའི་གཞི་ལ་གྲུ་ཆུང་རླབས་རིས་ཤིག་ཤིག་གིས་བསྐྱོད་པ་དང་།  ཆུ་འགྲམ་དུ་སིལ་སྡོང་མེ་ཏོག་རྣམ་པར་བཞད་པ་མཐོང་།

སྡེ་བའི་ནང་དུ། “ཁྱིམ་ཚང་ཁྲི་སྟོང་སྡོད་གནས་གསར་པར་སྤར། མི་ཚོགས་མང་པོས་ཏང་གི་བཀའ་དྲིན་བརྗོད”ཅེས་པའི་ཡི་གེ་བརྐོས་པའི་ཕ་བོང་ཆེན་པོ་དེ་ཡིད་དབང་འཕྲོག་པ་ཞིག་རེད། དེ་ལས་སྡེ་མི་ཚོའི་ཏང་གི་དྲིན་གཟོ་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་འབྲངས་པའི་བརྩེ་བ་ཟབ་མོ་ངང་གིས་ཚོར་ཐུབ།

བདེ་སྐྱིད་སྡེ་བའི་སྤྲོ་སྐྱིད་གླིང་དུ་སོང་བ་ན། ཞབས་ཞུ་བ་སྒྲོལ་མས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཟ་མ་སྐྱེལ་བཞིན་འདུག མོས་སྤྲོ་བའི་ངང་བཤད་རྒྱུར། ངེད་སྤྲོ་སྐྱིད་གླིང་གི་ཟས་སྣ་ཧ་ཅང་མང་། ཞིམ་མངར་ལྡན་པའི་རྒྱ་ཟས་བརྔོས་ཚལ་ཡོད་ལ། རྩམ་པ་དང་ལུག་ཤ་བཙོས་མ་སོགས་ཁྱད་ལྡན་གྱི་བོད་ཟས་ཀྱང་ཡོད། དཔྱིད་ཀ་སླེབས་ཚེ། རིགས་སོ་སོའི་མང་ཚོགས་གནས་འདིར་ཡོང་ནས་ཟ་མ་ཟ་རྒྱུར་ཧ་ཅང་དགའ་བོ་འདུག་ཟེར།

ཟླ4པའི་ཚེས28ཉིན། བདེ་སྐྱིད་སྡེ་བའི་ལྗོངས་ཁུལ་དངོས་སུ་སྒོ་འབྱེད་རྒྱུ་ཡིན་པ་དང་། སྐབས་དེར་ཡུལ་སྐོར་པ་སྔར་ལས་མང་བ་ཁོ་ཐག་ཡིན། ད་ལྟ་ཁྱིམ་ཚང་ཚང་མས་དམངས་ཤག་ལ་གཙང་སྦྲ་ཡག་པོ་བྱས་ནས་ཁང་བའི་ནང་དྲོ་སྐྱིད་ལྡན་པ་ཞིག་ཏུ་བསྒྱུར་ཡོད་པས། དགའ་སྤྲོའི་དགོད་སྒྲའི་ཁྲོད་རྒྱང་རིང་གི་མགྲོན་པོ་བསུ་ཆོག་ཅེས་བདེ་སྐྱིད་སྡེ་བའི་ཧྲུའུ་ཅི་དང་པོ་ཆན་ཝེ་ཡི་སྐད་ཆར་སྤྲོ་བས་བརྟས་ཡོད།

ལོ་འདི་ཚོར། བདེ་སྐྱིད་སྡེ་བའི་ཡུལ་སྐོར་འཕེལ་རྒྱས་ཇེ་ལེགས་ནས་ཇེ་ལེགས་སུ་སོང་བ་དང་། དང་ཐོག་གི་སྡེ་བ་ཆུང་ཆུང་དེ་ད་ལྟའི་ཀུན་གྱིས་དགའ་བསུ་ཐོབ་པའི་ལྗོངས་རྒྱུ་ཁུལ་དུ་གྱུར་བ་ནི་ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པས་ཡིན་ཟེར།

2016ལོར། གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རི་མགོའི་གནད་དོན་རི་འདབས་སུ་ཐག་གཅོད་པ་དང་། ས་གནས་གཞན་དུ་སྤོར་བའི་བྱེད་ཐབས་བརྒྱུད་དེ།  རི་ཁུག་གི་ཡུལ་ཚོ་དང་གྲོང་རྡལ7གྱི་སྲིད་འཛིན་སྡེ་བ251གི་སྡེ་མི946། གཅིག་བསྡུས་སྒོས་ཁོད་སྙོམས་ཤིང་འགྲིམ་འགྲུལ་སྟབས་བདེ་བའི་རྨ་ཆུ་འགྲམ་གྱི་གནས་མཆོག་དེར་བཀོད་སྒྲིག་བྱས་ནས། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིངས། བདེ་འགོད་ས་ཚིགས་ལེགས་འགྲུབ་བྱུང་རྗེས། མིང་ལ་དངོས་སུ་བདེ་སྐྱིད་སྡེ་བ་ཞེས་བཏགས།

ཆན་ཝེ་ཡིས་བཤད་རྒྱུར། རི་འདབས་སུ་སྤར་རྗེས། ཏང་དང་སྲིད་གཞུང་གིས་བདེ་སྐྱིད་སྡེ་བའི་སྡེ་དམངས་ལ་གཅིག་གྱུར་སྒོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་དམངས་ཤག251ལས་པ་དང་། དེ་དང་མཉམ་དུ། ཆུ་གློག་ལམ་གསུམ་དང་འཕྲིན་གཏོང་དྲ་བ། བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་སོགས་འཐུས་ཚང་བའི་རྨང་གཞི་སྒྲིག་ཆས་རབ་དང་རིམ་པ་འཛུགས་སྐྲུན་བྱས། དེ་ལས་གཞན་ད་དུང་ཞབས་ཞུ་ལྟེ་གནས་དང་སློབ་གྲྭ འཕྲོད་བསྟེན་ཁང་སོགས་སྤྱི་པའི་ཞབས་ཞུ་སྒྲིག་ཆས་ཀྱང་འཛུགས་སྐྲུན་བྱས་ཟེར། ད་ལྟ་སྡེ་མི་རྣམས་སྔོན་ཆད་ཀྱི་ཕྱིར་བགྲོད་དཀའ་བ་དང་འཐུང་ཆུ་དཀའ་བ། སྨན་བཅོས་དང་སློབ་ཞུགས་བྱེད་པར་ལམ་ཐག་རིང་བའི་འཚོ་བ་དང་རྩ་བ་ནས་ཁ་བྲལ།

གནས་སྤོར་ཐུབ་པ་དང་སྡོད་ཐུབ་པ། ཕྱུག་པོར་བསྒྱུར་ཐུབ་པ་མངོན་འགྱུར་བྱ་ཆེད། གཅན་ཚ་རྫོང་གིས་ཡིད་དུ་འོང་བའི་རྨ་ཆུའི་ཆུ་བེད་མཛེས་ལྗོངས་ལ་བརྟེན་ནས་ཚོང་འགུག་དངུལ་འདྲེན་བྱས་ཏེ། ཀྲུང་ཆིང་འཛུགས་སྐྲུན་སྡེ་ཚོགས་ནང་འདྲེན་བྱས། སྡེ་ཚོགས་ཀྱིས་སྤྲོ་གསེང་ཐང་ཆེན་དང་གྲུ་ཁ། སྒེར་འཁོར་ཡུལ་སྐོར་སྒར་ས་སོགས་ཡུལ་སྐོར་ལས་གཞི་གསར་སྐྲུན་བྱས་པར་མ་ཟད་ཚོང་གཉེར་གྱི་འགན་ཁུར་ནས། ལོ་རེར་སྡེ་བ་དང་སྡེ་དམངས་ལ་ཁེ་སྤོགས་སྒོར་ཁྲི100བགོས་ཏེ། སྡེ་དམངས་ལ་དངོས་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་བཟང་རེག་ཏུ་བཅུག

ཆན་ཝེ་ཡིས་དགའ་སྤྲོས་ངང་བཤད་རྒྱུར། མིག་སྔར། བདེ་སྐྱིད་སྡེ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་བཟང་ན་ཡང་། ང་ཚོ་དེ་ཙམ་ལ་ཡིད་ཚིམས་ནས་མ་བསྡད་པར་འཆར་གཞི་གསར་བ་བཟོ་རྒྱུར་བསམ་གཞིགས་གཏོང་ཀིན་ཡོད། ཟི་ལིང་དང་མཚོ་ཤར་དེ་བདེ་སྐྱིད་སྡེ་བ་དང་བར་ཐག་ཅུང་ཉེ་བས། ཡུལ་སྐོར་པ་མང་པོ་ཞིག་ཉིན་དེར་ཕྱིར་ལོག་ཐུབ། དེ་བས་ད་ལོར་ང་ཚོས་རྨ་ཆུའི་ཆུ་ངོས་སུ་མཚན་མོའི་གློག་འོད་ངོམས་སྟོན་གྱི་འཆར་གཞི་བཟོས་ནས། མཚན་མོའི་དུས་ཚོད་བེད་སྤྱད་དེ་ཡུལ་སྐོར་པར་མཚན་མོའི་ཡུལ་སྐོར་གྱི་རྣམ་གྲངས་གསར་པ་ཞིག་མཁོ་སྤྲོད་བྱེད་པ་དང་། ཁོ་ཚོ་ཞག་སྡོད་བྱེད་པར་བརྩོན་ལེན་བྱེད་རྩིས་ཡོད། དེ་ལྟར་བྱས་ན་འཛད་སྤྱོད་སྔར་ལས་ཇེ་མང་དུ་གཏོང་ཐུབ་པར་མ་ཟད། སྡེ་མིའི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་ལ་གྲོང་གསེབ་དར་སྤེལ་ལའང་རོགས་ཤུགས་འདོན་ཐུབ་ཟེར།

བདེ་སྐྱིད་སྡེ་བའི་སྡེ་མི་རྣམས་སོ་སོར་ཡུལ་ཚོ་དང་གྲོང་རྡལ7གྱི་སྡེ་བ་མི་འདྲ་བ30ནས་ཡོང་བ་དང་། ཡུལ་སྲོལ་གོམས་གཤིས་ལའང་ཁྱད་པར་ཆེན་པོ་ཡོད། སྡེ་བ་གསར་པ་བཙུགས་རྗེས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་འཆམ་མཐུན་གྱི་ཁྱིམ་མཚེས་འབྲེལ་བ་འཛུགས་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་ཏུ་གྱུར་ཡོད། དེས་སྡེ་དམངས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཇེ་ཆེར་གཏོང་བར་རམ་འདེམས་བྱེད་ཐུབ་པ་དང་། སྡེ་བར་བརྟན་འཇགས་དང་གོ་རིམ་ལྡན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་བསྐྲུན། ཆན་ཝེ་ཡིས་བཤད་པ་ནང་བཞིན། ཁོར་ཡུག་བརྟན་ན་ད་གཟོད་ཚང་མས་བློ་སེམས་གཅིག་ཏུ་ཕྱོགས་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ།

དེར་བརྟེན། སྡེ་སྡོད་ལས་བྱེད་རུ་ཁག་སྡེ་བར་སོང་ནས་ཏང་གི་མི་རིགས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། སྡེ་དམངས་ཀྱི་མི་རིགས་མཐུན་སྒྲིལ་ཐད་ཀྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་།  ནོར་རྒྱན་འཚོ་ནི་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་དང་། ཁོ་མོ་ཟ་མ་གཡོས་སྦྱོར་ལ་མཁས་པས། ཞིང་པའི་སྤྲོ་སྐྱིད་ཁང་ཚོང་གཉེར་ཡག་པོ་བྱས་ཡོད། ཁོ་མོས་རང་ནུས་གང་ཡོད་ཀྱིས་བུད་མེད་ཚོར་སྐུལ་སློང་བྱས་ཏེ། ཚང་མར་སླང་འབྱར་དང་ཉོག ཞོག་ཁོག་བསྲེགས་མ་སོགས་ཁྱད་ལྡན་ཟས་རིགས་ཀྱི་གཡོས་སྦྱོར་བྱེད་ཐབས་ཁྲིད་པ་དང་། གཡོས་སྦྱོར་བྱེད་ཐབས་ཁྲིད་པའི་གོ་རིམ་ཁྲོད། ཁྱིམ་མཚེས་བར་གྱི་འབྲེལ་བ་ཡང་མཐུན་པོར་གྱུར་ཡོད།

བདེ་སྐྱིད་སྡེ་བ་རུ། སྡེ་མི་ཚོའི་སྐད་འཕྲིན་ཚོགས་པ་དེ་ཕན་ཚུན་ལ་འབྲེལ་བ་བྱེད་པའི་དྲ་ལམ་གྱི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད། ཚང་མའི་རོགས་ཤིག་བྱེད་རོགས། དེ་རིང་ང་ལ་ཁོམ་པ་མེད་པས། སུས་ངེད་ཚང་གི་བྱིས་པ་སློབ་གྲྭ་ནས་ལེན་ཐུབ་བམ། རྫོང་ཐོག་ན་སུ་ཡོད་དམ། ང་ལ་དངོས་པོ་ཞིག་ཉོ་རོགས། བཀའ་དྲིན་ཆེ་སོགས་དྲོད་ཀྱིས་གཏམས་པའི་འཚོ་བའི་སྐད་འཕྲིན་དེ་དག་བསྐུར་མ་ཐག བརྩེ་བས་ཕྱུག་པའི་ཕྱིར་ལན་སློག་མཁན་རྒྱུན་མི་ཆད་ཅིང་། ཕར་འགྲོ་ཚུར་འོང་བྱེད་པའི་ཁྲོད་དུ་ལྟ་སྲུང་རོགས་རེས་ཀྱི་བརྩེ་བས་ཁེངས་ལ་མཐུན་སྒྲིལ་སེམས་གཅིག་གི་སྙིང་སྟོབས་ཀྱང་གང་སར་མངོན་འདུག

ད་ལྟ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྡེ་དམངས་ཡོངས་ཀྱི་འབད་འབུངས་ཁྲོད། མི་རིགས་མཐུན་སྒྲིལ་དང་ཡུལ་སྐོར་འཕེལ་རྒྱས་གཉིས་གཅིག་ལ་གཅིག་བརྟེན་ཡིན་པའི་བདེ་སྐྱིད་སྡེ་བར་གསོན་ཤུགས་ཀྱིས་ཁེངས་ཡོད། ང་ཚོ་གོམ་པ་བརྟན་པོའི་ངང་སྔར་ལས་མཛེས་སྡུག་ལྡན་པའི་སང་ཉིན་གྱི་ཕྱོགས་སུ་བསྐྱོད་པར་ཡིད་ཆེས་ཡོད།

རིན་ཆེན་མཚོས་རྩོམ་སྒྲིག་བྱས།