བརྩེ་སེམས་དུས་རྣམ་ཀུན་ཏུ་ཡུལ་མི་སྤུན་ཟླར་བརྒྱུས་ཏེ་ཐོན་ལས་ཀྱི་སྒོ་འཕར་ངང་གིས་འབྱེད་མཁན་རྡོ་རྗེ་སྒྲོལ་མ།
2025.05.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

རྨ་ཆེན་ནོར་བུ་གངས་སྟོབས་ཚད་ཡོད་ཀུང་ཟིའི་ལས་བཟོ་པ་རྡོ་རྗེ་སྒྲོལ་མའི་གནས་ཚུལ་ཆེད་བཀོད།

“ཨ་མ། ཁྱེད་ཀྱིས་ཁ་བརྡ་བྱེད་ཡུན་རིང་མི་ཉན། ཅུང་ཙམ་གྱིས་ད་དུང་བརྟག་དཔྱད་བྱེད་དགོས།” ཉིས་སྟོང་ཉེར་ལྔ་ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་མི་སྣའི་མཚན་སྙན་ཐོབ་མཁན་རྡོ་རྗེ་སྒྲོལ་མས་རྒྱལ་ས་པེ་ཅིང་ནས་གཟི་བརྗིད་མཚན་སྙན་བླངས་རྗེས་ཀྱི། ཁོམ་ལོང་ཕྲན་བུའི་དུས་ཡུན་བེད་སྤྱད་དེ། ཁྱིམ་མིའི་རོགས་འདེགས་ལ་བརྟེན་ནས་སྨན་ཁང་དུ། དུས་ཡུན་རིང་བོར་ཁོ་མོའི་ལུས་སེམས་གཉི་གར་མནར་གཅོད་ཚད་མེད་བཏང་མྱོང་བའི་ནད་གཞི་ཚབས་ཆེན་དེར་སྨན་བཅོས་བྱེད་བཞིན་འདུག ནད་ཁྲིའི་སྟེང་གི་རྡོ་རྗེ་སྒྲོལ་མས་རྩེད་མཚར་འདྲེས་མའི་སྒོ་ནས་བཤད་རྒྱུར། བློ་གཏོད་མེད་ཅིང་ལ་རྒྱ་རྨང་ནས་ཤོར་བའི་ལུས་ཕུང་གི་ལྷུ་ལག་འདི་དག་ལ་ད་ཐེངས་ཀྱི་དུས་ཡུན་འདི་སྤྱད་དེ་ཞིག་གསོ་ཡག་ཐག་ཆོད་པ་ཞིག་བྱེད་དགོས་ཟེར།

ཁོ་མོའི་བུ་དབང་ཕྱུག་ལ་མཚོན་ནས་བཤད་ན། ལ་རྒྱ་ཞེས་པའི་ཐ་སྙད་འདི་ནི་ཁོའི་བག་ཆགས་ཁྲོད་ཀྱི་མ་ཡུམ་རྡོ་རྗེ་སྒྲོལ་མའི་སྣང་བརྙན་གསོན་ཉམས་ཅན་ཞིག་ཏུ་གྱུར་ཡོད། ཁོས་བཤད་པ་ནང་བཞིན།  ན་ཚས་མནར་བའི་མི་ངོ་ལོ་འདི་དག་གི་རིང་ལ། ངའི་ཨ་མས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་དོན་ཆེན་ཞིག་བསྒྲུབ་འདོད་ཀྱི་བསམ་ཕྱོགས་ལ་འགྱུར་བ་གཏན་ནས་བྱུང་མྱོང་མེད། གོ་སྐབས་ཕྲན་ཙམ་རེག་མ་ཐག་ཏུ། ཁོ་མོས་དེ་འཕྲལ་ཁྲོམ་རར་རྒྱུས་ལོན་བྱེད་པ་དང་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ་སོགས་ཐབས་ཤེས་སྣ་མང་སྤྱད་དེ། ཐོན་ལས་ལ་བརྟེན་ནས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་འདོད་ཀྱི་ཕུགས་བསམ་དེ་གཏན་ནས་དོར་མྱོང་མེད་ཟེར།

རྡོ་རྗེ་སྒྲོལ་མས་དུས་རྒྱུན་པར་གཤམ་གྱི་སྐད་ཆ་འདི་དག་ཁ་ནང་དུ་བཟུང་བཟུང་ལ་བསྡད་ཡོད་དེ། མིག་སྔའི་འབྲོག་ཁུལ་གྱི་ཁྲོམ་རས་ཐོན་རྫས་ལ་ཚད་བཀག་ཐེབས་མི་རུང་བ་དང་། ཐོན་སྐྱེད་བྱེད་ཕྱོགས་དུས་ནམ་ཡང་གཅིག་པ་གཅིག་རྐྱང་དང་རྙིང་ཞན་ཅན་ཁོ་ན་སྤྱོད་མི་རུང་། ཐོན་རྫས་ཀྱི་ཁ་ཕྱོགས་ས་ཅིས་ཀྱང་གྲོང་ཁྱེར་ཆེན་མོའི་ཁྲོམ་ར་ཡིན་ན་འགྲིག  རྨ་ཆེན་ནོར་བུ་གངས་སྟོབས་ཚད་ཡོད་ཀུང་ཟིའི་ཚོང་གཉེར་བྱེད་ཕྱོགས་ལོ་རྒྱུས་སྟེང་ཆེས་དམའ་སར་ལྷུང་བའི་ལོ་གསུམ་བཞི་འདིའི་རིང་ལ། རྡོ་རྗེ་སྒྲོལ་མས་མགོ་ལོག་ཁུལ་མངའ་ཁོངས་ཀྱི་ཕྱུགས་ཐོན་དངོས་རྫས་ལས་སྣོན་ཁེ་ལས་གཅིག་ཀྱང་མི་བསྐྱུར་བར་དངོས་བཅར་རྒྱུས་ལོན་བྱས་པ་ལས་གཞན། ཁོ་མོ་ད་དུང་སྔ་ཕྱིར་ཟི་ལིང་དང་ལན་གྲུ ཁྲིན་ཏུའུ་སོགས་གྲོང་ཁྱེར་དུ་སོང་ནས། ཁྲོམ་ར་དང་འཛད་སྤྱོད་པའི་སྡེ་ཡི་དགའ་གུས་ཐོབ་པའི་ཐོན་རྫས་གང་མང་གི་ཐད་ནས་ཀྱང་རྒྱུས་ལོན་གསལ་ཐག་ཆོད་པ་བྱས། བུ་དབང་ཕྱུག་གིས་བཤད་རྒྱུར། ཨ་མས་དུས་རྒྱུན་ང་ལ་གནས་ཚུལ་དེ་དག་གི་སྐོར་ནས་སྐད་ཆ་མང་པོ་ལབ་མ་མྱོང་ནའང་། ངས་ཁོ་མོའི་མིག་ཟུང་ལས་ཐོན་ལས་ཀྱི་སྒོ་འཕར་ངང་གིས་འབྱེད་འདོད་ཀྱི་ཕུགས་བསམ་དེ་གཏན་ནས་དོར་མ་མྱོང་བ་མཐོང་ཐུབ་ཟེར། བུ་དབང་ཕྱུག་གི་སྣང་ངོར་མ་ཡུམ་རྡོ་རྗེ་སྒྲོལ་མ་ནི་རྨ་ཆེན་རྩྭ་ཐང་སྟེང་གི་རྩལ་སྟོབས་རྒྱས་པའི་གཡག་རྒོད་ཅིག་དང་འདྲ་བར། ལན་རེར་ཐེངས་ལ་འགྱེལ་ནའང་མུ་མཐུད་དུ་ཡར་ལངས་ཐུབ་མཁན་ཞིག་རེད།

རྡོ་རྗེ་སྒྲོལ་མ་འཚོ་ཞིང་གནས་སའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་རྐྱང་ཆད་སྡེ་བ་ནི། ཡུལ་ཅུང་མཐའ་འཁོབ་ཡིན་ལ། གནས་འདིའི་འབྲོག་དམངས་རྣམས་ཀྱིས་ལོ་ངོ་དུ་མའི་རིང་ལ་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་སྟངས་ཁོ་ན་སྤྱོད་ཀྱིན་ཡོད་ཅིང་། ལེགས་ཉེས་ཅི་བྱུང་གནམ་གྱི་ངོར་བལྟས་ནས་སྒོ་ཕྱུགས་འཚོ་བཞིན་ཡོད་པར་བརྟེན། གནས་འདིའི་ཐོན་སྐྱེད་ཕན་འབྲས་ཧ་ཅང་དམའ་ཞིང་དེ་བསྟུན་གྱི་ཡོང་འབབ་ཆེན་པོ་མེད་ལ་བརྟན་པོའང་ཡིན། གཅིག་དགུ་གྱ་ལྔ་ལོར་མགོ་ལོག་ཁུལ་མི་རིགས་དགེ་འོས་སློབ་གྲྭ་འགྲིམ་བཞིན་པའི་རྡོ་རྗེ་སྒྲོལ་མས་རང་གི་ཨ་ནེ་གློ་བུར་ཚེ་ལས་འདས་ཏེ་བྱིས་པར་གཉོར་སྐྱོང་བྱེད་མཁན་མེད་པ་ཤེས་རྗེས། ཤེས་བྱ་ཡོན་ཏན་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་བསྒྱུར་ཐུབ་པའི་སློབ་ཞུགས་ཀྱི་གོ་སྐབས་བློས་བཏང་སྟེ། ཕྱིར་རང་ཉིད་འཚར་ལོངས་བྱུང་སའི་རྩྭ་ཐང་དུ་ཡོང་ནས་རུ་བ་སྤོ་བའི་འཚོ་བ་རོལ་མགོ་བརྩམས།

རྡོ་རྗེ་སྒྲོལ་མས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་སློབ་གྲྭ་འགྲིམ་མཚམས་བཞག་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ནི་ཁྱིམ་ཚང་གི་དགོས་མཁོའི་ཆེད་དུ་ཡིན་པ་ལས། འཚོ་བ་རོལ་སྟངས་རྙིང་པ་དེའི་རྒྱུན་སྐྱོང་ཆེད་གཏན་ནས་མིན་ཟེར། དུས་ཡུན་ལོ་ངོ་ཉེར་བརྒྱད་རིང་གི་འབྲོག་ལས་གཉེར་བའི་འཚོ་བའི་ཁྲོད་དུ། རྡོ་རྗེ་སྒྲོལ་མ་ལྟ་བུར་མཚོན་ནས་བཤད་ན་མིག་མདུན་གྱི་གནས་སྟངས་ཀྱིས་མགུ་གཏན་ནས་བཀང་མྱོང་མེད། གཅིག་དགུ་གྱ་བདུན་ལོར། འདེམས་བསྐོ་བྱས་པ་བརྒྱུད། ཁོ་མོས་རྐྱང་ཆད་སྡེ་བའི་བུད་མེད་ཚན་ཆུང་གི་ཚན་གཙོའི་འགན་ཁུར། ལོ་ངོ་གཉིས་ཀྱི་རྗེས་སུ། ཁོ་མོའི་བྲང་ཁར་བཏགས་པའི་གུང་གཞོན་ཚོགས་པའི་ཚོགས་རྟགས་དེ་ཉིད་རིམ་གྱིས་ཏང་རྟགས་སུ་བསྒྱུར་ཏེ། ཁོ་མོ་སྡེ་བའི་ནང་གི་གཞི་རིམ་གྱི་བུད་མེད་ཏང་ཡོན་ཞིག་ཏུ་གྱུར། དེའི་རྗེས་ཀྱི་ལོ་ངོ་བཅུའི་རིང་ལ། རྡོ་རྗེ་སྒྲོལ་མ་སྔ་རྗེས་སུ་གྲོང་ཚོའི་བུད་མེད་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་རིན་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་ཁུར། 

སྡེ་མི་དཔའ་ཆེན་རྡོ་རྗེ་ཡིས་བཤད་རྒྱུར། ཁོ་མོས་སྔོན་ཆད་ནས་བཟུང་བྱེད་ཕྱོགས་བསྒྱུར་བ་ཡིན་ན་གཞི་ནས་ནོར་གནག་ལ་བརྟེན་ནས་ཁེ་ཕོགས་ཆེན་པོ་ལེན་ཐུབ་པར་ཐེ་ཚོམ་མེད་ནའང་། འུ་ཚོ་ད་དུང་བྱེད་ཕྱོགས་བསྒྱུར་དགོས་པའི་ཐད་ནས་ཡིད་ཆེས་ལ་མི་ཆེས་ལ་བྱས་ནས་དུས་ཡུན་རིང་བོ་འགྱངས་སོང་ཞེས་དུས་རྒྱུན་བཤད་མྱོང་། རྐྱང་ཆད་སྡེ་བའི་སྡེ་མི་ཚང་མས་གཞན་དོན་ཁུར་ཁྱེར་བྱེད་མཁན་གྱི་སྡེ་བའི་ལས་བྱེད་པ་རྡོ་རྗེ་སྒྲོལ་མར་གདེང་འཇོག་ཚད་མཐོན་པོ་མི་བྱེད་མཁན་ཧ་ལམ་མེད་པའི་ཚོད་ཡིན། རྡོ་རྗེ་སྒྲོལ་མས་སྔོན་ཆད་ནས་བཟུང་རང་ཁྱིམ་གྱི་སྒོ་ཕྱུགས་ཁྱིམ་ཚང་རང་རང་གིས་གཉེར་བའི་ངལ་རྩོལ་ཐོན་སྐྱེད་བྱེད་ཕྱོགས་གཏོར་ཏེ། གཅིག་གྱུར་སྒོས་དོ་དམ་བྱེད་པ་དང་ཚད་ལྡན་ཅན་གྱི་སྒོ་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་རྒྱུ་དང་། གཅིག་གྱུར་སྒོས་སྒོ་ཕྱུགས་བཙོང་བའི་བསམ་ཕྱོགས་དེར་སྡེ་བའི་ནང་གི་མི་གཅིག་གིས་ཀྱང་ཁས་ལེན་བྱས་མ་མྱོང་།

རྡོ་རྗེ་སྒྲོལ་མས་བཤད་རྒྱུར། སྐམས་ལུག་ཉོ་མཁན་གྱིས་ཁྱིམ་ཚང་རེ་རེའི་སྐམས་ལུག་ལ་བྱིན་པའི་རིན་གོང་རྦད་དེ་མི་འདྲ་ལ། ཁོས་ཅི་ནུས་ཀྱིས་ནོར་ལུག་གི་རིན་གོང་ཇེ་དམའ་རུ་གཏོང་གང་ཐུབ་བྱེད་པར་མ་ཟད། ནོར་ཉོས་རྗེས་ཀྱང་གཅིག་གྱུར་སྒོས་གཟན་རྩྭ་བྱིན་ཏེ་དུས་ཡུན་གང་འཚམ་ལ་གསོས་རྗེས་གཞི་ནས་བཙོང་གིན་ཡོད། བཤས་ར་ནས་ཤ་དང་པགས་པ་གཉིས་སོ་སོར་དགར་ཏེ་བཙོང་བཞིན་ཡོད་ལ། ནོར་ལུག་གི་ལུས་སྟེང་གི་གྲུབ་ཆར་གྱུར་བའི་ཤ་སོ་སོའི་རིན་གོང་ཡང་རྦད་དེ་ཁ་ཁ་སོ་སོ་ཡིན་པར་བརྟེན། འདི་ལྟར་ཕྱིར་འདང་རེ་བརྒྱབ་ན། ང་ཚོ་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་མཁན་གྱིས་ནོར་ལུག་བཙོང་རྗེས་ཁོ་ཐོབ་པ་ནི་སྡུག་མཐོང་བའི་རིན་དོད་ཁོ་ན་མ་གཏོགས་ཁེ་སྤོགས་སྐར་གང་ཡང་རེག་གིན་མེད་ཟེར། དངོས་གནས་བཤད་ན། རྡོ་རྗེ་སྒྲོལ་མས་སྲོལ་རྒྱུན་གྱི་ཕྱུགས་རིགས་གཉེར་སྟངས་ཁྲོད་གནས་པའི་མི་འདང་ས་དེ་མཐོང་རྗེས། གཞི་ནས་མིག་སྔའི་ཐོན་སྐྱེད་བྱེད་ཕྱོགས་བསྒྱུར་ཏེ། ཀུན་ལ་ཕན་ཞིང་ཀུན་དང་མི་མཐུན་པའི་བསམ་ཕྱོགས་དེ་ལག་བསྟར་བྱེད་མཁན་ཐོག་མ་དེ་མི་བཅའ་རང་བཅའ་རུ་གྱུར།

ཉིས་སྟོང་བཅུ་ལོར། རྡོ་རྗེ་སྒྲོལ་མས་ཕྱོགས་ཡར་མར་དང་གཉེན་ཉེ་གྲོགས་པོ་ཚོའི་ལག་ནས་སྒོར་མོ་བསྐྱིས་ཏེ་དཀའ་ལས་གང་མང་བརྒྱབ་མཐར། གཞི་ནས་རྨ་ཆེན་ནོར་བུ་གངས་སྟོབས་ཚད་ཡོད་ཀུང་ཟི་དངོས་སུ་བཙུགས་ཏེ་གཉེར་མགོ་བརྩམས། དེ་ལྟར་ཁོ་མོས་རང་ཁྱིམ་ནས་ནོར་གནག་གསོ་སྤེལ་ར་བ་གཉེར་ཏེ་དེའི་རྨང་གཞིའི་སྟེང་དུ་སྐམ་ཤའི་ལས་སྣོན་དཔེ་སྟོན་ས་ཚིགས་བསྣན་ནས་ཡོང་སྒོ་མངོན་སུམ་སྒོས་ཇེ་མང་དུ་འཕེལ་བ་ཚོར་རྗེས། གཞི་ནས་ཁོ་མོས་རང་གི་གཉེན་ཉེ་དུ་དང་གྲོགས་པོ་ཚོ་ཁོ་མོའི་ཀུང་ཟིའི་ཁྲོད་ཞུགས་སུ་བཅུག མི་ལོ་གསུམ་གྱི་དུས་ཡུན་སྤྱད་མཐར། གཞི་ནས་ཁོ་མོས་རང་ས་གནས་ཀྱི་འབྲོག་ཁྱིམ་ཉེར་གསུམ་ཀུང་ཟིའི་ནང་ཞུགས་སུ་བཅུག་སྟེ།  མཇུག་མཐར་ཀུང་ཟི་དང་འབྲོག་ཁྱིམ། ཐོན་རྫས། ཕྱིར་བཙོང་བཅས་ཀྱི་ཚོང་གཉེར་རྣམ་པ་གཏན་ཆགས་ཤིག་གྲུབ་པར་བྱས་ནས། ཐོན་ལས་དང་མཁོ་འདོན། ཕྱིར་བཙོང་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་ཐོན་ལས་ཀྱི་དཔལ་འབྱོར་ཕྲེང་འབྲེལ་ངང་གིས་གྲུབ།

ཀུང་ཟི་དངོས་སུ་བཙུགས་ཏེ་གཉེར་སྐྱོར་བྱེད་པའི་གོ་རིམ་ཁྲོད་དུ། རྡོ་རྗེ་སྒྲོལ་མར་མཚོན་ན་ཀུང་ཟི་དང་ཚོང་གཉེར་གྱི་སྐོར་ནས་བྱང་ཚད་དང་ཉམས་མྱོང་འདང་ངེས་མེད་པའི་དབང་གིས། ཁོ་མོས་དྲ་ཐོག་ནས་དེ་འབྲེལ་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ་དོ་དམ་རིག་པར་སློབ་སྦྱོང་བྱས་པ་དང་། དེ་མིན་ད་དུང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་བྱེད་ཕྱོགས་མི་ཤེས་པའི་དབང་གིས། ཁོ་མོ་སྔ་ཕྱིར་གསོ་སྤེལ་ལས་རིགས་དང་འབྲེལ་བའི་གསོ་སྦྱོང་ཐེངས་གང་མང་ལ་ཞུགས་ཏེ་ཉམས་མྱོང་གསོག་འཇོག་བྱས་པ་ལས་གཞན། ད་དུང་དེ་འབྲེལ་གྱི་དཔེ་ཆ་ཉོས་ཏེ་རང་སྦྱོང་བྱས་ནས་ནོར་གནག་གསོ་སྤེལ་གྱི་ལག་རྩལ་སྦྱངས་མཐར། གཞི་ནས་རྐྱང་ཆད་སྡེ་བའི་སྐབས་དེའི་གནས་སྟངས་དང་ཧ་ཅང་འཚམ་པའི་གཉེར་སྐྱོང་རྣམ་པ་ལེགས་པོ་ཞིག་འཚོལ་ཞིབ་བྱས་ཏེ་གསར་རྙེད་བྱུང་། ཉིས་སྟོང་བཅུ་གསུམ་ལོར། རྨ་ཆེན་ནོར་བུ་གངས་སྟོབས་ཚད་ཡོད་ཀུང་ཟིས་ཞོ་དང་ཆུར་བ། བོད་ལུགས་ཀྱི་ཞོར་ཟས། མངར་ཆ་སོགས་ཐོན་སྐྱེད་བྱས་ནས་ཚོང་རར་བཀྲམ་མ་ཐག་ཏུ་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ་པར་མ་ཟད། འདོན་སྤྲོད་བྱེད་མི་ཐུབ་པའི་ཚད་ལ་སླེབས། དེའི་རྗེས་ཀྱི་མི་ལོ་ལྔའི་དུས་ཡུན་ནང་དུ། ཀུང་ཟིས་ཁེ་ཕོགས་སྒོར་འབུམ་བཞི་བགོ་བཤའ་བརྒྱབ།

རྐྱང་ཆད་སྡེ་བའི་སྡེ་མི་ཆོས་འཕེལ་གྱིས་བཤད་རྒྱུར། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། སྐབས་ཐོག་དེའི་ཁོ་མོའི་བསམ་ཕྱོགས་དེ་འགྲིག་འདུག་ཟེར། སྡེ་མི་ཆོས་འཕེལ་ལྟ་བུར་མཚོན་ནས་བཤད་ན། ཀུང་ཟིའི་ཐོན་རྫས་ཕྱིར་བཙོང་ཁྲོད་ཁེ་སྤོགས་རེག་ཡོད་པར་མ་ཟད། ད་དུང་རྡོ་རྗེ་སྒྲོལ་མའི་སྐུལ་ཁྲིད་འོག   ཐོན་སྐྱེད་དང་འཚོ་བའི་འདུ་ཤེས་བསྒྱུར་ཏེ་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད། ཁོ་ཚང་གི་ནོར་གནག་ཚང་མ་ཀུང་ཟིའི་ནང་མ་རྐང་དུ་བཞག་སྟེ་གཅིག་གྱུར་སྒོས་གསོ་སྤེལ་དང་དོ་དམ་བྱས་རྗེས། ཁྱིམ་གྱི་བཅིངས་འགྲོལ་ཐོབ་པའི་ངལ་རྩོལ་ནུས་ཤུགས་ཀྱིས་རྩལ་ནུས་དང་ལས་ཞུགས་གསོ་སྦྱོང་བརྒྱུད་དེ་ཡང་བསྐྱར་ལས་ཞུགས་ཀྱི་གོ་སྐབས་ཐོབ་ཡོད་ཅིང་། ལོ་རེར་ཁེ་སྤོགས་སྒོར་ཁྲི་དྲུག་རྙེད་ཀྱིན་ཡོད། ཆོས་འཕེལ་གྱིས་བཤད་རྒྱུར། སྔོན་ཆད་ཀྱི་ཕྱུགས་ལས་གཉེར་སྟངས་ལྟར་བྱས་ན། ནོར་གནག་ཚང་མ་བཙོངས་ནའང་ད་ལྟའི་ཁེ་སྤོགས་འདི་འདྲ་ཞིག་རྙེད་དཀའ་ཟེར།  ཀུང་ཟི་གཉེར་སྐབས་ཀྱི་ཐོག་མའི་དུས་སུ་ཁྲོམ་ར་ཆེན་མོར་བསམ་བློ་མ་བཏང་བ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་ཆེན་པོ་མ་བྱས་པ། ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱིས་གྲོང་ཁྱེར་གྱི་འཛད་སྤྱོད་པའི་སྡེ་ལ་མ་དམིགས་པ་བཅས་ཀྱི་དབང་གིས། དེང་སྐབས་རྨ་ཆེན་ནོར་བུ་གངས་སྟོབས་ཚད་ཡོད་ཀུང་ཟི་ཅུང་དཀའ་ཁག་ལ་འཕྲད་ཡོད་མོད། དེའི་སྐོར་ནས་རྡོ་རྗེ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། ཁོ་མོས་ད་ལྟ་མ་དངུལ་བསྡུ་སྒྲིལ་བྱེད་སྒང་ཡིན་ལ། ཐོན་སྐྱེད་རྣམ་པ་གསར་པ་ཞིག་བཏོད་དེ་ཐོན་རྫས་གསར་པ་འགའ་ལ་ཞིབ་འཇུག་གསར་སྤེལ་བྱེད་རྩིས་ཡོད་ཟེར། དེང་མའི་ལས་སྐྲུན་དང་ཆ་འདྲ་བར། ཁོ་མོས་ཡང་བསྐྱར་རྐྱང་ཆད་སྡེ་བའི་སྡེ་དམངས་ཀྱི་སྣེ་ཁྲིད་དེ། ཐོན་ལས་ཀྱི་གནམ་སའི་ཧྲག་བར་གསར་པ་ཞིག་ཕྱེས་ནས། ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་འདོད་ཀྱི་ཧམ་སེམས་དེ་མེ་ལྕེ་བཞིན་མཆེད་ཀྱིན་འདུག

བན་དེ་སྐྱབས་ཀྱིས་བསྒྱུར།