ལྷུང་ལྷུང་དུ་འབབ་པའི་དྭངས་གཙང་གི་གཡུ་ཆུའི་འགྲམ་དུ་གནའ་བོའི་ཁྱད་ཆོས་མངོན་པར་གསལ་བའི་བོད་རིགས་སྲོལ་རྒྱུན་གྱི་སྡོད་ཁང་མང་པོ་ཕན་ཚུན་བསྣོལ་མར་ཆགས་ཡོད། ཉེ་སྔོན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཡུལ་ཚོ་རྒྱས་ར་སྡེ་བར་གནས་པའི་གཡུ་ཆུ་ཁ་རི་གྲོང་དུ་སོང་བ་ན་རང་བྱུང་གི་མཛེས་ཉམས་ཤིག་མིག་ལམ་དུ་མངོན་ཡོང་།
2010ལོའི་རྗེས་སུ། སྡེ་མི་སྐོར་ཞིག་ཡུས་ཧྲུའུ་གྲོང་ཁྱེར་དུ་གནས་སྤར་ནས་གཞིས་བཅོས་པ་དང་། ཡང་སྐོར་ཞིག་སྡེ་གསར་དུ་གནས་སྤར་བས། སྡེ་རྙིང་གི་སྡོད་ཁང་དག་བེད་མེད་དུ་བསྐྱུར། ད་ལྟའི་འགྲུལ་ཁང་འདི་དག་སྔོན་ཆད་ཀྱི་སྡོད་ཁང་རྙིང་པ་དེ་དག་བསྒྱུར་བཅོས་བྱས་ནས་ལས་པ་ཡིན་ཞེས་རི་གྲོང་གི་འགན་འཁུར་པ་ཚེ་རིང་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད།
ཚེ་རིང་སྒྲོལ་མས་རི་བོར་སྔས་ནས་ཆགས་ཡོད་པའི་བོད་ཁྱིམ་གྱི་ར་སྐོར་ཆུང་ཆུང་དེ་དག་ལ་ལྟ་ཞོར་དུ། ང་ཚོའི་ཕ་མེས་ཡང་མེས་ནས་ལྷིང་འཇགས་ཀྱི་རི་གྲོང་འདི་ནས་འཚོ་བ་རོལ་བ་ཡིན། 2019ལོར། ངས་གཞན་ཡུལ་དུ་ལོ་ངོ་མང་པོར་བརྩོན་པ་བྱས་རྗེས་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་རྒྱུའི་སེམས་ཐག་བཅད། འདི་འདྲའི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་འཛུགས་སྐྲུན་ཡོད་པས། ཐོན་ཁུངས་འདི་བེད་སྤྱོད་ལེགས་པོ་བྱས་ན། སྤྲོ་གསེང་ཉམས་ལེན་གྱི་གནས་མཆོག་ལེགས་པོ་ཞིག་ཏུ་བསྐྲུན་ཐུབ་པར་སྙམ་ཞེས་བཤད།
གནམ་གཤིས་འཁྱགས་རུང་ཡུལ་སྐོར་པ་རྣམས་ཀྱི་སྤྲོ་བ་ཅུང་ཙམ་ཡང་ཉམས་མེད། རང་ཡུལ་གྱི་ཡུལ་སྐོར་པ་དང་གཞན་ཡུལ་གྱི་ཡུལ་སྐོར་པ་རྣམས་ཀྱིས་གནས་འདིའི་སྙན་གྲགས་ཐོས་ཏེ་ལམ་ཐག་རིང་པོར་མ་འཛེམས་པར་འདིར་ཡོང་དོན་ནི་རི་གྲོང་གི་རང་བྱུང་མཛེས་ལྗོངས་ལ་ཉམས་ལེན་དང་ལྟད་མོ་བལྟ་ཆེད་རེད།
ཡུལ་སྐོར་པ་ཚོས། རྡོ་བརྩིགས་ཀྱི་བོད་ལུགས་སྤེའུ་ལྕོག་འདི་ལྟ་བུ་གཞན་ཡུལ་དུ་མཐོང་དཀའ་ལ། དེ་མཐའ་སྐོར་གྱི་རི་ཚོགས་དང་གཅིག་ཏུ་འདྲེས་ཤིང་། རང་བྱུང་ཁམས་ཀྱིས་ཞིབ་ཏུ་བཟོས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་དང་འདྲ། རི་གྲོང་གི་རྡོ་གཅལ་བཏང་བའི་རི་ལམ་ཕྲ་མོ་དེ་བརྒྱུད་ནས་དལ་གྱིས་སོང་ན། ཕྱོགས་བཞིའི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཀྱི་བཀོད་པར་ལྟད་མོར་ལྟ་ཆོག་ལ། རང་བྱུང་ཁམས་ཀྱི་ངོ་མཚར་གྱི་མཛེས་པ་ལའང་རོལ་མྱོང་བྱས་ཆོག ཡུལ་འདིའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་རྔམས་མཐུག་པའི་རིག་གནས་ཀྱིས་ང་ཚོའི་ཡིད་དབང་འཕྲོག་བྱུང་ཞེས་བསྟོད་བསྔགས་བྱེད་ཀྱིན་ཡོད།
ཚེ་རིང་སྒྲོལ་མའི་མིག་ལམ་གྱི་ཕ་ཡུལ་རྒྱས་རའི་སྔོ་ལྗང་གི་རི་ཆུ་ཧ་ཅང་མཛེས་པ་དང་། ཁོ་མོའི་འདུན་མ་ནི་ཕ་ཡུལ་གྱི་སྔོ་ལྗང་རི་ཆུ་བསྲུངས་ནས་རྒྱས་ར་སྡེ་བར་གཏོགས་པའི་གསེར་རི་དངུལ་རི་བསྐྲུན་རྒྱུ་དེ་རེད། ཁོ་མོས། རི་གྲོང་དུ་སླེབས་པའི་ཡུལ་སྐོར་པ་རྣམས་རང་བྱུང་ཁམས་ཀྱི་པང་དུ་ལོག་ནས་གདོད་མའི་སྐྱེ་ཁམས་རོལ་མྱོང་བྱེད་དུ་འཇུག་རྒྱུ་ནི་ངའི་དམིགས་འབེན་ཡིན་པ་དང་། སྡེ་མི་རྣམས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་ནི་ངའི་ནམ་ཡང་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་ཡིན། ལོ་འདི་གར་རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ནས་འཐུས་ཚང་དུ་བཏང་བ་དང་ཚོང་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་པས། ཡུལ་སྐོར་དུས་གཞུང་དུ་འགྲུལ་ཁང་དུ་འགྲུལ་བས་ཁེངས་ཤིང་མཚམས་ལན་རེར་གཟའ་འཁོར་གཅིག་གི་སྔོན་དུ་མངག་ཉོ་བྱེད་དགོས་པའི་དུས་ཀྱང་ཡོད་ཟེར།
རི་གྲོང་གི་འཕེལ་རྒྱས་ཐད་ཚེ་རིང་སྒྲོལ་མར་ཡིད་ཆེས་ཀྱིས་བརྟས་ཡོད། མོས་རྟོག་ཞིབ་ཏུ་ཡོང་བའི་ཡུལ་སྐོར་ཁང་མང་པོ་ཞིག་སྣེ་ལེན་བྱས་པར་མ་ཟད། དེ་དག་དང་མཉམ་ལས་ཀྱི་གྲོས་མཐུན་བཀོད་དེ། འགྲུལ་ཁང་དང་ཟས་སྲེག་ས། སྒར་ས། ལྟད་མོ་ལྟ་ས། འཁྲབ་སྟོན་བྱེད་ས་སོགས་ཀྱི་རྨང་གཞིའི་སྟེང་། རི་གྲོང་གིས་ད་རུང་སྐྱེ་ཁམས་འདེབས་འཛུགས་དང་ཕྱུགས་ལས་རིག་གནས་བཤམས་སྟོན། སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་བཤམས་སྟོན་དང་རྒྱུན་འཛིན་བྱེད་ས་སོགས་ལས་རྩིས་ཡོད། དེ་དག་ལས་ཡུལ་སྐོར་པ་རྣམས་ཀྱིས་ལྟ་ན་སྡུག་པའི་རི་ཆུའི་མཛེས་ལྗོངས་ལ་ལྟད་མོར་བལྟ་ཐུབ་པར་མ་ཟད། བོད་རིགས་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཀྱང་རོལ་མྱོང་བྱེད་ཐུབ།
རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་ཨ་ཁྲོའི་བོད་གྲིའི་ལག་རྩལ་ལ་བརྟེན་ནས། རི་གྲོང་གིས་སྡེ་བ་དེ་དང་ཉེ་འགྲམ་སྡེ་བའི་རྒྱུན་འཛིན་པ་དང་བཟོ་བ་གཅིག་ཏུ་བསྡུས་ནས་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་བཤམས་སྟོན་བྱེད་པ་དང་ལག་རྩལ་ངོམ་དུ་འཇུག་པ་དང་། དངུལ་དང་ཟངས་ཀྱི་འཚོ་བའི་ཅ་ལག་བཟོ་རུ་འཇུག་བཞིན་ཡོད། དུས་མཚུངས་སུ། རི་གྲོང་གིས་སྡེ་བའི་ནང་གི་ལག་ཤེས་སྐྱེས་མ་དང་རྒན་པ་རྣམས་བསྡུས་ནས་ལུག་པགས་དང་རྡོ་སོགས་ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་བཞིན་ཡོད་ལ། ཡུལ་སྐོར་པ་དག་ལག་གདུ་དང་རྩིད་པའི་ལས་པའི་སྒོ་ཡོལ་སོགས་མི་རིགས་ཀྱི་གྲུབ་ཆ་འདུས་པའི་ལག་ཤེས་ཐོན་རྫས་ཉོ་བར་ཧ་ཅང་དགའ།
ཡུལ་སྐོར་པ་ཞིག་གིས། གནས་འདི་རུ། ང་ཚོས་གྲོང་ཁྱེར་གྱི་འུར་སྒྲ་དང་འཚུབ་ཆ་རྒྱབ་ཏུ་བསྐྱུར་ནས་ཐོབ་དཀའ་བའི་སྤྲོ་གསེང་གི་བདེ་སྐྱིད་ཅིག་ལོངས་སུ་སྤྱད་ཆོག ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ལ་ལྟད་མོར་ལྟ་ཆོག་པར་མ་ཟད། ད་རུང་ཕུན་སུམ་ཚོགས་པའི་མཐོ་སྒང་གི་གྲོང་གསེབ་ཀྱི་འཚོ་བ་རོལ་མྱོང་བྱས་ཆོག དཔེར་ན། འབྲོག་པ་ཚོ་དང་མཉམ་དུ་ཨོང་བ་འཐུ་ཞོར་དུ་ཡུལ་འདིའི་ཐུན་མོང་མ་ཡིན་པའི་འཁོར་རྒྱུག་བེད་སྤྱོད་བྱེད་སྟངས་ལ་རྒྱུས་ལོན་བྱས་ཆོག་པ་དང་། སྡེ་བའི་བཟོ་བའི་གམ་དུ་ཨ་ཁྲོ་བོད་གྲིའི་བཟོ་རྩལ་སྦྱངས་ནས་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཀྱི་འགུག་ཤུགས་ལ་རོལ་མྱོང་ཡང་བྱས་ཆོག་ལ། ཡང་ན་འབྲོག་མོ་རྣམས་ཀྱི་མཛུབ་སྟོན་འོག ཁལ་དང་བལ་གྱི་གདུ་བུ་འཐག་ཞོར་དུ་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་པའི་སྤྲོ་བའང་མྱངས་ཆོག འཚོ་བ་རོལ་སྟངས་འདི་ལས་ངས་གྲོང་གསེབ་ཀྱི་ལྷིང་འཇགས་ཚོར་བས་ད་ཐེངས་འདིར་སླེབས་པར་དོན་སྙིང་ཆེན་པོ་འདུག་བསམ་ཡོད་ཅེས་བཤད།
འགྲུལ་ཁང་དུ་གཙང་སྦྲ་བྱེད་བཞིན་པའི་དཔལ་མོ་ནི་རི་གྲོང་གི་ལས་བཟོ་པ་ཞིག་རེད། ཁོ་མོ་ནི་རི་གྲོང་གི་སྒོ་མ་ཕྱེ་གོང་ནས་འདིར་ལས་ཚོགས་སུ་ཞུགས། ད་ལྟའི་བར་ལོ་ངོ་གསུམ་ཙམ་འགོར་ཡོད། ཁོ་མོས་རི་གྲོང་གི་འགན་འཁུར་པས་བཤད་ན་ལས་ཀར་ཞུགས་ནས་ལོ་གསུམ་འགོར་ན་འདིའི་ནང་དུ་མ་རྐང་བཞག་ཆོག་ཟེར། ལོ་མཇུག་ཏུ་ང་ལ་ཁེ་སྤོགས་ཐོབ་རྒྱུ་ཡོད། ལོ་རེའི་དབྱར་ཁ་ནི་རི་གྲོང་གི་ཆེས་བྲེལ་འཚུབ་ཆེ་བའི་སྐབས་ཡིན་པ་དང་། ད་ལྟ་དབྱར་ཁ་སླེབས་ལ་ཉེ་བས། ང་ཚོས་རྒྱང་རིང་གི་ཡུལ་སྐོར་པ་རྣམས་བསུ་བར་གྲ་སྒྲིག་ལེགས་པོ་བྱས་ཡོད་ཟེར།
ཚེ་རིང་སྒྲོལ་མས་བཤད་རྒྱུར། ན་ནིང་གི་ཟླ་བཅུ་པར། རི་གྲོང་ལ་རྒྱལ་ཁབ་ཕྱི་ནང་གི་དྲ་དཔོན་མང་པོ་ཞིག་གིས་དོ་སྣང་བྱས་སོང་། ཁོ་ཚོ་ཆེད་དུ་འདིར་ཡོང་སྟེ་རང་བྱུང་མཛེས་ལྗོངས་ལ་ལྟད་མོར་བལྟ་བ་དང་མཐོ་སྒང་ཕྱུགས་ལས་རིག་གནས་ལ་རོལ་མྱོང་བྱས་པར་མ་ཟད། ཁོ་ཚོས་བརྙན་མིག་དང་ཡི་གེའི་ལམ་ནས་ཡུལ་འདིའི་མཛེས་པ་ཡོད་ཚད་འཛམ་གླིང་གི་ས་ཆ་སོ་སོར་བརྒྱུད་སྒྲོག་བྱས། ཡུས་ཧྲུའུ་ལ་དོ་སྣང་བྱེད་མཁན་དང་ཡིད་སྨོན་འཆོར་མཁན་ཇེ་མང་ནས་ཇེ་མང་རེད། དེས་ཡུས་ཧྲུའུ་ཡི་སྙན་གྲགས་དང་ཤུགས་རྐྱེན་མཐོར་འདེགས་བཏང་བར་མ་ཟད་རྒྱས་ར་སྡེ་བའི་གྲོང་གསེབ་ཡུལ་སྐོར་ལ་འཚོ་སྟོབས་གསར་པ་བསྩལ། མ་འོངས་པ་ན་ང་ཚོས་ཕ་ཡུལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་འདི་སྔར་བས་ལེགས་པོར་བསྲུངས་ཏེ། ཡུལ་སྐོར་པ་སྔར་བས་མང་པོ་གཡུ་ཆུ་ཁ་རུ་ལྷན་འཛོམས་འབྱུང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཟེར།
རིན་ཆེན་མཚོས་རྩོམ་སྒྲིག་བྱས།