ངལ་རྩོལ་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་སྒྱུར།
2025.05.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

    ——རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་བྲག་དཀར་སྡེ་བའི་འབྲོག་མོ་པད་མ་མཁའ་འགྲོའི་གནས་ཚུལ་བཀོད་པ།

པད་མ་མཁའ་འགྲོས་ཞོ་དང་ཤ་མོ་སེར་པོ་སོགས་ཁྱད་ལྡན་ཐོན་ལས་གྲལ་འགྲིག་པོར་འཇོག་བཞིན་པའི་རྣམ་པ།

དབྱར་མགོ་མའི་རྩེ་ཁོག་རྩྭ་ཐང་དུ། བསིལ་རླུང་འཇམ་པོས་སྔོ་ལྗང་གི་རྩྭ་ལོར་བྱིལ་བྱིལ་བྱེད་པ་དང་། གང་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་རྒྱས་འདུག ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་གྲོང་རྡལ་བྲག་དཀར་སྡེ་བའི་འབྲོག་མོ་པད་མ་མཁའ་འགྲོས་སྔོ་ཚལ་དྲོད་ཁང་དང་ཕྱུགས་ལྷས་སུ་ལས་ལ་བྲེལ་བཞིན་འདུག ཁོ་མོས་སྐབས་རེར་སྐེད་པ་སྒུར་ནས་སྔོ་ཚལ་གྱི་ལོ་འདབ་སྟེང་འབུ་སྲིན་ཡོད་མེད་ལ་ལྟ་བ་དང་། ལན་རེར་ཕྱིར་རྟིང་ཡར་བཀྱགས་ནས་ནོར་གནག་གི་ཁ་གྲངས་བརྩི་བཞིན་མཆིས་ལ། ཁོ་མོའི་དམར་སྨུག་གི་གདོང་ལ་ཉི་འོད་འཕྲོས་པས། རྔུལ་ཆུ་ཐིགས་པ་རེ་རེ་མཁུར་མགོ་ནས་དལ་གྱིས་བཞུར་གྱིན་མཆིས།

རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་ལྗིད་ཏིག་ཏིག་གི་མཚན་སྙན་དེའི་སྐོར་གླེང་སྐབས། པད་མ་མཁའ་འགྲོའི་མིག་ཟུང་ལ་མཆི་མ་འཁོར་ཞིང་གདོང་ལ་འཛུམ་གྱིས་ཁེངས་ཞོར། མཚན་སྙན་འདི་ང་གཅིག་པུར་དབང་བ་མ་ཡིན་པར། ང་རང་སྐྱེ་སའི་གནས་འདི་ཡིས་ལས་ལ་བརྩོན་དགོས་པ་ཤེས་སུ་བཅུག་པ་དང་། ཡུལ་མི་ཚོའི་ཡིད་ཆེས་ཀྱིས་ང་ལ་རྒྱུན་འཁྱོངས་བྱེད་པའི་སྤོབས་པ་བསྩལ་བས་རེད་ཟེར།

2005ལོ་ནས2008ལོའི་བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་བསྟུན། པད་མ་མཁའ་འགྲོ་ཚང་གིས་སྔ་མོ་ནས་སྲིད་ཇུས་དང་ལེན་བྱས་ཏེ། རྩྭ་སར་བསྟུན་ནས་རུ་སྤོར་བའི་འབྲོག་པའི་འཚོ་བར་ཡུན་གྱིས་གྱེས་པ་དང་།  སྲིད་གཞུང་གིས་གནས་སྤོར་འབྲོག་པར་གཅིག་གྱུར་གྱིས་གྱོ་མོག་གི་ཁང་བ་འཆར་འགོད་འཛུགས་སྐྲུན་བྱས་པ་དང་། ཁོ་ཚོ་གནས་སྤོའི་སྦྲ་གུར་ནས་སྡོད་ཁང་གསར་བར་སྤོར་དུ་བཅུག དེར་བརྟེན། ཐོན་སྐྱེད་འཚོ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་འབྲོག་པ་ཚོའི་མདུན་དུ་ལྷགས་པའི་དཀའ་གནད་གསར་བ་ཞིག་ཏུ་གྱུར།

གནས་སྤོར་སྔོན་གྱི་དཀའ་གནད་སྐོར་གླེང་སྐབས། པད་མ་མཁའ་འགྲོའི་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་ཞོར་བཤད་རྒྱུར།  སྔོན་ཆད་ཡོང་སྒོ་མང་པོ་ལེན་པའི་ཆེད་དུ། ཚང་མས་ནོར་ལུག་གསོ་སྤེལ་གྱི་གཞི་ཁྱོན་ཇེ་ཆེར་བཏང་བས། ནོར་ལུག་གི་ཁ་གྲངས་རྩྭ་སའི་ཐེག་ཚད་ལས་རིང་དུ་བརྒལ། མཇུག་མཐར་རྩྭ་ས་བྱེ་འགྱུར་གྱི་ཚབས་ཇེ་ཆེར་གྱུར་ནས། ནོར་ལུག་ལ་རྩྭ་ཟ་རྒྱུ་མེད་པར་གྱུར་བ་དང་། སྤུས་ཀ་ཡང་ཇེ་ཞན་དུ་གྱུར་བར་བརྟེན། ཡོང་འབབ་སྔར་ལས་ཇེ་ཉུང་དུ་གྱུར། ཡིན་ན་ཡང་། གནས་བབ་དེ་འདྲར་འཕྲད་རུང་འཚོ་བ་རོལ་དགོས་པས། མི་འདོད་བཞིན་དུ་ནོར་ལུག་གསོ་སྤེལ་བྱས་པ་དང་། མཐའ་མཇུག་འཚོ་བ་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཞིང་། སྐྱེ་ཁམས་ལ་གཏོར་བརླག་ཐེབས་ཚད་ཇེ་ཆེར་གྱུར།

ཕྱུགས་ཟོག་གི་ཁ་གྲངས་ཇེ་ཉུང་དུ་བཏང་ནས་རྩྭ་ས་སྐོར་ཞིག་བཀག་སྡོམ་བྱེད་པའི་སྲིད་ཇུས་ཀྱི་འབོད་སྐུལ་སྒྲོག་དུས། གུང་ཁྲན་ཏང་ཡོན་པད་མ་མཁའ་འགྲོས་ཐེ་ཚོམ་ཅི་ཡང་མེད་པར་ཚང་མའི་སྣེ་ཁྲིད་དེ་གསོ་སྤེལ་གྱི་གཞི་ཁྱོན་ཇེ་ཆུང་དུ་བཏང་བ་དང་། སྒེར་གྱི་སྤྱི་ཆིང་ཉེར་བདུན་ཡོད་པའི་རྩྭ་སར་ཕྱུགས་འཚོ་བའི་འགན་ཁུར་ཇེ་ཡང་དུ་བཏང་།

ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་ཡོང་འབབ་ཇེ་དམའ་རུ་སོང་བར་ཁ་སྣོན་བྱེད་ཆེད། པད་མ་མཁའ་འགྲོས་དཀའ་སྤྱད་དངོས་གཉེར་བྱས་པ་དང་། སྡེ་བའི་ནང་གི་ནོར་ལུག་ལ་གཟན་རྩྭ་བྱིན་ནས་གསོ་སྤེལ་བྱེད་པའི་ལས་གཞིར་བརྟེན་ཞིང་། གནས་སྤོར་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་ཡིན་ལ་གཟན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རང་བྱུང་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་གནམ་གཤིས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་སྲོལ་རྒྱུན་གྱི་རྣམ་པ་དོར་བ་དང་། འཕེལ་རྒྱས་ཀྱི་གཙོ་གནད་དེ་ནོར་ལུག་གསོ་ཚགས་ཐོན་ལས་སུ་ཁ་ཕྱོགས་པ་རེད།

རྒྱུན་དུ་ནམ་མ་ལངས་གོང་། ཁོ་མོས་ལྷས་ར་རུ་བཅུད་ལྡན་གཟན་རྩྭ་སྡེབ་སྒྲིག་བྱེད་ཀྱིན་ཡོད་ལ། ནམ་གུང་སྔར་བཞིན་གློག་སྒྲོན་བཀར་ནས་ཕྱུགས་ཟོག་སྐྱེ་འཕེལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་ཡོད། ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་ཐབས་དང་ཞིབ་ཕྲ་ཅན་གྱི་དོ་དམ་རྣམ་པར་བརྟེན་ནས། 2022ལོའི་དགུན་ཁར། ཁོ་མོས་སེམས་ཞིབ་མོས་གསོ་ཚགས་བྱས་པའི་ལུག་ལྔ་བཅུ་གསོ་ཁ་ནས་བུད་པ་དང་། ཁེ་སྤོགས་རྐྱང་བ་སྒོར་ཁྲི་དྲུག་ཡས་མས་ཐོབ་ལ། སྐྱེ་ཁམས་ཁོར་ཡུག་དང་འབབ་འཕར་ཕྱུག་འགྱུར་མཉམ་རྒྱལ་གྱི་ལམ་བུ་གསར་བ་ཞིག་བཏོད་པ་རེད།

ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་ཆེད། པད་མ་མཁའ་འགྲོས་ཞིང་ཆེན་ནགས་ཞིང་ཚན་རིག་གླིང་གི་ལག་རྩལ་བ་གཞི་རིམ་དུ་ཡོང་ནས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ཁྲིད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ཞིང་འགྲམ་དུ་བསྡད་ནས་ནན་གྱིས་སློབ་ཁྲིད་ལ་ཉན་པ་དང་། ཟིན་བྲིས་འབྲི་དེབ་ཏུ་སུར་པན་དང་ཆེ་ཙི་འདེབས་འཛུགས་ཀྱི་ཐབས་ལམ་སོགས་གཙོ་གནད་དག་དག་བྲིས་ཡོད་ལ། མི་ཤེས་པའི་གནད་དོན་ལ་འཕྲད་སྐབས་སུ་ལག་རྩལ་བར་དྲིས་པས། ཚན་རིག་གི་འདེབས་འཛུགས་བྱེད་ཐབས་མྱུར་མོར་རྟོགས་པར་གྱུར།

ཁོ་མོས་དགོད་ཞོར་དུ་དྲོད་ཁང་གི་སྒོ་ཡོལ་འཐེན་ནས་ང་རྒྱལ་གྱིས་བཤད་རྒྱུར། ངའི་དྲོད་ཁང་ནང་ལ་ཅིག་ལྟོས། སྒེར་གྱི་ཁྱིམ་ཚང་གིས་ཟ་བཞིན་ཡོད་པར་མ་ཟད། ད་དུང་བཙོངས་ན་ལོ་རེར་ཡོང་སྒོ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་ལེན་ཐུབ་ཟེར།

སྔོ་ཚལ་འདེབས་འཛུགས་ཐད་ཡོང་འབབ་ངེས་ཅན་བླངས་རྗེས། པད་མ་མཁའ་འགྲོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་གོམ་མཚམས་མ་བཞག ཁོ་མོས་འབྲོག་སར་བརྟེན་ནས་སྤུས་ལེགས་ནོར་གནག་གསོ་སྤེལ་བྱས།  2024ལོར། སྤུས་ལེགས་ནོར་གནག་སུམ་ཅུ་སོ་ཁ་ནས་བུད་པ་དང་། ཁེ་སྤོགས་སྒོར་འབུམ་གཉིས་དང་ཁྲི་གསུམ་ཐོབ། སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ནས་འདེབས་འཛུགས་དང་གསོ་སྤེལ་མཉམ་འདྲེས་འཕེལ་རྒྱས་བར། ཁོ་མོས་ངལ་རྩོལ་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་སྒྱུར།

པད་མ་མཁའ་འགྲོས་མི་གཅིག་ཕྱུག་པོར་ཆགས་ན་ཕྱུག་པོ་མ་ཡིན་པར། ཚང་མ་ཕྱུག་པོར་ཆགས་ན་ད་གཟོད་ཕྱུག་འགྱུར་ཡིན་པ་གསལ་བོར་རྟོགས་ཡོད།

“དགོང་མོ་ཁོམ་ནས་མ་འདུག ངེད་ཚང་ལ་ལག་རྩལ་སློབ་ཏུ་ཤོག” ནམ་རྒྱུན་ས་རུབ་ལ་ཉེ་དུས། པད་མ་མཁའ་འགྲོ་ཚང་གི་ལྷས་རར་གློག་འོད་ཀྱིས་ཁེངས་ཡོད། ཁོ་མོས་ལག་རྩལ་ལག་དེབ་ཉོས་ནས་བུད་མེད་ཀྱི་སློབ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱས་ཤིང་། ཡུལ་མི་ཚོར་མྱུག་གསོ་དང་འདེབས་འཛུགས་སོགས་ཀྱི་ཤེས་བྱ་ཁྲིད་ཀྱིན་ཡོད། དབུལ་ཐར་ཁྱིམ་ཚང་ཞིག་གི་ཁྱིམ་མི་བསོད་ནམས་མཚོས་རང་གིས་ཐེངས་དང་པོར་བཙུགས་པའི་ཧོང་ཀྭའི་མྱུ་གུ་རྙིད་པའི་སྐབས་སུ། པད་མ་མཁའ་འགྲོ་དུས་ཚོད་གསུམ་རིང་ཞིང་ཁར་བསྡད་དེ་ཞིབ་ལྟ་བྱས་པ་ཡིད་ལ་གསལ་བོར་དྲན་གྱིན་ཡོད་ལ། ད་རུང་ཁོ་མོས་བཤད་རྒྱུར། པད་མ་མཁའ་འགྲོས་འདེབས་འཛུགས་བྱས་པའི་སྔོ་ཚལ་གྱི་མྱུ་གུ་ང་ལ་བགོས་ནས་བྱིན་པར་མ་ཟད། ད་དུང་ཆུ་ལྡུག་པ་དང་ལུད་འཇོག་པ་སོགས་ཀྱི་ལས་རིམ་ཧྲིལ་བོར་མཛུབ་སྟོན་བྱས་ཏེ། སེམས་ཁུར་ཆེན་པོ་བྱས་པས། ངོ་མ་རང་གི་ཨ་ཅེ་དང་གཅིག་འདྲ་རེད་ཟེར།

པད་མ་མཁའ་འགྲོས་འབད་བརྩོན་ལྷོད་མེད་དང་དཔེ་སྟོན་སྣེ་ཁྲིད་བྱས་པར་བརྟེན། སྡེ་མི་ཡོངས་ཀྱི་འཕེལ་རྒྱས་ཀྱི་ལྟ་བར་རིམ་གྱིས་འགྱུར་ལྡོག་བྱུང་། ད་སྐབས། སྡེ་བའི་མང་ཚོགས་རྣམས་ཀྱིས་རྩ་བའི་ཆ་ནས་སྔོ་ཚལ་འདེབས་འཛུགས་ལག་རྩལ་དང་སྤུས་ལེགས་ནོར་གནག་གསོ་སྤེལ་གྱི་བྱེད་ཐབས་རྒྱུས་ལོན་བྱས་ཡོད་པས། ཡོང་འབབ་འཕར་བའི་བགྲོད་ལམ་ཇེ་ཡངས་སུ་གྱུར་བ་དང་། འཚོ་བ་ཉིན་རེར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

གཟེངས་བསྟོད་ཚོགས་འདུའི་སྟེང་གི་ཤེས་བྱའི་རྣམ་པ་དང་ལག་རྩལ་གྱི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་བའི་ཚོགས་པ་འཛུགས་དགོས་ཞེས་པའི་སྐད་ཆ་དེས་པད་མ་མཁའ་འགྲོར་ཕྱུག་འགྱུར་གྱི་ལམ་ཕྱོགས་གསར་བ་ཞིག་བསྟན་ཡོད། དེའི་ཕྱི་ཉིན། པད་མ་མཁའ་འགྲོས་རྫོང་གི་ཟབ་སྦྱོང་བརྡ་ཐོ་ལྟར་རྡོ་བརྐོས་འཛིན་གྲྭ་དང་གཡོས་སྦྱོར་འཛིན་གྲྭར་མིང་ཐོ་འགོད་བཞིན་བཤད་རྒྱུར། ལག་རྩལ་མང་པོ་སྦྱངས་ནས་ཚང་མའི་སྣེ་ཁྲིད་དེ་ལམ་བུ་གསར་བར་བསྐྱོད་རྒྱུ་ཡིན་ཟེར།

པད་མ་མཁའ་འགྲོས་བྱ་སྤྱོད་དངོས་ལ་བརྟེན་ནས་ངལ་རྩོལ་གྱི་དོན་སྙིང་ལ་འགྲེལ་བཤད་བྱས་པ་སྟེ། ངལ་རྩོལ་ནི་དཀའ་ལས་རྒྱག་རྒྱུ་ཁོ་ན་མ་ཡིན་པར། ཏང་གི་རྗེས་སུ་འབྲངས་པ་དང་། ཚན་རིག་གི་བྱེད་ཐབས་ལ་བརྟེན་རྒྱུ་དེ་རེད། རྩྭ་ཐང་ནས་འཚར་ལོངས་བྱུང་བའི་ངལ་རྩོལ་དཔེ་ལེགས་ཅན་གྱི་བུད་མེད་འདི་ཉིད་མཐོ་སྒང་གི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར། དུས་རབས་ཀྱི་དཔྱིད་རླུང་དང་བསྡོངས་ནས། རང་ཉིད་ཀྱི་མཛེས་སྡུག་ངོམ་བཞིན་འདུག

ལྷ་མོ་འཚོས་བསྒྱུར།